སྔ་འགྱུར་བཀའ་མའི་ཞལ་ཐང་ཆེན་མོ་(བཀའ་མའི་རིས་འགྲེལ་)བཞེངས་
བཀོད་ལེགས་གྲུབ་བྱུང་བ།



མཁན་མུན་སེལ་སོགས་ཀྱིས་བཀའ་མའི་བཀའ་བསྡུ་མཛད་ཚུལ།
ཉག་རོང་བླ་མ་བྱང་ཆུབ་རྒྱ་མཚོའམ་བྱ་ཚེ་རིང་མཆོག་ནས་རང་གི་རྩ་བའི་བླ་མ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེས་ཐུགས་སྐྱེད་བླ་ན་མེད་པའི་བཀའ་མའི་བཀའ་བསྡུ་ལེགས་སྒྲིག་འཕྲིན་ལས་ཀྱི་བཀས་བསྐུལ་དང་དུ་བླངས་ཏེ་ལོ་ངོ་ཉི་ཤུའི་རིང་དཔེ་འཚོལ་དང་ཡིག་འཇུག དཔེ་བསྡུར། ཞུ་དག་སོགས་ཀྱི་དཀའ་ཚེགས་མང་པོ་བརྒྱུད་དེ་པོ་ཏི་བརྒྱ་དང་སུམ་ཅུ་སོ་གསུམ་གྱི་བདག་ཉིད་ཅན་གྱི་༼སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ་༽དཔེ་སྐྲུན་འགྲེམ་སྤེལ་ལེགས་གྲུབ་བྱུང་བའི་རྗེས་ནས། ལོ་བཅུ་བདུན་ཙམ་རིང་གི་ངལ་བརྩོན་དྲག་པོ་སྤྱད་དེ་སྤྲུལ་པའི་ལྷ་བཟོ་ཆབ་མདོ་གྲུ་པ་ཕུར་བུ་ཚེ་རིང་གི་བྲིས་རྒྱུན་འཛིན་སྤེལ་བྱེད་པ་ལ་ཁོང་གི་སྐྱེ་སྲིད་དུ་གྲགས་པའི་ལྷ་བཟོ་མཁས་པ་ཀརྨ་ཚུལ་ཁྲིམས་དང་ཕུར་པ་བཀྲ་ཤིས་གཙོས་པའི་སྨན་གསར་ལུགས་ཀྱི་ལྷ་རིས་པ་མང་པོ་གདན་དྲངས་ཏེ། ལྷ་བཀོད་ཀྱི་དཔེ་དགེ་རྩེ་པཎ་ཆེན་དང་སི་ཏུ་ཆོས་ཀྱི་རྒྱ་མཚོས་བཞེངས་པའི་ཀ་ཐོག་འདུ་ཁང་གི་ལོགས་བྲིས་དང་སྡེ་དགེ་པར་ཁང་སོགས་ཀྱི་ཐང་ལྡེབས་རྙིང་པ་ལ་དཔེ་གཞི་བྱས་ཤིང་། འབྲེལ་ཡོད་མཁས་པ་མང་པོར་གྲོས་འདྲི་དང་རང་རང་རྣམ་དཔྱོད་ཀྱི་རྩལ་ནུས་གང་ཡོད་ཀྱིས་སྒྲིག་བཀོད་ཕུན་སུམ་ཚོགས་པའི་ཐོག་ནས་ཐང་ལྡེབས་བརྒྱ་དང་ལྔ་བཅུ་ཡོད་པའི་སྔ་འགྱུར་བཀའ་མའི་ཞལ་ཐང་ཆེན་མོ་(བཀའ་མའི་རིས་འགྲེལ་)ལེགས་པར་བཞེངས་གྲུབ་པ་འདི་ནི། རྨོག་ཚ་རིན་པོ་ཆེས། “དམ་ཆོས་རྫོགས་པ་ཆེན་པོའི་རིག་གཞུང་གི་བཤད་པ་དང་མཐུན་ཅིང་། སྔ་ན་མེད་པའི་སྒྲིག་བཀོད་ཧ་ཅང་ཡག་པོ་ཞིག་གསར་སྐྲུན་ལེགས་གྲུབ་བྱུང་ཡོད་པས་སྒྲིག་པ་པོ་བྱང་ཆུབ་རྒྱ་མཚོར་ངོ་སོ་དང་གཏང་རག་ཡོད་”ཅེས་གསུང་འདུག་པ་དེ་དེ་བཞིན་དུ་ཞུ་ཞིང་། འདིར་ལེགས་མཛད་རླབས་པོ་ཆེ་དེའི་ཆེད་དུ་ཐུགས་བརྩོན་དང་རྒྱུ་སྦྱོར་ཆོས་སྦྱིན་སྐུ་ལས་བསྐྱོན་མཁན་འབྲེལ་ཐོགས་ཡོངས་ལ་གོ་སྐབས་འདི་དང་བསྟུན་ནས་རྗེས་སུ་ཡི་རངས་དང་བཀའ་དྲིན་ཆེ་ཆེ་ཞུ་བ་ལགས།


སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་གླེགས་བམ་རིན་པོ་ཆེའི་ཟབ་དོན་སྒོམ་རིམ་ལོ་རྒྱུས་བྱུང་རིམ་དག་ཐད་ཀར་དབང་པོའི་མངོན་སུམ་གྱི་ལམ་དུ་མཐོང་དུ་ཡོད་པའི་ཞིབ་གསལ་བྱོན་ལེགས་ཅན་གྱི་པར་རིས་དང་སྦྲགས་ཏེ་བཀོད་ཡོད་པ་མ་ཟད།
གསང་བ་སྔགས་ཀྱི་བླ་རྒྱུད་ནང་རྒྱུད་སྡེ་གསུམ་འདྲེས་མ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས།
ཞལ་ཐང་གི་རིས་འགྲེལ་གྱི་ཚུལ་དུ་རྒྱ་བོད་དབྱིན་གསུམ་གྱི་ཡི་གེའི་ལམ་ནས་བཀའ་མའི་བྱུང་རིམ་ལོ་རྒྱུས་ཁ་གསལ་ཞིབ་བསྡུས་སུ་བཀོད་འདུག་པས། བོད་ཀྱི་ཆོས་དང་རིག་གནས་སྒྱུ་རྩལ་སློབ་སྦྱོང་ཉམས་ཞིབ་བྱེད་མཁན་དག་ལ་དཔྱད་གཞི་ཕུན་སུམ་ཚོགས་པ་ཞིག་མཁོ་འདོན་བྱུང་ཡོད་པ་བཅས།
གང་དེར་ཆོས་རིག་ཞིབ་འཇུག་གི་དངོས་ཕན་རིན་ཐང་དང་བཟོ་རིག་སྒྱུ་རྩལ་གྱི་རིན་ཐང་ཧ་ཅང་ཆེན་པོ་ཡོད་ངེས་པས་ཀུན་གྱིས་དེ་ལུགས་གཙིགས་འཛིན་གཅེས་ཉར་གནང་འཚལ།།