བྱམས་བརྩེ་ཐེབས་རྩ་ཚོགས་པས་འགྲེམས་སྟོན་འདུ་ཚོགས་
པེ་ཅིན་ནས་བསྡུས་པ།

བྱམས་བརྩེ་ཐེབས་རྩ་ཚོགས་པའི་འབྲེལ་ཡོད་ཀྱི་ལས་གཉེར་བ་དག
2011.12.3 ཉིན་པེ་ཅིན་ཁྲའོ་ཡང་ས་ཁུལ་གྱི་པའོ་ཧའོ་རེ་ཐིན་ཟུར་ལྔའི་གསོལམགྲོན་ཁང་ཆེན་མོ་ནས་༼བྱམས་བརྩེ་ཐེབས་རྩ་ཚོགས་པས་སྐབས་དང་པོའི་འགྲེམས་སྟོན་འདུ་ཚོགས༽བསྡུས་ཤིང་། ཚོགས་ཐོག་ཏུ་རྒྱལ་ནང་གི་མིང་དུ་གྲགས་པའི་མདོ་འཛིན་པ་དང་འཁྲབ་སྟོན་པ། གཞས་པ་གྲགས་ཅན། CEOསྤྱི་གཉེར་བ་ཆེན་མོ་སོགས་གཞུང་ཕྱོགས་མ་ཡིན་པའི་མི་སྒེར་ནས་མི་སུམ་བརྒྱ་ལྷག་འདུས་ཤིང་། དེའི་ཁྲོད་དུ་རྒྱལ་ནང་ན་སྙན་གྲགས་འབར་བའི་གཞས་པ་དང་འཁྲབ་སྟོན་པ་གྲགས་ཅན་ཡོད་ཅིང་། ཚོགས་ཞུགས་ཀྱི་མི་སྣ་གྲགས་ཅན་དག་གིས་བྱམས་བརྩེ་ཐེབས་རྩ་ཚོགས་པ་ལ་གནང་བའི་དངོས་པོ་དག་ཚོགས་ཞུགས་ཀྱི་CEO དག་ལ་ཉོ་འཚོང་གི་རྣམ་པ་སྤེལ་བ་རེད།

རྒྱ་མཚོ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།
བྱམས་བརྩེ་ཐེབས་རྩ་ཚོགས་པ་ནི་པཎ་ཆེན་རིན་པོ་ཆེ་མཆོག་གི་སྲས་མོས་རྒྱབ་སྐྱོར་དང་ཐུགས་ཁུར་འོག་ཏུ་ནང་ལོག་གི་ཐེབས་རྩ་ཚོགས་པ་གཞན་དག་དང་འདྲ་བར་གཞུང་འབྲེལ་གྱི་ཆོག་མཆན་དང་ཐོབ་ཐབ་ཆ་ཚང་བླངས་ཡོད་པའི་་ཐེབས་རྩ་ཚོགས་པ་ཞིག་ཡིན་ལ། ཐེབས་རྩ་ཚོགས་པ་འདིའི་ལས་མི་གཙོ་བོ་ནི་རྒྱ་མཚོ་སྤྲུལ་སྐུ་ལགས་ཡིན་འདུག ཁོ་རང་ནི་ཁམས་ཕྱོགས་གསེར་རྟའི་མཁན་པོ་འཇིགས་མེད་ཕུན་ཚོགས་ལགས་ཀྱི་སློབ་མ་ཡིན་ཞིང་། གསེར་རྟ་ནས་སློབ་སྦྱོང་གི་གོ་རིམ་ཁ་ཤས་བརྒྱུད་རྗེས། ལོ་ངོ་མང་པོའི་རིང་ལ་རྒྱལ་ནང་གི་སློབ་ཆེན་པེ་ཅིན་མི་དམངས་སློབ་ཆེན་དང་པེ་ཅིན་སློབ་ཆེན་སོགས་སུ་སློབ་སྦྱོང་བྱས་ཤིང་། མཐར་པེ་ཅིན་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་བཏོན་མྱོང་མཁན་ཞིག་རེད། ཚོགས་འདུར་གདན་འདྲེན་བྱས་ཡོད་པའི་བོད་མིའི་སྐོར་ལ། མཚོ་སྔོན་སྦྱིན་པ་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་རིན་ཆེན་ཟླ་བ་ལགས་དང་། གཞས་མ་ཨ་ལན་ཟླ་བ་སྒྲོལ་མ་སོགས་ཁྱོན་བསྡོམས་མི་བཅུ་ལྷག་འདུག
གཞན་འདུ་ཚོགས་ཀྱི་གོ་རིམ་ཁྲོད་དུ་ཚོགས་ཞུགས་དང་འབྲེལ་ཡོད་ཀྱི་བྱམས་བརྩེའི་རོགས་དངུལ་དག་རོགས་སྐྱོར་ཆེས་མཁོ་སར་ཐོན་པ་ལས། མི་སྒེར་གྱི་ཨམ་ཕྲག་ཏུ་མི་འགྲོ་བར་ཚད་ལྡན་གྱི་ཁྲིམས་ལུགས་ཀྱིས་མིག་ཟུང་ཀེར་ཡོད་པའི་ཚད་ལྡན་གྱི་ཐེབས་རྩ་ཚོགས་པ་ཞིག་གི་མིང་ཐོག་ཏུ་ཚོགས་ཞུགས་ཀྱི་འབྲེལ་ཡོད་མི་སྣ་དང་སྨྱན་བྱེད་དག་གི་སྔུན་ནས་ཁས་ལེན་དམ་བཅའ་གནང་།

ཚོགས་རའི་ཟུར་ཞིག
མཐར་འདས་པའི་ལོ་ངོ་འདི་དག་གི་རིང་ལ་ཡུལ་ཤུལ་དང་བུན་ཁྲོན་སོགས་ས་འགུལ་བྱུང་བའི་གནོད་ཐེབས་ས་ཁུལ་དག་ལ་རོགས་སྐྱོར་མི་ཉུང་བ་བྱས་པ་དང་། ཁམས་ཕྱོགས་ས་ཁུལ་དུ་རེ་བའི་སློབ་གྲྭ་ཞེས་པའི་དྭ་ཕྲུག་གི་སློབ་གྲྭ་བརྒྱད་ལྷག་བཙུགས་པ་སོགས་རེ་རེ་བཞིན་མཚམས་སྦྱོར་བ། དེ་བཞིན་དུ། ཁམས་ཕྱོགས་ས་ཁུལ་ནས་ཐོན་པའི་དགེ་རྒན་དང་དྭ་ཕྲུག་གི་སློབ་མ་ཚོས་དེ་བཞིན་དུ་འབྲེལ་ཡོད་རོགས་སྐྱོར་བ་དག་ལ་བཀའ་དྲིན་ཞུས་པའི་གནས་ཚུལ་འདུག
གསལ་བཤད། འདི་ནི་བླ་གྲྭ་དག་གིས་ནང་ཆོས་ཀྱི་དར་ཆ་འཕྱར་ནས་ནང་ལོག་ན་འདོན་རྟ་སྣ་ཚོགས་ཀྱིས་གྲོང་ཆོག་བྱེད་པའི་ཚད་རིམ་ལས་བརྒལ་ཏེ། ཚད་རིམ་མཐོ་བའི་ལས་ཀ་བྱེད་སྟངས་ཁྱད་པར་བ་ཞིག་དང། སྤྱིར་བཏང་གི་བོད་མི་ཞིག་གིས་སྒྲུབ་དཀའ་བའི་ལས་ཤིག་ཏུ་མཐོང་བས། ངེད་དྲ་བས་བརྡ་འཕྲིན་གྱི་རྣམ་པས་འོས་སྦྱར་བའོ།