ལོ༣༠རིང་ལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་སློབ་མ༤༠༠༠ཙམ་གསོ་སྐྱོང་བྱས་པ།
ཟླ་བ༡༠པའི་ཚེས༡༠ཉིན་སྨྱུག་འཛིན་པས་སི་ཁྲོན་ཞིང་ཆེན་བོད་སློབ་གྲྭའི་སློབ་གསོ་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན།སི་ཁྲོན་ཞིང་ཆེན་བོད་སློབ་གྲྭ་བཙུགས་ནས་ལོ༣༠རིང་ལ་སྔོན་རྗེས་སུ་སི་ཁྲོན་བོད་ཁུལ་དང་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་ལ་ཤེས་ལྡན་མི་སྣ༤༠༠༠ལྷག་ཙམ་གསོ་སྐྱོང་བྱས་པར་བརྟེན།བོད་ཁུལ་གྱི་ཆབ་སྲིད་བརྟན་བརླིང་དང་དཔལ་འབྱོར་འཕེལ་རྒྱས།རིག་གནས་དར་རྒྱས་དང་སྤྱི་ཚོགས་ཡར་ཐོན་བཅས་ཀྱི་ཐད་ལ་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད་པ་རེད།
སློབ་གྲྭ་དེ་བཙུགས་པ་ནས་བཟུང་།གོང་རིམ་ཏང་ཨུ་དང་སྲིད་གཞུང་གིས་རྒྱབ་སྐྱོར་གནང་འོག སློབ་གྲྭའི་སྐབས་རིམ་བྱུང་གི་འགོ་ཁྲིད་ཀྱིས་བོད་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དེ་བཞིན་དུ་སྤྱི་ཚོགས་ཀྱིས་ཤེས་ལྡན་མི་སྣ་རིགས་ཚོགས་མཁོ་བའི་དོན་དངོས་ལ་གཞིགས་ནས།དང་ཐོག་ཆེད་སྦྱོང་སྣ་ཁ་གསུམ་ནས་ད་ལྟ་བོད་ཀྱི་བརྡ་སྤྲོད་རིག་པ་དང་གསོ་བ་རིག་པ།བོད་ཀྱི་དམངས་ཁྲོད་བཟོ་རྩལ།རྒྱ་བོད་ཡིག་སྒྱུར།ཡུལ་སྐོར་ལྗོངས་རྒྱུ།བོད་རྒྱ་དྲུང་ཡིག་ཆེད་སྦྱོང་།དབྱིན་ཇིའི་ཡེ་གེ བོད་རྒྱ་རྩིས་འཁོར་སོགས་ཆེད་སྦྱོང་སྣ་ཁ་བརྒྱད་ཀྱི་ཐོག་འཕེལ་རྒྱས་བྱུང་ཡོད་པ་རེད།སློབ་ཁྲིད་ཀྱི་རིམ་པ་ཡང་སྔོན་གྱི་འབྲིང་རིམ་ཆེད་སྦྱོང་འཛིན་གྲྭ་ནས་ད་ལྟ་དངོས་སྦྱོང་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་བཅས་ཕྱོགས་བསྡུས་རང་བཞིན་གྱི་སློབ་གཉེར་རིམ་པའི་ཐོག་འཕེལ་རྒྱས་བྱུང་ནས་འཐུས་སྒོ་ཚང་བའི་སློབ་གསོའི་མ་ལག་ཆགས་པ་དང་ཆབས་ཅིག སློབ་མ་བསྡུས་ཡུལ་ཡང་སྔོན་གྱི་སི་ཁྲོན་བོད་ཁུལ་ཁོ་ན་ནས་རྒྱལ་ཡོངས་ཀྱི་བོད་ཁུལ་ཡོངས་སུ་རྒྱ་སྐྱེད་གཏོང་བ་རེད།