ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
  གསར་འགྱུར་ཀློག་པ།

ལྷོ་རྒྱ་བོད་གསུམ་ནང་བསྟན་རིཊ་གཞུང་ཉམས་མྱོང་བརྗེ་རེས་ཚོཊ་འདུ།

[རྩོམ་པ་པོ:རྫ་ཚེ་རིང་བཀྲ་ཤིས།  ཡོང་ཁུངས:ངེད་  དུས་ཚོད:2011/9/19 9:28:36  བཀླགས་ཐེངས:1542][ཡིག་གཟུགས:ཡིག་གཟུགས་མདོག]
ལྷོ་རྒྱ་བོད་གསུམ་ཆོས་བརྒྱུད་རིག་གཞུང་ཉམས་མྱོང་བརྗེ་རེས་ཀྱི་བཞུགས་མོལ་
ཚོགས་འདུ་ཐེངས་དང་པོ་ཐའེ་ཝན་དུ་འཚོགས་པ།
 
གནས་ཚུལ་མཁོ་སྤྲོད་པ།  རྫ་ཚེ་རིང་བཀྲ་ཤིས།
 
   དེ་ཡང་། ༢༠༡༡ ཟླ་བ་ ༩ ཚེས་ ༡༧ ་ཉིན། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་ཞུས་པའི་ལྷོ་རྒྱ་བོད་གསུམ་ནང་བསྟན་རིག་གཞུང་ཉམས་མྱོང་བརྗེ་རེས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་དེ་རྒྱལ་ས་ཐའེ་པེ་ཡི་ཐའེ་ཝན་དགེ་འོས་སློབ་གྲྭ་ཆེན་མོའི་ཕྱོགས་བསྡུས་ཁང་ཆེན་གྱི་རྒྱལ་སྤྱིའི་ཚོགས་འདུ་ཁང་དུ་ཚོགས་ཡོད་ཅིང་། དེ་ནི་ཐའེ་ཝན་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཐོག་ལྷོ་བྱང་བརྒྱུད་པ་གསུམ་གྱི་ཆེད་མཁས་པ་དང་གནད་ཡོད་མི་སྣ་ཚང་འཛོམས་ཀྱིས་བོད་བརྒྱུད་གཙོ་བོར་བྱས་པའི་བརྒྱུད་པ་ཕན་ཚུན་བར་གྱི་གནས་བབ་སྤྱི་དང་བྱེ་བྲག་ལ་བགྲོ་གླེང་ཞིབ་ཕྲ་གནང་ཆེད་བསྡུ་བསྐོང་གནང་བའི་ཚོགས་འདུ་ཐོག་མ་དེ་ཆགས་ཡོད།
  དེ་ཡང་ཚོགས་འདུ་དེར། ཐའེ་ཝན་དུ་ལོ་ཙཱའི་སློབ་སྦྱོང་གནང་བཞིན་པའི་ལྷོ་བརྒྱུད་ནང་པའི་རྒྱལ་ཁབ་ཐའེ་ལན་ཊ་རྒྱལ་ཡོངས་ཀྱི་སྐད་གྲགས་ཆེ་ཤོས་ཀྱི་ཆོས་ཀྱི་བསྟི་གནས་ཆོས་སྐུ་དགོན་གྱི་སྡེ་སྣོད་འཛིན་པ་ཧྲི་ཅི་ཤང་དང་། སྡེ་སྣོད་འཛིན་པ་ཧྲི་ཧྲིན་ཝི་རྣམ་གཉིས། དྷི་ལི་སློབ་གྲྭ་ཆེན་མོའི་ནང་རིག་པའི་འབུམ་རམས་པ་དང་ལོ་ཙཱ་བ། བཙུན་མ་ཧྥ་ཧྭའེ། ཀྲུང་ཧྭ་སྤྱན་ལྔ་མཐུན་ཚོགས་ཀྱི་གཏན་འཇགས་སློབ་སྟོན་པ་དང་བལ་ཡུལ་དུ་རྟེན་གཞི་བྱས་པའི་ཀུན་དགའ་བོ་ཐེབས་རྩ་ཚོགས་པ་གསར་འཛུགས་ཀྱི་ཚོགས་གཙོ། རྩོམ་པ་པོ་དང་སྤྱི་ཚོགས་ཞབས་ཞུ་བ་བཙུན་མ་ལིན་ཧྭི། ཐའེ་ཝན་གྱི་ཚེ་སྲོག་བརྙན་འཕྲིན་ཁང་གི་ཆོས་འཆད་མཁན། ཡྭན་བཀང་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་དང་རྩོམ་པ་པོ་སློབ་དཔོན་ཏྭ་ཅི། རྒྱལ་སྤྱིའི་ནང་བསྟན་གཟེངས་ཐོན་བུད་མེད་ཞེས་པའི་བྱ་དགའ་ཐོབ་མཁན་ཀྲུང་ཧྭ་ནང་བསྟན་གཞོན་ནུའི་མཐུན་ཚོགས་ཀྱི་དྲུང་ཆེ་དང་། ཐའེ་པེ་ནང་བསྟན་གཞོན་ནུའི་མཐུན་ཚོགས་ཀྱི་རྒྱུན་ལས་གཙོ་འཛིན་བཙུན་མ་མིན་ཡུས། ཐའེ་པེ་ཚན་རིག་མཐོ་སློབ་ཏུ་འཆར་འགོད་ལས་རིགས་ཀྱི་འབུམ་རམས་ཐོག་སློབ་གཉེར་གནང་བཞིན་པའི་སྤྱི་ཚོགས་ཞབས་ཞུ་བ་བཙུན་མ་མུའུ་ཧྥན། རྒྱ་བཙུན་ལོ་ཙཱ་བ་བསྟན་འཛིན་རྡོ་རྗེ། ཐའེ་ཝན་ཆབ་སྲིད་མཐོ་སློབ་གྱི་སྐད་བརྡ་རིག་པའི་འབུམ་རམས་པ། ཧྭ་ཧྥན་སློབ་གྲྭ་ཆེན་མོའི་ནང་ཆོས་སྡེ་ཚན་གྱི་དགེ་རྒན་ཆེན་མོ་དང་དངོས་ལུགས་སློབ་གླིང་གི་གླིང་གཙོ་སྐུ་ཞབས་ཞོང་ཝན། ཧྥོའུ་རིན་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་འབུམ་རམས་པ་དང་ཧྭ་ཧྥན་སློབ་གྲྭ་ཆེན་མོ་དགེ་རྒན་ཆེན་མོ་ལས་རོགས་པ། མདོ་ཕལ་པོ་ཆེའི་ཆོས་བརྒྱུད་ཞིབ་འཇུག་ཁང་གི་འགན་འཛིན་དང་ནང་ཆོས་ཉམས་ཞིབ་པ་སྐུ་ཞབས་ཅི་ཀྲི། ཐའེ་ཝན་དགེ་འོས་སློབ་ཆེན་གྱི་རྩོམ་རིག་འབུམ་རམས་པ་དང་མདོ་ཕལ་པོ་ཆེའི་ཆེད་ལས་ཉམས་ཞིབ་པ། དགེ་རྒན་ཆེན་མོ་མཁྱེན་ལྡན་མ་ཁྲིན་ཆས་བཅས་ཐའེ་ཝན་ཕྱོགས་ཀྱི་མཁས་པ་དང་།
  དགེ་བཤེས་འཇམ་དཔལ་ཆོས་འཛིན། དགེ་བཤེས་ཕྲིན་ལས་རྒྱ་མཚོ། གཙོས་གསེར་ཁྲི་རིན་པོ་ཆེ། དགེ་བཤེས་ཆོས་ཀྱི་དབང་པོ། མཁན་པོ་ཚུལ་ཁྲིམས་རྣམ་དག མཁན་པོ་བསོད་ནམས་སེང་གེ མཁན་པོ་ཚེ་རིང་བསམ་འགྲུབ། སྤྲུལ་སྐུ་རིག་འཛིན་འཇའ་ཚོན། ཀཿཐོག་རིག་འཛིན་ཆེན་པོ། སྤྲུལ་སྐུ་ཐུབ་བསྟན་ནོར་བུ། མཁན་པོ་ཚུལ་ཁྲིམས་རྣམ་དག མཁན་པོ་ཆོས་ཉིད་དོན་རྟོགས། མཁན་པོ་ཚེ་རིང་བཀྲ་ཤིས། སློབ་དཔོན་གསོད་ནམས་ཕུན་ཚོགས་བཅས་ཆོས་བརྒྱུད་རིས་མེད་ཀྱི་མཁན་སློབ་དགེ་བཤེས་ཁག་བཅས་ལས་རིགས་ཁག་གི་གནད་ཡོད་མི་སྣ་ཤ་སྟག་མཉམ་ཞུགས་གནང་ཡོད་ཅིང་། ཚོགས་འདུའི་དུས་ཡུན་ཧྲིལ་པོར། ནང་བསྟན་མཐུན་སྒྲིལ་དང་ཉམས་མྱོང་བརྗེ་རེས་ཞེས་པའི་རྩ་བའི་བརྗོད་གཞི་གཉིས་ལ།
ནང་གསེས། ༡༽ལྷོ་རྒྱ་བོད་གསུམ་ནང་བསྟན་ཐུན་མོང་གི་ནང་པའི་ངོས་འཛིན།
༢༽ལྷོ་རྒྱ་བོད་གསུམ་ནང་བསྟན་ཐུན་མོང་གི་ནང་པའི་གཞུང་ལུགས།
༣༽ལྷོ་རྒྱ་བོད་གསུམ་ནང་བསྟན་ཐུན་མོང་གི་ནང་པའི་ཉམས་ལེན།
༤༽ལྷོ་རྒྱ་བོད་གསུམ་ནང་བསྟན་འཛིན་སྐྱོང་ཉམས་མྱོང་བརྗེ་རེས།
༥༽ལྷོ་རྒྱ་བོད་གསུམ་ནང་བསྟན་དར་སྤེལ་ཉམས་མྱོང་བརྗེ་རེས།
༦༽ ལྷོ་རྒྱ་བོད་གསུམ་ནང་བསྟན་ཕན་ཚུན་གྱི་ལེགས་ཆ་བསྡུ་ལེན་བཅས་གཞིར་བཞག་ཐོག བྱེ་བྲག་གི་ཆ་ནས་བོད་ཀྱི་ནང་ཆོས་ཀྱི་དོན་དངོས་ཀྱི་རང་བཞིན། བོད་ཀྱི་ནང་ཆོས་ལ་གོ་ནོར་དང་ཆེད་དུ་དགག་པ་བྱེད་པའི་ཚོགས་སྡེ་ཁག་ལ་འོས་ཤིང་འཚམས་པའི་གདོང་ལེན་བྱེད་ཕྱོགས། རྒྱ་བརྒྱུད་ནང་ཆོས་དང་བོད་བརྒྱུད། ལྷོ་བརྒྱུད་བཅས་ཀྱི་རྩ་བའི་མཐུན་ཆ་དང་། ཐུན་མོང་གི་འབད་བརྩོན་བྱེད་ཕྱོགས། ནང་ཆོས་དང་སྤྱི་ཚོགས་ཀྱི་བར་ཐག་ཉེ་རུ་གཏོང་ཐབས། རྒྱལ་སྤྱིའི་ཐོག་གི་བོད་བརྒྱུད་ནང་བསྟན་གཙོ་བོར་གྱུར་པའི་ནང་བསྟན་གྱི་གནས་བབ། ཡུལ་དུས་དང་མི་རིགས་རིག་གཞུང་མི་འདྲ་བའི་ཤུགས་རྐྱེན་ཐེབས་པའི་ཆོས་ལུགས་ཕྱེ་བྲག་པའི་མངོན་སྟངས་ལ་ཕན་ཚུན་རྒྱུས་ལོན་བྱེད་སྟངས། སྐད་ཡིག་དང་འགྲིམ་འགྲུལ་གྱི་བཀག་རྒྱ་ཉུང་དུ་འགྲོ་བཞིན་པའི་དུས་རབས་འདིར་ནང་པ་ཕན་ཚུན་དབར་སྔར་ལས་ལྷག་པའི་མཉམ་འབྲེལ་གྱི་གནས་བབ་བསྐྲུན་ཐབས་དང་ཕན་ཚུན་ལེགས་ཆ་ལེན་སྟངས་སོགས་ཀྱི་སྟེང་དུ་གཙོ་བོའི་བགྲོ་གླེང་གནང་ཡོད།
དེ་བཞིན། ཐའེ་ཝན་ཕྱོགས་ཀྱི་མཁས་པ་དག་གི་ངོས་ནས་ཀྱང་བོད་བརྒྱུད་ནང་བསྟན་གྱི་གནས་བབ་ལ་ཐུགས་ཁུར་དང་། འབྱུང་འགྱུར་ཡང་ཕན་ཚུན་སྔར་ལས་ལྷག་པའི་མཐུན་ལམ་གྱི་ཐོག་ནས་བོད་བརྒྱུད་ནང་བསྟན་དར་སྤེལ་གྱི་ཕྱོགས་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པའི་བཀའ་མོལ་དང་རྣམ་འགྱུར་ཆེར་བསྟན་གནང་བ་དང་དོན་ཕན་ལྡན་པའི་དགོངས་ཚུལ་དང་དྲི་བ་ཡང་མང་པོ་གནང་ཡོད་པ་རེད།
   དེ་བཞིན་ཚོགས་འདུ་དེའི་འཚོགས་སྟངས་གྲལ་རིམ་གྱི་མགོ་མཇུག་གཏན་ནས་མེད་པའི་ཅོག་ཙེ་སྒོར་མོའི་ཚོགས་འདུ་ཞིག་ཡིན་པ་སྟེ། དེ་ནི་ཆོས་བརྒྱུད་ཁག་གི་མཐུན་སྒྲིལ་གྱི་ཨ་ལུང་རིས་སུ་འཁོར་བའི་རྟེན་འབྲེལ་དང་། ཐོབ་དང་གོ་ས་ཙམ་ལ་འཁྲེན་པའི་སྐབས་འཚོལ་བ་དག་གི་བྱ་བཞག་ལས་དབྱེ་འབྱེད་བྱས་པའི་དོན་དམ་པའི་ནང་མོལ་གྱི་ལྷན་འཛོམས་ཡིན་པའི་མཚོན་བྱེད་ཡིན་པ་ཞིབ་འཇུག་ཚོགས་པའི་ངོས་ནས་འགྲེལ་བརྗོད་གནང་ཡོད།
   ཉིན་དེར། ཉེ་ཆར་ལེགས་འགྲུབ་བྱུང་བའི་སྐབས་སྔ་མའི་བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་ཕྱོགས་སྐོར་གྱི་བགྲོ་གླེང་དང་ཞིབ་འཇུག་ཁང་གི་ངོ་སྤྲོད་སོགས་ཀྱི་ཆེད་སྒྲིག་བརྙན་འཁོར་ལྷག་བསམ་གྱི་མགོ་འཛུགས་ཞེས་པ་ཞིག་ཀྱང་དབུ་འབྱེད་གནང་ཡོད་པ་དང་། དུས་ཡུན་ཆུ་ཚོད་གཅིག་གི་རིང་ཚད་ཡོད་པའི་བརྙན་འཁོར་དེར། སྐབས་སྔ་མའི་ཚོགས་འདུའི་ཐོག་གི་རིས་མེད་ཀྱི་མཁས་པ་ཉི་ཤུ་ཡས་མས་ཤིག་གི་འབྲེལ་ཡོད་གསུངས་བཤད་ཀྱི་ཉིང་བསྡུས་དང་། ཞིབ་འཇུག་ཚོགས་པའི་ལས་དོན་དང་དམིགས་ཡུལ་སོགས་ཞིབ་ཕྲ་རྒྱ་བོད་ཡིག་རིག་གནས་ཀྱི་ཐོག་ནས་གསན་གཟིགས་ཐུབ་པ་བཟོས་ཡོད།
   དེ་ཡང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནི་སྤྱི་ལོ་ ༢༠༠༩ ལོར་ཐའེ་ཝན་དུ་དབུ་བརྙེས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་ཞིང་། ད་བར་སྐབས་བསྟུན་སྤྱི་ཚོགས་ཞབས་ཞུ་ལས་འགུལ་སྤེལ་བ་དང་། སྒྲ་སྒྱུར་སྐོར་དང་ནང་ཆོས་དར་སྤེལ་གཏོང་ཕྱོགས་ཀྱི་བགྲོ་གླེང་ཚོགས་འདུ་བསྡུ་བསྐོངས། ནང་ཆོས་དང་འབྲེལ་བའི་དཔེ་དེབ་དང་བརྙན་འཁོར་གལ་ཆེན་པར་སྐྲུན། ནང་ཆོས་ངོ་སྤྲོད་ཀྱི་འཛིན་གྲྭ་གོ་སྒྲིག་སོགས་ཀྱི་ལས་དོན་གཉེར་བཞིན་ཡོད་པ་རེད།
ཁ་བརྡ་ཚང་གིས་སྤྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༧ ལ་ གསར་འགྱུར་​གྱི་གྲས་སུ་བཀོད།

རིག་གཞུང་ཉམས་མྱོང་བརྗེ་རེས་ཀྱི་བཞུགས་མོལ་ཚོགས་འདུ་ཞེས་པའི་སྐོར་ལ་མཆན་ ༣༡ བཀོད་འདུག

རླབས་ཆེན་གྱི་མཛད་པར་སྙིང་ནས་གུས་པས་མཛད་བཟང་ཡར་ཟླ་བཞིན་རྒྱས་པའི་སྨོན་ཞུ།
བསྟན་པ་འཛིན་པའི་དགེ་བཤེས་དང་། མཁན་པོ། བླ་སྤྲུལ་རྣམ་པས་ཆོས་མཐུན་གྱི་བྱ་བ་དེ་འདྲ་མང་ཙམ་གནང་ཐུབ་ན་བསྟན་པ་སྤྱིའི་མིག་རྒྱན་ལ་ཕན།
ཡ་ཡ། དེ་གཏམ་བཟང་རེད། ང་ཚོའི་བར་ན་ཐུན་མོང་གི་ལྟ་བ་གཞི་གཅིག་ལ་འབབ་ཐུབ་ས་ག་ཚོད་ཅིག་འདུག མི་ཐུབ་ས་ག་ཚོད་ཅིག་འདུག ང་ཚོ་བོད་བརྒྱུད་ནང་བསྟན་ཞེས་པ་འདི་ལ་མཚོན་ན་ཡང་འཛམ་གླིང་ཆུང་དུ་ཕྱིན་པའི་གོ་རིམ་བཞིན་ལྷོ་བྱང་གི་ནང་བསྟན་བར་ལ་འགལ་འབྲེལ་གྱི་གནད་དོན་གང་ཐད་ནས་ཐག་ཇེ་ཉེར་འགྲོ་བཞིན་པ་བཤད་མ་དགོས་པས་ཁོང་ཚོ་དང་མཉམ་འབྲེལ་ཟབ་མོ་བྱེད་ཐུབ་ཆེད་དུ་ང་ཚོའི་ནང་བསྟན་རིག་གནས་ཀྱི་ཁྲོད་དུ་འདོར་ལེན་བྱ་དགོས་པ་ལྟ་བུ་ག་འདྲ་འདུག ཁོང་རྣམ་པའི་ས་ནས་ནང་འདྲེན་བྱེད་དགོས་པ་ག་ཚོད་ཅིག་འདུག ང་ཚོས་ཁོང་རྣམ་པར་ཞལ་འདེབས་འབུལ་ཐུབ་པ་ག་ཚོད་ཅིག་འདུག འདི་གནད་འགག་ཆུང་ཆུང་ཞིག་མ་རེད། མདོ་སྨད་པ་དགེ་འདུན་ཆོས་འཕེལ་སོགས་བོད་ཀྱི་མཁས་པ་ཚོས་ཀྱང་སྔོན་མ་ནས་ལྷོ་བྱང་གི་ནང་བསྟན་གྱི་མཉམ་ལས་དང་། མཐུན་འབྲེལ། གཤིབ་བསྡུར། ལེགས་ཆ་ལེན་རེས་སོགས་ཀྱི་སྐོར་ལ་ཐུགས་བསམ་མང་པོ་བཞེས་ཡོད་པ་རེད། ནང་ཆོས་འཆད་སྤེལ་མཁན་རྣམ་པ་ཚོའི་ངོས་ནས་ཐུགས་འགན་བཞེས་དགོས་པ་གནད་འགག་ཆེན་པོརེད་འདུག
ཐེངས་དང་པོར་ལྷོ་རྒྱ་བོད་གསུམ་ཆོས་བརྒྱུད་རིག་གཞུང་ཉམས་མྱོང་བརྗེ་རེས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་ཐའེ་ཝན་ཚོགས་པ་ཞེས་ཀློག་དུས་སེམས་འགུལ་དྲགས་པོ་ཐེབས་ཡོད་ཀྱང་དེའི་མཇུག་ཏུ་
གཙོས་གསེར་ཁྲི་རིན་པོ་ནང་དུ་ཞུགས་པ་ཞེས་ཀློག་དུས་བྲོ་བ་རྦད་དེ་བརླག་སོང་། ཁོ་ལ་རིག་གཞུང་ཉམས་མྱོང་བརྗེ་རེས་ཀྱི་ཚིག་དེ་མི་མཚུངས་སོ། ཁོས་སློབ་སྦྱོང་ཀྱི་ཕྱོགས་ལ་རྒྱུ་ཅི་ཡང་མ་བསགས་པར་དེར་འབྲས་བུ་ཞིག་གང་ནས་ཡོང་། ཁོའི་སྤྱོད་པ་ག་འདྲ་ཡིན་མིན་ང་ལ་གསལ་བོ་ཡོད་པས་ཡིན
དེའི་སྐོར་ལ་ཐུན་མོང་གི་འབབ་ས་ཡོད་མེད་སོགས་ལ་གུས་པས་གང་མགྱོགས་ཚོགས་འདུའི་སྙིང་དོན་རགས་སྡུས་ཀྱི་སྙན་ཞུ་ཞིག་སྙན་གསེང་ཞུ་ཨེ་ཐུབ་ཀྱི་རེ་བ་ཡོད།
དྲ་གྲོགས་ཚོས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ།
http://www.facebook.com/profile.php?id=100000082321860#!/media/set/?set=a.278956375450438.77408.100000082321860&type=1
ཚོགས་འདུའི་སྐོར་གྱི་ཞིབ་ཕྲའི་པར་མཛོད་ཀྱི་འབྲེལ་ཐག་ལ་གཟིགས་རོགས།
http://www.facebook.com/profile.php?id=100000082321860#!/media/set/?set=a.278956375450438.77408.100000082321860&type=1
རྒྱལ་སྤྱི་དང་འབུམ་རམས། རྒྱལ་ཡོངས་སྐད་གྲགས་ཆེ་ཤོས་སོགས་མིང་དེ་ཚོ་བཀླགས་པ་ཙམ་གྱིས་མགོ་འཐོམས་སོང་།
དུས་ལྟར་མཁན་པོ་མཆོག་གིས་སྐུ་ངལ་ལ་མ་འཛེམས་པར་གནས་ཚུལ་མཁོ་སྤྲོད་གནང་བ་བཀའ་དྲིན་ཆེ།
ངེས་དོན་གྱི་མཁན་པོ་མཆོག་གིས་གསུངས་བ་ལྟར་ན་དངོས་གནས་བཞུགས་མོལ་ཚོགས་འདུ་ལེགས་པོ་ཞིག་འཚོགས་ཡོད་ཚོད་འདུག ལྷག་པར་དུ་ཁྱེད་ཅག་གི་སྤྱན་ཡངས་ཀྱི་བགྲོ་གླེང་གནང་སྟངས་ཧ་ཅང་ལེགས་པས། མུ་མཐུད་དུ་རྒྱུན་སྐྱོང་ཡོང་བར་འཚལ་ལོ།།
ལྷོ་རྒྱ་བོད་གསུམ་ཆོས་བརྒྱུད་རིག་གཞུང་ཉམས་མྱོང་བརྗེ་རེས་གནང་བཞིན་པར་རྗེས་སུ་ཡི་རང་ཡོད། ཕན་ཚུན་ལེགས་ཆ་ལེན་རྒྱུ་གལ་ལོས་ཆེ། ང་ཚོ་ཐེག་ཆེན་པར་རློམ་པ་དག་གིས་ཆེས་ཐོག་མར་ལེན་རྒྱུའི་ལེགས་ཆ་དེ་འདི་རེད་སྙམ། ༼དེ་བཞིན་ཚོགས་འདུ་དེའི་འཚོགས་སྟངས་གྲལ་རིམ་གྱི་མགོ་མཇུག་གཏན་ནས་མེད་པའི་ཅོག་ཙེ་སྒོར་མོའི་ཚོགས་འདུ་ཞིག་ཡིན་པ་སྟེ། དེ་ནི་ཆོས་བརྒྱུད་ཁག་གི་མཐུན་སྒྲིལ་གྱི་ཨ་ལུང་རིས་སུ་འཁོར་བའི་རྟེན་འབྲེལ་དང་། ཐོབ་དང་གོ་ས་ཙམ་ལ་འཁྲེན་པའི་སྐབས་འཚོལ་བ་དག་གི་བྱ་བཞག་ལས་དབྱེ་འབྱེད་བྱས་པའི་དོན་དམ་པའི་ནང་མོལ་གྱི་ལྷན་འཛོམས་ཡིན་པའི་མཚོན་བྱེད་ཡིན་པ་ཞིབ་འཇུག་ཚོགས་པའི་ངོས་ནས་འགྲེལ་བརྗོད་གནང་ཡོད།༽
ལྷོ་འབྲུག་ལགས།
ངས་དྲང་གཏམ་ཞིག་ཞུས་ན་ང་རང་ཚོགས་པ་འདིའི་ལས་འཛིན་གྱི་མི་སྣ་ཞིག་ཡིན་པའི་ཆ་ནས་གསར་འགྱུར་དེ་གང་ལེགས་ལེགས་བྱས་ཡོད་པ་ནི་སྨོས་མེད་ཡིན་ན་ཡང་། ཆེད་དུ་མིན་པ་ལ་ཡིན་པར་འཆོས་པའི་འུད་གཏམ་ནི་ཚིག་གཅིག་ཀྱང་བྲིས་མེད་སྙམ།
ལར་ཚོགས་པ་ལ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ཞེས་པ་འདི་ནི་ཐའེ་ཝན་གྱི་གཞུང་འབྲེལ་ཚད་ལྡན་དེབ་བསྐྱེལ་གྱི་ངོས་ལེན་ཐོབ་པའི་མིང་ཡིན་པ་དང་། ཚོགས་ཡུལ་སོགས་ལ་རྒྱལ་སྤྱིའི་ཚོགས་ཁང་ཟེར་བ་ནི། ཚོགས་ཁང་རང་གི་མིང་དེ་ལྟར་བྲིས་འདུག ཚོགས་ཞུགས་པ་སོགས་ཀྱི་ལས་གནས་ནི་དཔེར་ན་མི་རེ་རེས་ཚོགས་པ་དང་སྒྲིག་འཛུགས་དེ་ལས་མང་པར་ལས་ཀ་བྱེད་བཞིན་པ་དང་། ལག་འཁྱེར་སོགས་ཀྱང་རྣམ་གྲངས་མང་པོ་ཡོད་པ་འཁོད་འདུག་ཀྱང་སྣ་རེ་ཙམ་ལས་བྲིས་མེད།
ལས་གུས་པ་ནི། དཔལ་སྤྲུལ་རིན་པོ་ཆེས། སྨོན་ནེ་རྒྱ་མ་ཆུང་ཟེར་བ་ལྟར། ལག་ལེན་གྱི་ཚད་གཞི་འདངས་མིན་ལ་མ་ལྟོས་པར་དམིགས་ཚད་ཀྱི་སྟོང་འདང་ཆེ་ཙམ་ལ་དགའ་མཁན་ཡིན་སྟབས་ཚོགས་པ་འདིའི་མིང་དང་ང་ཚོགས་པ་འདིར་འཛུལ་ཞུགས་བྱ་རྒྱུ་དང་ལེན་ཞུས་པའི་བར་ལ་ཡང་འབྲེལ་བ་ངེས་ཅན་ཞིག་ཡོད།
མདོར་ན། ང་ཚོ་གོམ་བརྒྱའི་སར་བསླེབས་རྒྱུའི་ལས་ཀ་ཞིག་ཐུབ་ཀྱི་ཡོད་ན་གོམ་པ་སྟོང་ཞིག་གི་དམིགས་ཚད་བཞག་པ་ཡིན་ན་ལམ་སང་དམིགས་ཚད་དེར་སླེབས་ཟིན་པ་ལྟ་བུའི་སྣང་བ་དེ་མི་སྐྱེ་བ་ཡིན་སྟབས་དེ་ནི་གནད་འགག་ཅིག་རེད་སྙམ།  མི་སྒེར་གྱི་བསམ་ཚུལ་ཙམ་མོ།།
བླ་མ་དགེ་བཤེས་རྣམ་པའི་བསྟན་པའི་སྤྱིན་བདག་འཚོལ་བའི་ལེའུ་དང་པོ་བཀྲ་ཤིས་བདེ་ལེགས་ངང་རྫོགས་ནས་ལེའུ་གཉིས་པ་བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་ཕྱག་ལས་གནང་ན་འོས་ཤིང་འཚམས་པའི་མཛད་འཕྲིན་རེད།
དམིགས་ཚད་འདི་འདྲ་བཟུང་བར་དགའ་བསུ་ཡོད།
འོན་ཀྱང་གནའ་དུས་སུ་ཐེ་ཝན་དང་མཉམ་འགྲོགས་བྱས་དུས་རྒྱལ་ཚོང་པ་དང་ཐ་ཝེན་ཕོགས་གཟན་ཞེས་བསྒྲགས། དེང་གི་དུས་སུ་རིག་གཞུང་སྲུང་སྐྱོབས་ཞེས་པ་དང་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་ཞེས་སྒྲོགས་པ་འདི་ལ་མགོ་འཐོམ་སོང།   རྫ་ཚེ་ལགས་ཀྱིས་གནས་ཚུལ་འདི་ལྟར་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།
ཡག་པོ་རེད་འདུག
ཚོགས་འདུ་འདི་འདྲ་ངེས་པར་ཏུ་དགོས་ངེས་ཞིག་རེད། ཀྲུང་གོ་སྲིད་གཞུང་ཕྱོགས་ནས་ལོ་ཤས་ནང་རྒྱ་བརྒྱུད་དང་ལྷོ་བརྒྱུད་ཀྱི་རྒྱལ་ཁབ་ཆ་ངེ་ཆུང་ངེ་སྐོར་ཞིག་གི་དགེ་འདུན་པ་ཁ་ཤས་བསྡུས་ནས། འཛམ་གླིང་ནང་ཆོས་ཚོགས་ཆེན་དང་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་སོགས་སུ་བསྙད་ནས། བོད་བརྒྱུད་ནང་བསྟན་ནི་ནང་པ་མིན་རབས་དང་།  རྒྱ་མཚོའི་བླ་མ་ནི་ནང་པའི་ཚབ་མཚོན་ཏུ་མི་རུང་ཚུལ་འུར་སྒྲོག་བྱེད་བཞིན་པ་དེ་དག་ནི། སྲིད་དོན་གྱི་ཆ་ཙམ་ཞིག་མ་རེད། སྲིད་དོན་པ་ཚོས་ནང་པ་དག་བེད་སྤྱད་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་དམའ་འབེབས་དང་། འགོག་རྐྱེན་བཟོ་བཞིན་པ་ཞིག་རེད། དེ་བས་ན་བོད་བརྒྱུད་ནང་བསྟན་ཉམས་ལེན་གནང་མཁན་དང་མཁས་པ་ཚོའི་ངོས་ནས་ཀྱང་ཚོགས་འདུ་འདི་འདྲ་ངེས་པར་ཏུ་གལ་ཆེན་རེད། ང་ཚོ་འཛམ་གླིང་གི་ནང་པ་ཡོངས་དང་ལྷན་དུ་བགྲོ་གླེང་དང་སྦྱང་བཤད་གནང་དགོས་ངེས་ཞིག་རེད།
   དེ་ནས་ཚོགས་ཐོག་ཏུ་ཡིན་ན་ཡང་ང་ཚོའི་ངོས་ནས་ལྷོ་བརྒྱུད་དང་རྒྱ་བརྒྱུད་ངོས་ན་ངོས་ལེན་གནང་མི་ཐུབ་པའི་རིགས་ཡོད་སྲིད་ན་ཨུ་ཚུགས་རྒྱག་རྒྱུ་མི་འདུག ངོས་ལེན་བྱེད་ཐུབ་པའི་ཆ་རྣམས་མང་ཙམ་བགྲོ་གླེང་གནང་ཐུབ་ན་ཡག་པོ་འདུག་བསམ། གོང་གི་སྤོབས་པ་མཐའ་ཡས་ཀྱི་བསམ་ཚུལ་དེ་རེད། དངོས་གནས་གལ་ཆེན་པོ་རེད་བསམ། ང་ཚོའི་ངོས་ནས་ཀྱང་ལེན་དགོས་པ་མང་པོ་ཡོད་ཀྱི་རེད་བསམ། ད་དུང་མུ་མཐུད་ནས་ཚོགས་ཐུབ་རྒྱུར་རེ་བ་དང་ཡིད་ཆེས་ཡོད། འཛམ་གླིང་གི་ནང་པ་ཡོངས་གཅིག་གྱུར་གྱི་ས་བོན་འདེབས་ཐུབ་པའི་ཡིད་ཆེས་དང་སྨོན་ལམ་ཡོད།
ལྷོ་རྒྱ་བོད་གསུམ་གྱི་ཚོགས་འདུ་ཡག་པོ་འདུག་མོད། བོད་ཕྱོགས་ཀྱི་ཚབ་མཚོན་མི་སྣ་ཚོ་མཐོང་བས་རེ་ཐང་ཆད་སོང་ཞུ་རྒྱུ་ཡིན།
རྫ་ཚེ་ལགས། གསལ་བཤད་གནང་བ་ཡག
ཁྱེད་ཀྱི་དམིགས་ཚད་བཞིན་བྱ་བཞག་ལེགས་འགྲུབ་ཡོང་བར་སྨོན།
ལ་སྟོད་བུ་ལགས། ང་བོད་རིགས་ཤིག་ཡིན་པའི་ཆ་ནས་གནད་དོན་འདིའི་སྐོར་ངས་ཁྱོད་ལ་ལན་བཏབ་ན་མི་ཆོག་པ་མ་མཐོང་བས་ལན་འདི་འདེབས་བཞིན་ཡོད། ཐའེ་ཝན་བོད་སོག་ལས་ཁུངས་གི་གཞི་རྩའི་ལངས་ཕྱོགས་བཞིན་ལོ་རྒྱུས་རང་བཞིན་ཅན་གྱི་བོད་འདི་རྒྱ་ཁོངས་ཡིན་པ་གཞིར་བཞག་གིས་ལས་ཀ་བྱས་ནས་ང་ཚོའི་སྤྱི་ཚོགས་ནང་ནས་སྐྱོན་བརྗོད་ཕོག་པ་རེད། ཡིན་ན་ཡང་ཆོས་དང་། རིག་གཞུང་། གྲོགས་པོའི་འབྲེལ་བའི་ངོས་ནས་ལས་ཀ་བྱེད་ཐུབ་ན་ཕྱོགས་ཚང་མར་ཁེ་ཕན་ཆེན་པོ་ཡོད་པས་ང་ཚོའི་སྤྱི་ཚོགས་ནང་དུ་ལྟ་སྟངས་གང་ཡང་མེད་པ་རེད། ལྷག་པར་ཡང་ཐའེ་ཝན་ནི་རྒྱལ་བ་ཤཱཀྱ་ཐུབ་པའི་རྗེས་འཇུག་པ་མང་པོ་ཡོད་སའི་གླིང་ཕྲན་ཞིག་དང་དམར་གུང་གི་འཇིགས་སྐུལ་འོག་ཏུ་ཚུད་ཡོད་པའི་ཆ་ནས་ང་ཚོ་དང་ཐུན་མོང་གི་སྐྱིད་སྡུག་མཐུན་པ་མང་པོ་ཡོད་སྟབས་ང་ཚོ་བོད་མི་དང་ཐའེ་ཝན་མི་མང་བར་ལ་འབྲེལ་བ་གཏིང་ཟབ་མོ་ཞིག་ག་དུས་ཡིན་ན་ཡང་ཡོད་ཡོད་པ་རེད། འདིའི་སྐོར་ལ་ཁྱེད་དབུ་འཐོམ་པ་དེས་ནི་སྐུ་ཉིད་བོད་མིའི་སྤྱི་ཚོགས་ལ་ཆ་རྒྱུས་ཞིབ་མོ་ཞིག་མེད་པ་སྟོན་གྱིན་འདུག
སྐད་ཆ་ཐད་ཀར་བཤད་ན་བོད་བརྒྱུད་ནང་བསྟན་དང་ནང་བསྟན་ཆོས་བརྒྱུད་གཞན་དག་གི་བར་ཡིན་ན་ཡང་འདྲ། ལྷོ་བྱང་གི་ནང་བསྟན་ཆོས་བརྒྱུད་བར་ཡིན་ན་ཡང་འདྲ། ང་ཚོའི་བར་གྱི་བུ་སྤུན་གྱི་འདུ་ཤེས་དེ་ནམ་ཡང་འདོར་མྱོང་མེད་པ་རེད། རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་རང་ངོས་ནས་བཤད་ན་གཞི་རྩའི་ཆ་ནས་ཐུན་མོང་གི་གཞི་གཅིག་ལ་འབབ་ཐུབ་ཀྱིན་ཡོད་པ་རེད། ཡིན་ན་ཡང་དཀའ་ངལ་ཞིག་ཀྱང་ཡོད་པ་རེད། དཀའ་ངལ་དེ་ནི་གཞན་གང་ཡང་མ་ཡིན་པར་ནང་ཁུལ་གྱི་ཆབ་སྲིད་དང་ཡུལ་སྲོལ་རིག་གཞུང་གི་ཤུགས་རྐྱེན་ཐེབས་སྟངས་མ་མཐུན་པ་ཙམ་རེད། ནང་ཁུལ་གྱི་ཆབ་སྲིད་ནི་དཔེར་ན་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པའི་རྗེས་འཇུག་པ་སྤྱིའི་ཚོགས་འདུ་ཞིག་འཚོགས་ན་བཞུགས་གྲལ་བསྒྲིགས་སྟངས་དང་ཆོ་ག་འདོན་སྟངས་སོགས་ཀྱི་ཐད་ལ་དཀའ་ངལ་ཞིག་འཕྲད་ཀྱིན་འདུག ང་ཚོས་སྤྲུལ་སྐུ་དེ་ཚོ་གལ་ཆེན་པོར་བརྩི་བ་ཡིན་སྟབས་སྤྲུལ་སྐུ་ན་གཞོན་ཞིག་གྲལ་མགོར་འདོན་པ་དེ་ལ་བསླབ་པ་མཐོ་དམན་ཁོ་ནར་ཞེན་པ་ཆེ་བའི་གནས་བརྟན་པ་ཚོས་ངོས་ལེན་བྱེད་འདོད་མི་འདུག དེ་བཞིན་དུ་ཕྱི་དྲོའི་ཁ་ཟས་དང་དམར་ཟས་བསྟེན་མིན་སོགས་ཀྱིས་ཀྱང་ཕན་ཚུན་ལ་ལྟ་སྟངས་མ་འདྲ་བ་ཡོང་གིན་འདུག འདིའི་སྐོར་ལ་བཤད་འདོད་པ་ཧ་ཅང་མང་ཡང་བཤད་རོགས་རྙེད་ཁག་པོ་ཡིན་སྟབས་ད་དུང་ཚང་མ་མགྲིན་པ་མན་ཆད་དུ་ལུས་ཡོད། རྫ་ཚེ་རིང་བསྐར་ཤིས་ལགས་ཀྱི་གསལ་བཤད་ཅིག་ལ་བསྒུགས་ནས་བསྡད་ཡོད།
དགོངས་དག ཡིག་ནོར་ཤོར་འདུག   རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱི་གསལ་བཤད་ཅིག་ལ་བསྒུགས་ནས་བསྡད་ཡོད།
ཨོ་སྤོབས་མཐའ་ལགས་ནས་སྤོབས་པ་ཆེན་པོས་གསལ་འགྲེལ་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་དགའ་དུས་ལྷ་དང་མི་དགའ་དུས་འདྲེ་ལྟར་མཆོད་བཀུར་བྱེད་པ་དེ་ནི་ཆབ་སྲིད་ཀྱི་འགྲོ་སྟངས་ཤིག་ཡིན་ན་ལས་མི་བུ་བློ་བརྟན་གྱི་འགྲོ་ལུགས་ཤིག་གཏན་ནས་མིན་པར་སྙམས། བོད་ཀྱི་ལོ་རྒྱུས་ནང་དུ་རང་ཉིད་ཀྱི་ཆོས་ལུགས་དར་སྤེལ་ཡོང་སླད་དུ་ཕུགས་ཀྱི་མི་རིགས་ཀྱི་འདུན་ལམ་མང་པོ་ཞིག་བརླག་ཡོད་པའང་ཁྱེད་བོད་ལ་ཐུགས་རྒྱུས་ཆེ་བས་ལོས་མཁྱེན། ཨ་ལགས་ཀུ་རྩེད་ཞུས་ཡིན་ད། ཞི་མི་དམར་ནག་གཉིས་ཀྱིས་དམིགས་ཡུལ་གང་བཟུང་གཡས་བསྐོར་གཡོན་བསྐོར་ཇི་ལྟར་བྱེད་ཀྱང་ནམ་ཡང་གཏོང་གི་མ་རེད། དེ་བོད་པས་ལོས་མཁྱེན།
སྤོབས་པ་མཐའ་ཡས་ལགས། བཤད་རོགས་ཡོད་མེད་ལ་མ་གཟིགས་པར་མུ་མཐུད་དེའི་སྐོར་ལ་མང་ཙམ་གསུང་རོགས། མཁས་པའི་ལེགས་བཤད་ཀྱིས་ཀུན་ལ་བློ་སྐྱེད་འབྱུང་། དེ་བཞིན་ད་རེས་ཀྱི་བཞུགས་མོལ་ཚོགས་འདུ་འདི་ལྟ་བུ་ནི་ཧ་གལ་ཆེད་པོ་ཞིག་རེད་སྙམ།
ལ་སྟོད་བུ་ལགས། ཞིམ་བུ་དང་ཙི་ཙིའི་སྐད་ཆ་དེ་ཚོ་གཏིང་གནག་པའི་ཆབ་སྲིད་པ་ཁོ་ནའི་ལྟ་སྟངས་ཙམ་རེད། ཡིན་ན་ཡང་དཔེ་མཚོན་དེ་ནམ་ཡིན་ན་ཡང་བོད་མི་མང་དང་ཐའེ་ཝན་མི་མང་ལ་སྦྱར་བ་དེས་སྨྲ་བ་པོ་རང་ཉིད་ཀྱི་མི་གཤིས་དེ་གསལ་སྟོན་བྱས་པ་ཙམ་ལས་ཐའེ་ཝན་མི་མང་དང་བོད་མི་མང་བར་གྱི་འབྲེལ་བ་གསལ་བཤད་བྱེད་ཐུབ་ཀྱིན་མི་འདུག ཐའེ་ཝན་མི་མང་དང་བོད་མི་མང་བར་གྱི་འབྲེལ་བ་དེ་རྒྱ་མཚོ་ལྟ་བུ་ཞིག་ཡིན་པར་དཔེ་བཞག་ན་ཞིམ་བུ་དཀར་ནག་དང་ཙི་ཙིའི་དཔེ་འཇོག་དེ་ནི་ཆུ་ཐིགས་གཅིག་ཙམ་རེད། འདིའི་ཐད་ལ་ཁྱེད་ཀྱིས་ཐུགས་འཚབ་གཏན་ནས་གནང་མི་དགོས། ང་ཚོ་བརྒྱ་ཆ་བརྒྱ་ཐམ་པ་ཡིད་ཆེས་བརྟན་པོ་ཡོད།
ཨ་ར་དཀར་པོ་ལགས། ཁྱེད་ཀྱི་མཆན་འདེབས་སྟངས་དང་རྩོམ་འབྲི་སྟངས་ལ་ངས་དགའ་མོས་ཆེན་པོ་བྱེད་བཞིན་པའི་སྒང་ཡིན། ཁྱེད་ཀྱིས་ངས་བཤད་པ་ལ་དོ་སྣང་གནང་བ་དེར་ཐུགས་རྗེ་ཆེ་ཞུ་བ་ལས་མ་འདས། ཐོག་མར་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་མཇུག་སྡོམ་གསལ་བཤད་ཅིག་གནང་རྩིས་འདུག་པས་དེ་ལ་སྒུག  དེ་ནས་རང་རང་གི་བསམ་ཚུལ་བཤད། ང་ལྟ་བུ་ཡིན་ན་འདི་ལྟ་བུའི་བགྲོ་གླེང་དང་ཚོགས་འདུ་དེ་ཚོར་མི་སྣ་སུ་ཞིག་ཞུགས་མིན་དེ་དེ་ཙམ་གལ་ཆེན་པོར་མི་བརྩི། གཙོ་བོ་དེ་ནི་ཚོགས་འདུ་དེའི་ཁ་ཕྱོགས་དང་དམིགས་ཡུལ་སོགས་གཙོ་བོར་འཛིན་གྱི་ཡོད།
ངས་མཇུག་སྡོམ་གསལ་བཤད་ལ་སྒུག་ཡོད་གསུང་མཁན་སྤོབས་པ་ལགས་ཀྱི་དབུས་པའི་གསམ་ཚུལ་འདོན་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ།  ཕྱོགས་སོ་སོའི་ཚོགས་ཞུགས་པ་དག་གི་རིན་བྲལ་གྱི་བཀའ་སློབ་གང་གནང་དག་ལས་ཕྲན་གྱིས་བློ་ལ་གང་ངེས་རེ་མུ་མཐུད་ཞུ་རྒྱུ་ཡིན། དཔེར་ན། ལྷོ་བརྒྱུད་ཀྱི་ངོས་ནས་ཀྱང་སྐད་ཆ་ཐོག་དང་པོ་དེ་ང་ཚོ་ལྷོ་བྱང་བོད་གསུམ་གྱི་བརྒྱུད་པ་གང་ཡིན་ཡང་མྱང་འདས་དོན་དུ་གཉེར་མཁན་ཤ་སྟག་རེད་ཅེས་གསུང་གིན་འདུག མ་གཞི་ཁོང་ཚོས་མྱང་འདས་ཟེར་བའི་ཚིག་འདི་ལ་ཧ་ཅང་གཅེས་སྤྲས་གནང་གིན་ཡོད་པའི་ཚོར་སྣང་བྱུང་།
བོད་ཀྱི་ཁྱིམ་པའི་རྟེན་ཅན་ལ་རབ་ཏུ་བྱུང་བའི་རྟེན་ཅན་གྱི་ཕྱག་བྱ་བའི་སྐོར་ལ་དོགས་འདྲི་གནང་མཁན་བྱུང་སོང་། དེ་བཞིན་ལྷ་ཡབ་ཡུམ་མཉམ་སྦྱོར་གྱི་རི་མོ་སོགས་དང་ལེན་བྱེད་དཀའ་བའི་ཚོར་བ་ཡོད་པའི་རྣམ་འགྱུར་སྟོན་མཁན་ཡང་འདུག བོད་ཀྱི་དགེ་བཤེས་ལྷ་རམས་ཞིག་ཐོན་པ་ལ་ལོ་ཉི་ཤུ་དགོས་པ་ལྟ་བུའི་ནང་ཆོས་ཤེས་ཡོན་གྱི་ལམ་ལུགས་དང་། དབང་ལུང་ཁྲིད་གསུམ་གང་ལ་ཡང་བརྒྱུད་པ་གཙིགས་སུ་འཛིན་པའི་ལུགས་སྲོལ་ལ་དམིགས་བསལ་བསྔགས་བརྗོད་ཆེན་པོ་གནང་མཁན་མང་པོ་བྱུང་བར་མ་ཟད། དེ་ལས་རྒྱ་བརྒྱུད་ཀྱིས་ལེགས་ཆ་ལེན་དགོས་པའི་བསམ་ཚུལ་རྒྱ་རིགས་མཁས་པ་རང་གི་ནང་ནས་ཀྱང་སྐད་ཆེན་པོས་བཤད་མཁན་བྱུང་སོང་།
སྐུ་ཚེ་བརྟན་རྒྱུ་ཁྱེད་རྣམ་པས་བྱ་བ་རླབས་ཆེན་དང་མཛད་པ་ཧ་ལས་པ་གནང་འདུག  ཡི་རང་དང་བསྔགས་བརྗོད་ཡང་ཡང་ཡོད། སངས་རྒྱས་བསྟན་པའི་སྙིང་པོ་བཤད་སྒྲུབ་ཡིན་པས། ལུང་གི་ཆོས་ལ་འཆད་ཉན་བགྲོ་གླེང་། །རྟོགས་པའི་ཆོས་ལ་སྒོམ་སྒྲུབ་ཉམས་བཞེས་ལས་ལྷག་ཅི་ཡོད། དེ་ཡང་རྒྱ་བོད་རིས་སུ་མ་ཆད་པར་བསམ་འཆར་དང་བསྟན་པ་དར་རྒྱས་ཆེད་དུ་བགྲོ་གླེང་གནང་བར་ཤིན་ཏུ་གལ་ཆེའོ། ལྷག་པར་རྒྱལ་ཁབ་དེ་ལ་བསམ་ཡང་བོད་རིགས་སྤྱི་ཁྱབ་ལ་འཇིག་རྟེན་སྦྱིན་བདག་ཕྱོགས་ནས་བཀའ་དྲིན་ཆེན་པོ་རེད། ཆོས་ལྡན་གྱི་རྒྱལ་ཁབ་རེད། ཡིན་ན་ཡང་གསང་སྔགས་བསྟན་པའི་འབྱུང་གནས་བབ་སོ་ཉམས་བཞེས་དང་ཕྱི་ནང་གསང་བའི་དག་སྣང་དང་། ཁྱད་པར་སྔགས་པ་དང་རབ་བྱུང་གཉིས་ཏེ་གཉིས་ཀར་འཚོགས་འདུ་བྱས་ན་བཟང་བར་སྣང་། ལྷོ་ནུབ་ཤར་ཕྱོགས་སམ་ཉན་ཐོས་སྡེ་བའི་ཕྱོགས་དང་ཐེག་ཆེན་མདོ་ཕྱོགས་ནས་མི་མཐུན་པ་མེད་པ་དང་། སྔགས་ཕྱོགས་ནས་ལྟ་སྒོམ་སྤྱོད་པ་འབྲས་བཅས་ཚང་ལ་མ་ནོར་བ་བཤད་ན་གཟོད་སྔ་རྒོལ་བ་དང་། རྨོངས་པའི་གཞན་དབང་དུ་སོང་བ་དག་ལ་ངོ་སྤྲོད་ཡང་དག་དང་། རྒྱུ་མཚན་བཅས་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཁྱད་པར་མཐོང་བ་ཡིན་ནོ། དེས་ན་རྗེས་སོར་དགེ་འདུན་པའི་སྡེ་གཉིས་ཀས་འདྲ་མཉམ་དང་མཐུན་ལམ་ཀྱིས་ཚང་མས་ནང་མཐུན་གྱི་ཐེག་པའི་གོ་རིམ་ལ་ཡང་དག་མཁྱེན་པར་སྙིང་ནས་རེ་བསྐུལ་ཞུ། ། ཆོས་མཆེད་དམ་པ་རྣམས་ལ་ཤྲྰིས་གུས་ཕུལ། །
༄ སྤོབས་པ་མཐའ་ཡས་ལགས་ཀྱིས་མཆན་དང་ལན་གང་འདེབས་གནང་བར་གུས་དགེ་འདུན་པད་དཀར་ནས་རྗེས་སུ་ཡིད་རངས་ཞུ། །
ལྷ་ཡབ་ཡུམ་ཅན་གྱི་གཟུགས་རིས་ལ་ལྟ་སྟངས་མི་བཟང་བ་དེར་ཁག་མི་འདུག ང་ཡིན་ན་ཡང་དེང་དུས་སུ་གཟུགས་རིས་དེ་རིགས་མཆོད་བཤམས་ནང་དུ་འཇོག་གིན་མེད། འདི་ལ་བོད་ཀྱི་བླ་མ་མཁས་པ་ཚོའི་ཁྲོད་ལ་ཡང་ལྟ་སྟངས་ཡོད་མཁན་འདུག དཔེར་ན་བོད་ནང་གི་བླ་མ་མཁས་པ་སྐུ་གཤེགས་མཁན་པོ་འཇིགས་མེད་ཕུན་ཚོགས་ལགས་ཀྱིས་ཀྱང་ལྷ་ཞི་དྲག་གི་རྣམ་འགྱུར་ཅན་ཁྱབ་སྤེལ་འདི་བསྟན་པ་ལ་གནོད་རྐྱེན་དུ་འགྱུར་སྲིད་སྐོར་ཞིག་གསུངས་པ་སྔོན་ནས་ཐོས། དེ་ཡིན་དུས་སྐུ་བརྙན་འདི་རིགས་རང་ཉིད་ཀྱི་ཉམས་ལེན་ལ་ངེས་པར་དུ་མཁོ་ན་གསང་བའི་སྒོས་ཉག་ཚགས་བྱེད་པ་མ་གཏོགས་སྤྱི་ཚོགས་ཀྱི་མིག་མདུན་དུ་ཁྱབ་སྤེལ་ཉུང་དུ་གཏོང་དགོས་པ་གལ་ཆེན་པོ་རེད། ད་དུང་མཁན་པོ་འཇིགས་མེད་ཕུན་ཚོགས་ལགས་ཀྱིས་ཤོག་བུའི་རླུང་རྟ་གང་སར་གཏོར་བ་དེ་ཡང་མི་འབཟང་ཚུལ་སྔོན་ནས་གསུངས་འདུག   དེ་ཚོར་གཟབ་དགོས་པ་འདུག
ནང་ཆོས་འདི་མི་ལོ་ཉིས་སྟོང་ལྔ་བརྒྱའི་རིང་ལ་མི་སྣ་འདྲ་མིན་སྣ་ཚོགས་ཤིག་གི་ལག་ཆར་བེད་སྤྱད་འདུག དེ་ཡང་ཆབ་སྲིད་པ་དང་། མཚན་ཉིད་རིག་པ་བ། སྒྱུ་རྩལ་བ། སྲོལ་རྒྱུན་ཆོས་ལུགས་ཀྱི་དད་མོས་བ། སྤྱི་ཚོགས་ལས་འགུལ་བ། རྒྱལ་ཞེན་པ། མདོར་ན་དམག་དཔོན་ཡན་ཆད་ཀྱི་ལག་ཆར་གྱུར་ནས་རང་རང་གི་གནས་སྐབས་ཀྱི་དགོས་མཁོ་བཞིན་འདོར་ལེན་ལུང་པ་གང་བྱས་འདུག དེ་ཡིན་དུས་དེང་སྐབས་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་བདེན་པ་བཞི་དང་། རྟེན་འབྲེལ་ཡན་ལག་བཅུ་གཉིས། འཕགས་པའི་ལམ་ཡན་ལག་བརྒྱད་སོགས་སངས་རྒྱས་ཀྱི་གཞི་རྩའི་བཀའ་སློབ་དེ་གསལ་འདོན་ག་ཚོད་ཐུབ་ཐུབ་བྱེད་དགོས་ཀྱིན་འདུག ངས་དེ་ལ་འཇིག་རྟེན་ཡོངས་ཁྱབ་ཀྱི་ནང་ཆོས་universal Buddhism ཞེས་འདོགས་ཀྱིན་ཡོད། ཐ་ན་ལྷའི་གཟུགས་རིས་བཤམ་སྟངས་ཡིན་ན་ཞི་ཆགས་ཀྱི་ཉམས་ཅན་དེ་ཚོ་ཕར་ཞོག ཐ་ན་སྤྱན་རས་གཟིགས་དང་སྒྲོལ་མ་སོགས་ཀྱང་ཧིན་དྷུ་དང་ཐུན་མོང་ཡིན་སྟབས་ཁྱབ་སྤེལ་ཆེན་པོ་བྱས་མ་བྱས་མི་འདུག སྟོན་པ་གཅིག་ལ་བསྟན་པ་གཅིག་ཡོད་པ་དེ་རྒྱལ་བ་ཤཱཀྱ་ཐུབ་པ་ཡིན་སྟབས་སྟོན་པའི་སྐུ་བརྙན་ཙམ་བཤམས་ན་ཆོག་པ་འདུག ང་ཚོ་སུ་ཡིན་ན་ཡང་ཐོག་མ་ནས་རང་རང་གི་གདམས་ངག་བརྒྱུད་པ་དང་ཐུན་མིན་ཁྱད་ཆོས་ཅན་གྱི་ཆོ་ག་སོགས་གལ་ཆེན་ཁོ་ནར་བཟུང་ན་ནང་པ་སྤྱིའི་མཐུན་འབྲེལ་མཉམ་ལས་ལ་ཕན་ཐོགས་གིན་མི་འདུག   དེ་ཚོ་ངའི་ལྟ་སྟངས་ཡིན།
འོ་ཡ། ལས་འགུལ་འདི་འདྲ་སྤེལ་རྒྱུ་ཤིན་ཏུ་གལ་ཆེན་པོར་མཐོང་གི་ཡོད། ཁྱེད་ཚོས་ཚོགས་འདུའི་ནང་གནད་ཡོད་ཀྱི་མི་སྣ་གང་འཚམས་ཤིག་གདན་འདྲོངས་འདུག་པས་ཡག་པོ་བྱུང་འདུག གལ་གནད་ཆེ་བ་ཞིག་ལ། འཛམ་གླིང་ནང་ཤུགས་རྐྱེན་ཤིན་ཏུ་ཆེ་བའི༼སངས་རྒྱས་འོད་ཀྱི་རི་བོ༽འཐུས་ཚབ་དང་། ༼སྙིང་རྗེ་ཆེན་པོ༽ཆོས་ཚོགས་སམ། བཙུན་མ་ཚི་ཅུས་ཀྱི་འཐུས་ཚབ་མི་སྣ་གཅིག་ཀྱང་ཕེབས་མེད་པ་འདྲ། མགྲོན་ཤོག་ཕུལ་སྟབས་མ་བདེ་བ་ཡིན་ནམ། ཡང་ན། མ་ཕེབས་པ་རེད། གོང་གི་བརྗོད་གཞི་དྲུག་གི་ཐོག ཆོས་ཚོགས་དེ་དག་ལས་དོ་གལ་ཅན་གྱི་ཞལ་ཏ་མང་བོ་ཞིག་ལེན་རྒྱུ་ཡོད་པ་འདྲ། ༡༽བོད་ཀྱི་ནང་བསྟན་ལ་གོ་ནོར་ཐེབས་སུ་འཇུག་མཁན་བོད་པ་རང་ཉིད་རེད། དམ་ཆོས་འདུལ་བའི་ནང་དོན་དང་མཐུན་པར་ཀུན་སྤྱོད་འཁྱེར་ཐུབ་ན། གོ་ནོར་མང་བོ་ཞིག་རང་བཞིན་གྱིས་བརྡ་སྤྲོད་ཐུབ་ཅིང་། རྩོད་པའང་ཆོས་ཕྱོགས་སུ་མ་ཞི་རང་ཞི་རེད།
༢༽བོད་ཀྱི་ནང་བསྟན་ན་བཞུགས་པའི་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་དང་། བདེན་པ་བཞི། རྟེན་འབྲེལ་ཡན་ལག་བཅུ་གཉིས། འཕགས་ལམ་ཡན་ལག་བརྒྱད། སོར་བྱང་སྔགས་ཀྱི་སྡོམ་པ་སོགས། རྒྱལ་བསྟན་གྱི་རྨང་གཞི་ཕལ་ཆེར་ཞིག་ཉམས་འགྲོ་གི་ཡོད་པ་འདྲ། དེ་ཅི་ལྟར་བྱས་ནས་ཉམས་འགྲོ་གི་ཡོད་པ་རེད། ངས་བསམས་ན། བོད་པ་ཚོས་འཆད་འོས་པའི་ཆོས་མི་འཆད། འཆད་མ་རན་པའི་སྔགས་རྫོགས་ཕྱག་གསུམ་གྱི་རྣམ་བཞག རང་གི་སྤྱོད་པ་ཡ་མ་གཟུགས་དང་མཉམ་དུ་བསྲེས་ནས་བསྒྲགས་ཀྱིན་ཡོད་པ་རེད། འདི་ལ་གདུལ་བྱ་གསར་བ་བརྒྱ་འདུས་ཀྱང་། རང་ཕྱོགས་ཀྱི་སྟེང་ཞེན་པ་ལོག་འགྲོ་གི་ཡོད་པ་རེད། འདི་ཕལ་ཆེར་དྲེད་ཀྱིས་བྱི་བ་བསྐོ་བ་ལྟ་བུ་ཞིག་རེད།
༣༽བོད་པའི་གྲྭ་བ་དང་། སྔགས་པ་གཉིས་ས་མཚམས་གསལ་བོ་ཞིག་ཕྱེ་དགོས་ཀྱི་འདུག སྔགས་པ་ཁྱིམ་པའི་རྟེན་ཅན་ཞིག་ཡིན་ཕྱིན་སྔགས་ཆས་ལས། གྲྭ་ཆས་མ་མནབས་ན་ཡག་པོ་འདུག དེ་བཞིན་བླ་སྤྲུལ་ཁྱིམ་པའི་རྟེན་ཅན་ལའང་གཅིག་མཚུངས་རེད། ཁྱིམ་པའི་གོས་བསྣབས་ན་ཡག་ཤོས་རེད། གྲྭ་ཆས་དང་། མཁན་ཆས་ལྟ་བུ་བསྣབས་བསྡད་ན་མིག་ལྟོས་ལ་ཡག་པོ་མི་འདུག ཕ་རོལ་བོ་མགོ་རྨོངས་ཀྱི་ཡོད་པ་རེད། འདིས་སངས་རྒྱས་ཀྱི་བསྟན་པའི་གཞི་མ་རབ་བྱུང་དགེ་འདུན་གྱི་སྡེའི་ཆེ་མཐོང་དང་རིན་ཐང་ལ་གནོད་ཀྱིན་འདུག བླ་གྲྭ་སྔགས་མཁན་གྱི་མཚན་ཉིད་ཆ་ཚང་ལྡན་པའི་སྐྱེས་བུ་ཞིག་ན། རབ་བྱུང་ངུར་སྨྲིག་གི་གོས་བསྣམས་ན་བསྟན་པའི་ཆེ་བ་རེད། ༤༽ནང་ཆོས་དང་སྤྱི་ཚོགས་བར་གྱི་འབྲེལ་ཐག་ཉེ་རུ་གཏོང་ཐབས་ཞེས་པ་འདི་ཧ་ཅང་གི་གལ་གནད་ཅན་ཞིག་རེད། སངས་རྒྱས་ཀྱིས་ནང་ཆོས་སྤྱི་ཚོགས་ཀྱི་ཆེད་དུ་རྩལ་འདོན་གནང་བ་རེད། འོན་ཏེ། ཉམས་ལེན་དང་འཛིན་སྐྱོང་གི་དགོས་མཁོ་ལས། དགོན་པ་དང་། གྲོང་ཁྱིམ་ཞེས་སོ་སོར་གནས་ནས་ལོ་བར་མང་བོར་བསྡད་པ་རེད། བོད་ལ་མཚོན་ན་ད་ལྟའི་བར་རབ་བྱུང་དགེ་འདུན་གྱི་སྡེ་གཙོ་བོར་གྱུར་པའི་ཆོས་པའི་སྤྱི་ཚོགས་ལ། རང་ཉིད་ཀྱི་ཆེས་ཚད་མཐོའི་དད་པ་དང་དག་སྣང་ཐོག བདོག་པའི་དངོས་པོ་གང་ཡོད་ཕངས་མེད་དུ་བཏངས་ནས། མཆོད་སྦྱིན་བྱས་དང་བྱེད་བཞིན་ཡོད་པ་རེད། རང་གཞན་གཉིས་ཀས་དགེ་ཚོགས་རྒྱ་ཆེན་པོ་ཞིག་བསགས་ཡོད་རྒྱུ་རེད། ད་ནི་དུས་རབས་ཀྱི་འགྱུར་འགྲོས་དང་། སྤྱི་ཚོགས་ཀྱི་ཁ་ཕྱོགས་ཀྱང་། དད་པ་དང་། དག་སྣང་། ཡིད་ཆེས་གཅིག་པུ་མ་ཡིན་པར། བློ་རིག་དང་བརྟག་དཔྱད་འགྲན་རྩོད་ཀྱི་དུས་ཚོད་ཅིག་གི་ནང་ཞུགས་ཡོང་གི་ཡོད་པ་རེད། དེར་བརྟེན། ཆོས་བྱེད་དགོན་སྡེ་ཞིག་ཡིན་ཀྱང་། སྤྱི་ཚོགས་ཀྱི་ལས་རིམ་ཁག་ཏུ་ཞུགས་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་བདེ་སྡུག་ལ་ཁ་ཡོད་ལག་ཡོད་ཀྱི་འགན་ཁུར་དགོས་ཀྱི་འདུག དཔེར་ན། སྤྱི་ཚོགས་ཀྱི་འགལ་ཟླའི་རྙོག་འཛིངས་སེལ་ཐབས། སྤྱི་ཚོགས་ཀྱི་ཡིག་རྨོངས་སེལ་བའི་ལས་ལ་དངོས་སུ་འཇུག་པ། ནང་ཆོས་ཀྱི་བྱམས་བརྩེ་དང་ལས་འབྲས་ཀྱི་ནུས་པ་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་བཀོལ་སྤྱོད། སྐྱ་བོའི་སྤྱི་ཚོགས་ལ་ནང་དོན་རིག་པའི་ཤེས་རིག་གི་གོ་རྟོགས་སྤེལ་ཐབས། སྤྱི་སྒེར་གྱི་བཅའ་བ་སྐུ་རིམ་སོགས། ཆོས་ལ་བརྟེན་པའི་བྱ་བཞག་གང་ཡོད་ཀྱི་ནང་། མ་བསྐུལ་དང་བླངས་ཀྱི་ཐོག་ནས་ཞུགས་ཏེ་རོགས་ཕན་བྱེད་ཐུབ་པ་བྱུང་ན། ཆོས་དང་སྤྱི་ཚོགས་གཅིག་ལ་གཅིག་བརྟེན་དུ་ཆགས་པ་རེད་ལ། སངས་རྒྱས་ཀྱི་དགོངས་པའང་དངོས་དོན་གྱི་ལག་ལེན་ལ་ཐེབས་ཐུབ་པ་རེད། ༥༽ནང་ཆོས་འཆད་མཉན་གྱི་སྐོར་ལ། བླ་མ་ཁྲི་ལ་བཞུགས། གྲྭ་བ་གདན་དུ་བསྡད། སློབ་ཚོགས་མཐའ་ནས་བསྐོར་ཏེ་ཆོས་འཆད་སྟངས་འདི་སྲོལ་རྒྱུན་གྱི་འགྲོ་ལུགས་ཤིག་རེད། ང་ཚོའི་འགྲོ་སྟངས་འདི་ལ་འགྱུར་བ་ཞིག་གཏོང་དགོས་ཀྱི་འདུག ལྷག་པར་ཕྱི་རྒྱལ་དུ་ཆོས་འཆད་སྐབས། བརྗིད་ཉམས་ཅན་དང་འཁྲིགས་པོ་དགོས་ཀྱི་འདུག གདུལ་བྱ་དགུག་ཐབས་ཡེ་ཤུ་སོགས་ཆོས་བརྒྱུད་ཆེ་ཁག་གཞན་ལྟར་དངུལ་དངོས་ཀྱི་འགྲོ་སོང་ཆེན་པོ་གཏོང་རྒྱུ་མེད་ཀྱང་། དགུག་ཤུགས་ཅན་གྱི་ཕྱིའི་རྣམ་པ་རྫིག་པོ་དགོས་ཀྱི་འདུག དེའང་ཆོས་ཀྱི་འདུ་རྭ་གཙང་ཞིང་ཡིད་དུ་འོང་བ། མི་རྣམས་རང་བཞིན་གྱིས་ཡོང་སྤྲོ་བོ་བཟོ་དགོས་ཀྱི་འདུག བླ་མས་ཁྲི་བེར་བརྗིད་ཅན་བསྣམས་པ། གྲྭ་བས་ཀྱང་ཆོས་སྣམ་ཟླ་གམ་སོགས་གཙང་ཞིང་ཡིད་དུ་འོང་བ་བསྣམས་པ། སེམས་ཅན་གྱི་ཡིད་གཡོ་ནུས་པའི་འདོན་ལྟ་དབྱངས་དང་། རོལ་མོ་དཀྲོལ་བ། ཡང་ན། འཚེ་མེད་ཞི་བ་དང་སྟོང་རྟེན་འབྱུང་བརྗོད་བྱར་བྱས་པའི་ཆོས་ཀྱི་གླུ་དབྱངས་སྙན་མོ་གསུང་ཆོས་ཀྱི་དབུ་ཞབས་སོགས་སུ་ལེན་དུ་འཇུག་པ། གྲྭ་ས་ཆེ་ཁག་གི་དགེ་གཡོག་ཅེས་པའི་གྲྭ་བ་རྫིག་ཉམས་ཅན་གྱི་ཉེན་སྲུང་ལྟ་བུ་ཡོད་ནའང་ཡག་པར་འདོད། བླ་མས་ཆོས་འཆད་སྐབས། སྐུ་གཟུགས་ཀྱི་ལྕོགས་ངེས་ཤིག་ཡིན་ན། ཁྲི་ལ་བཞུགས་རྐྱང་མ་ཡིན་པར། ཡེ་ཤུ་ཆོས་སྤེལ་དག་གིས་ཆོས་བཤད་སྟངས་ལྟར། ཆོས་སྟེགས་ཀྱི་ངོགས་སུ་ཕར་འགྲོ་ཚུལ་འགྲོ་བྱེད་ཅིང་། གང་བཤད་གཟུགས་ཅན་བཞིན། ལུས་ངག་གི་རྣམ་འགྱུར་གྱི་སྒོ་ནས་སྟོན་དགོས་ཀྱི་འདུག   རབ་ན་ཆོས་བརྒྱུད་ཆེ་ཁག་གི་ལྟ་གྲུབ་དང་། ཕྱི་གླིང་བའི་མཚན་ཉིད་རིག་པའི་རྣམ་བཞག ཚན་རིག དངོས་ཁམས། གཟུགས་འདས་རིག་པ་སོགས། ནང་ཆོས་ཀྱི་ལྟ་ཚུལ་དང་བསྒྲགས་ནས་བཤད་དགོས་ཀྱི་འདུག ཕ་རོལ་བོའི་ལྟ་གྲུབ་དང་། ཤེས་རིག་གི་རྣམ་བཞག་ཤེས་པའི་སྒོ་ནས་ནང་ཆོས་འཆད་ན། ལྟད་མོ་ཆེན་པོ་ཡོང་གི་རེད། ནང་ཆོས་རང་གི་གདུལ་བྱ་དགུག་ཤུགས་ཀྱི་ནས་སྟོབས་ལྡབ་འགྱུར་གྱིས་ཆེ་རུ་འགྲོ་ཞིང་། ཁོར་ཡུག་རྒྱ་བསྐྱེད་ཀྱི་མྱུར་ཚད་ཀྱང་སྔར་ལས་ལྡབ་འགྱུར་གྱིས་ཡངས་པོར་འགྲོ་ཐུབ་ཀི་རེད། དེ་བཞིན་གལ་ཆེ་ཤོས་ཤིག་ལ། ནང་ཆོས་འཆད་མཁན་དང་ཉམས་སུ་ལེན་མཁན་ཚང་མས། གྲུབ་ཆེན་གྱི་སྤྱོད་པ་ལྟར་རྒྱན་ཆ་སྣ་ཚོགས་དང་། ཆས་གོས་འཛོར་བོ་གྱོན་པ། སྐྲ་དང་ཁ་སྤུ་མི་བཞར་བ། གདོང་ལ་མྱ་ངན་ལྟ་བུའི་ཉམས་མངོན་པ་སོགས་བཅོས་བསྒྱུར་ངེས་པར་དུ་བཏང་སྟེ། ཁ་ངོ་གཙང་མ། ཆས་གོས་གཙང་མ། སྐད་ཆ་གཙང་མ། ལྟ་སྤྱོད་གཙང་མ། རྣམ་རིག་རྒོད་ཅིང་གདོང་ལ་སྤྲོ་འཛུམ་གྱིས་གང་བ་སོགས། ནང་ཆོས་དང་དེ་ཉམས་སུ་ལེན་མཁན་གཉིས་ཆ། ཁམས་གཙང་ཡིད་དུ་འོང་བའི་སྤྱི་ཚོགས་ཀྱི་ངོ་བོ་ཞིག་ཏུ་འགྱུར་ཐུབ་པ་ནི། མི་ཆུང་ངས་རྒྱུན་དུ་དྲན་བཞིན་པའི་མ་འོངས་པའི་རྨི་ལམ་ཡིན། ༧གོང་ས་མཆོག་གི་ཐུགས་རྗེས། གྲྭ་ས་ཆེ་ཁག་སོགས་སུ་ཚན་རིག་གི་སློབ་སྦྱོང་ཤུགས་ཆེར་གཏོང་བ་འདིས། ངའི་རྨི་ལམ་དེ་བཞིན་མ་འོངས་བའི་བདེན་དོན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་འདྲ། ཁྱེད་རྣམ་པའི་ལེགས་མཛད་ལ་བཀའ་དྲིན་ཆེ་བྱུང་ཞུ་བ་དང་། རྣམ་དཀར་ལས་ཚོགས་གང་བརྩམས་གེག་མེད་ཡིན་བཞིན་འགྲུབ་པའི་གུས་འདུད་བཅས། ང་ལ་འདི་སྐོར་ནས་བཤད་རྒྱུ་མང་བོ་ཞིག་འདུག་ཀྱང་རྗེས་སོར་ཆ་ཚང་ཞིག་འབྲི་གི་ཡིན།
·གསར་འགྱུར་གོང་མ:རྒྱ་གར་འབྲས་ལྗོངས་སུ་ས་གཡོ་བྱུང་འདུག
·གསར་འགྱུར་འོག་མ:སེམས་ཁམས་སྐྱིད་པའི་ཐབས་མཆོག༢
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 6:02:04 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 18:13:26 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/13 7:42:15 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.93MS