མཁས་དབང་དགེ་འདུན་ཆོས་འཕེལ་འཁྲུངས་གཞིས་ཀྱི་དངོས་རིགས་
འདུ་ཁང་གི་སྒོ་ཕྱེ་བ།
རེ་རྐང་གླིང་།

རང་རེའི་ལྗོངས་སུ་དུས་རབས་ཉི་ཤུ་པའི་ནང་བྱོན་པའི་པཎྟི་ཏ་དང་འཇིག་རྟེན་མིག་འབྱེད་ཆེན་པོ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་མཛད་རྗེས་གཟུར་གནས་བློ་ལྡན་ཀུན་གྱི་སེམས་སུ་མ་བརྗེད་པར་ལྷམ་མེར་གསལ་བཞིན་པ་འདི་ཉིད། རང་རིགས་ཕྱི་རབས་ཀྱི་སྐྱེ་བོ་ཀུན་ལ་ངོ་སྤྲོད་ཞུ་བ་དང་། བརྗོད་ཀྱིས་མི་ལང་བའི་སྐུ་དྲིན་དྲན་གསོ་ཞུ་བའི་ཆེད་དུ་ཉེ་བའི་ལོ་འགའི་རིང་ས་གནས་སྲིད་གཞུང་དང་སྦྱིན་བདག་མང་པོའི་རྒྱབ་སྐྱོར་འོག རྨ་ལྷོ་ཁུལ་དགེ་འདུན་ཆོས་འཕེལ་སྤྱི་ཚོགས་འཕེལ་རྒྱས་ལྷན་ཚོགས་ཀྱིས་ཆེད་མཁས་མང་པོ་ཐེངས་མང་གདན་འདྲེན་ཞུས་ནས་མཁས་དབང་དམ་པ་གང་གི་འཁྲུངས་གཞིས་ལ་ཉམས་གསོ་ཐེངས་འགར་བྱས་ཏེ་ད་ལྟའི་ངོ་མཚར་དངོས་རིགས་འདུ་ཁང(འཁྲུངས་གཞིས་དྲན་གསོ་ཁང) འདི་བསྐྲུན་པ་ཡིན།

དགེ་ཆོས་འཁྲུངས་གཞིས་ཀྱི་དངོས་རིགས་འདུ་ཁང་གི་དཔེ་རིས།
ངོ་མཚར་དངོས་རིགས་འདུ་ཁང་འདི་གཙོ་བོ་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་མ་ཁང་རྙིང་བ་དང་། དགེ་ཆོས་ཀྱི་རིག་དངོས་འགྲེམས་ཁང་། མཆོད་ཁང་། ཐོན་སྐྱེད་རིག་དངོས་འགྲེམས་ཁང་། སྣེ་ལེན་ཁང་བཅས་ཀྱིས་གྲུབ་ཡོད་ལ། ད་སྔ་དམ་པ་མཆོག་གི་ཕྱག་བྲིས་དང་རི་མོ། གསུང་རྩོམ་སོགས་གཙོས་རིག་དངོས་བརྒྱ་དང་སུམ་ཅུ་ལྷག་ཡོད་འགྲེམས་སྟོན་བྱས་ཡོད་པ་རེད།