ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
  གསར་འགྱུར་ཀློག་པ།

དགུ་པའི་བཅུ་གཅིག་གི་དོན་རྐྱེན།

[རྩོམ་པ་པོ:ཚེ་བརྟན་རྡོ་རྗེ།  ཡོང་ཁུངས:ཤེས་ཟིན།  དུས་ཚོད:2011/9/11 12:16:01  བཀླགས་ཐེངས:1484][ཡིག་གཟུགས:ཡིག་གཟུགས་མདོག]

དགུ་པའི་བཅུ་གཅིག་གི་དོན་རྐྱེན་ཐོན་པ་ནས་ད་བར་གྱི་བརྒྱུད་རིམ་དང་དེའི་མཇུག་འབྲས་

བཅས་ཀྱི་ཐད་ལ་ཆེད་དུ་སྤེལ་བའི་དཔྱད་བརྗོད།
ཚེ་བརྟན་རྡོ་རྗེ།
 
    ཕྱི་ལོ་ ༢༠༠༡ ལོའི་ཕྱི་ཟླ་དགུ་པའི་ཚེས་༡༡་གི་སྔ་དྲོར་ཨ་མི་རི་ཀའི་འཛམ་གླིང་ཚོང་དོན་ཁང་ཆེན་དང་རྒྱལ་སྲུང་ཁང་གཉིས་ལ་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་ཚབས་ཆེ་བཏང་ནས་དེ་རིང་ལོ་ཧྲིལ་པོ་བཅུ་འཁོར་བ་རེད།  ལོ་བཅུའི་སྔོན་གྱི་དགུ་པའི་བཅུ་གཅིག་གི་སྔ་དྲོར་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་ང་ཚོ་ཨ་མི་རི་ཀའི་ཁང་རྩེགས་མཐོ་ཤོས་ཨང་གཉིས་ཡིན་པའི་འཛམ་གླིང་ཚོང་དོན་ཁང་ཆེན་གཉིས་དང་ཝ་ཤིན་ཊོན་དུ་ཡོད་པའི་རྒྱལ་སྲུང་ཁང་བཅས་ལ་འཇིགས་སྐུལ་དྲག་སྤྱོད་པས་གློ་བུར་དུ་འགྲུལ་སྐྱེལ་གནམ་གྲུས་རྡུང་ཁ་རྒྱབ་ནས་མིའི་རིགས་ཀྱི་དཔལ་ཡོན་ལ་དམག་འཁྲུག་སློང་རྒྱུའི་བརྡ་བཏང་པ་རེད།
དེ་སྔ་ནིའུ་ཡོག་གྲོང་ཁྱེར་གྱི་ Manhattan དང་ནིའུ་ཇ་སིའི་བར་དུ་ཡོད་པའི་ World Trade Center  ཞེས་པའི་འཛམ་གླིང་ཚོང་དོན་ཁང་ཆེན་ཡོད་སའི་རྗེས་ཤུལ་དུ་ད་རེས་ཕྱི་ཟླ་དགུ་པའི་ཚེས་༡༡ཉིན་༩པའི་༡༡གི་དྲན་གསོ་ཁང་ཞིག་གསར་རྒྱག་གནང་པ་དེའི་དབུ་འབྱེད་མཛད་སྒོར་སྲིད་འཛིན་ཨོ་བ་མ་སྟངས་དཔྱང་དང་སྲིད་འཛིན་ཟུར་པ་བུ་ཞི་སྟངས་དཔྱལ་སོགས་རྒྱལ་ཁབ་ཀྱི་མཛད་གཙོ་རྣམས་ཕེབས་རྒྱུ་ཡིན་པ་དང་ཕྱི་ཚེས་༡༢ནས་བཟུང་མང་ཚོགས་གཟིགས་སྐོར་བ་ཚོར་སྒོ་མོ་ཕྱེ་རྒྱུ་རེད།
  འདས་པའི་ལོ་བཅུའི་གོང་དུ་འཇིགས་སྐུལ་བ་མི་༡༩གིས་ཨ་རིའི་དམངས་སྤྱོད་མཁའ་འགྲུལ་གནམ་གྲུ་བཞི་བཙན་ཁྲིད་བྱས་པའི་ནང་ནས་གནམ་གྲུ་གསུམ་ནིའུ་ཡོག་གི་འཛམ་གླིང་ཚོང་དོན་ཁང་ཆེན་དང་ཝ་ཤིན་ཊོན་གྱི་རྒྱལ་སྲུང་ཁང་གི་ཟུར་ཞིག་ལ་རྡུང་ཁ་རྒྱབ་པ། དེ་བཞིན་གནམ་གྲུ་གཞན་གཅིག་དེ་གཏོར་རྒོལ་བཏང་སའི་དམིགས་ཡུལ་དུ་སླེབས་ཐུབ་མེད་པར་  Pennsylvani  ས་གནས་ལ་ཟག་ནས་ཐོར་བ་བཅས་ཀྱིས་ཁྱོན་བསྡོམས་དོན་རྐྱེན་དེའི་ནང་མི་གསུམ་སྟོང་ལ་ཉེ་བ་རྐྱེན་འདས་བཏང་ཡོད་པ་དེ་ནི་ཨ་རིའི་ལོ་རྒྱུས་ཐོག་རྒོལ་རྡུང་ཕོག་པ་ཚབས་ཆེ་ཤོས་དེ་རེད།
དོན་རྐྱེན་ཐོན་སའི་ས་གནས་དེ་རང་ལ་ཡོད་པའི་མི་མང་དང་ཡང་ན་བརྙན་འཕྲིན་བརྒྱུད་ནས་ནིའུ་ཡོག་གི་ཁང་རྩེགས་མཐོ་ཤོས་གཉིས་ནས་དུ་ནག་སྟུག་པོ་ཞིག་ནམ་ཁར་འཕྱུར་བ་མ་ཟད། ཁང་རྩེགས་མཐོ་པོ་དེ་ནས་འུ་ཐུག་པའི་མི་ཁ་ཤས་ནམ་མཁའ་ནས་མར་མཆོང་ཡོང་བ་མིག་གིས་མཐོང་སྐབས་མི་ཚང་མའི་སྙིང་རྩ་འཐེན་པ་ལྟར་སེམས་ལ་ཟུག་བརྒྱབ་ཡོད། མི་རྣམས་ཡིད་ཆེས་དཀའ་བ་ཞིག་ནི། འཛམ་གླིང་ཡོངས་ཀྱི་མི་མང་ཚོས་མིག་གིས་ལྟ་གིན་ལྟ་གིན་འཛམ་གླིང་ཚོང་དོན་ཁང་ཆེན་གཉིས་གཅིག་མཇུག་གཉིས་མཐུད་ཀྱི་འཐོར་ཞིག་ཏུ་གྱུར་ནས་དུས་རབས་༢༡འདིའི་ནང་འཛམ་གླིང་ཚོང་དོན་ཁང་ཆེན་དེ་འཇིག་རྟེན་འདི་ནས་རྦད་དེ་མེད་པར་གྱུར་བའི་ཡིད་སྐྱོ་བའི་ལས་དབང་དེ་བྱུང་བ་རེད། འཛམ་གླིང་ཚོང་དོན་ཁང་ཆེན་འདི་ཐོག་མར་མར་ཞིག་འགྲོ་བ་མིག་གིས་མཐོང་སྐབས་མི་རྣམས་དངངས་སྐྲག་གིས་སྐད་ངན་ཤོར་བ་དང་རང་གིས་རང་ལ་ཡིད་མི་ཆེས་པ། ཡང་ཡུད་ཙམ་ཞིག་ནས་ཁང་ཆེན་གཉིས་པ་དེ་ཞིག་འགྲོ་བ་མཐོང་སྐབས། རང་དབང་མེད་པར་སེམས་ཀྱི་གཏིང་ནས་མིག་ཆུ་ཡང་ཤོར་ཡོད། གང་ཡིན་ཟེར་ན། མཐོ་ཚད་ལ་མེ་ཌལ་བཞི་བརྒྱ་བཅིུག་བྱས་པའི་ཐོགས་རྩེགས་བརྒྱ་དང་བཅུ་ཡོད་པའི་འཛམ་གླིང་ཚོང་དོན་ཁང་ཆེན་དེ་ནི་ནིའུ་ཡོག་གི་མཚོན་དོན་ཞིག་ཡིན་པ་མ་ཟད། འདི་ནི་ང་ཚོ་ཨ་མི་རི་ཀའི་རང་དབང་གི་མཚོན་དོན་ཞིག་ཀྱང་ཡིན་པ་དང་། ཨ་རིའི་དཔལ་འབྱོར་གྱི་སྟོབས་ཤུགས་གསལ་པོར་མཚོན་པ་བྱེད་མཁན་དེ་ཡང་རེད། དེ་བས་གལ་འགངས་ཆེ་བ་ཞིག་ནི་ཐོག་རྩེགས་ཁང་ཆེན་དེའི་ནང་དུ་མི་སྣ་ཁྲི་ཚོ་བཞི་ལྷག་ཙམ་ལས་ཀ་བྱེད་སའི་ཡིག་ཚང་ལས་ཁུངས་ཡོད་པ་དང་། དེའི་ཉེ་འཁོར་དུ་འཛམ་གླིང་གང་ས་ནས་ཕེབས་པའི་གྲངས་ལས་འདས་པའི་ཡུལ་སྐོར་བ་ཚོའི་མིག་གི་ལོངས་སྤྱོད་བྱེད་སའི་མཛེས་ལྗོངས་ཡོད་ས་སོགས་མདོར་ན་ཁང་ཆེན་དེ་ཉིད། མིའི་རིགས་ཀྱི་དཔལ་ཡོན་མཚོན་པའི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་ཆ་དེ་རེད།  དེར་བརྟེན་ཁྱུག་ཙམ་ཞིག་ནང་ཧ་ཅང་གིས་རྩ་ཆེན་དེ་འཐོར་ཞིག་ཏུ་ཕྱིན་པ་མ་ཟད། ད་དུང་མི་མང་པོ་ཤི་རྨས་བཏང་པ་དེར་འཛམ་གླིང་མི་མང་རྣམས་ཡིད་སྐྱོ་བ་དང་ཁོང་ཁྲོ་མི་ཟ་བ་ག་སྲིད། འཛམ་གླིང་ཚོང་དོན་ཁང་ཆེན་འདིས་ནི་མི་རྣམས་ལ་ཁྲོམས་རའི་དཔལ་འབྱོར་དང་། རང་དབང་རྙིང་སྟོབས་ཀྱི་འཚོར་སྣང་ཆེན་པོ་ཞིག་སྤྲོད་ཀྱི་ཡོད། ཨ་མི་རི་ཀ་བས་རང་ཉིད་ཀྱིས་གསར་སྐྲུན་བྱས་པའི་དཔལ་འབྱོར་གྱི་བྱས་རྗེས་ངོ་མཚར་ཅན་དེ་དང་། དེང་དུས་མ་རྩ་རིང་ལུགས་ཀྱི་དབྱར་མཚོ་རྒྱས་པ་བཞིན་གྱི་སྐྱེས་སྟོབས་འདི་ནི། འཛམ་གླིང་ཚོང་དོན་ཁང་ཆེན་དེ་དང་དེའི་ཉེ་འགྲམ་དུ་ཡོད་པའི་འཛམ་གླིང་གི་དངུལ་རྩའི་ལྟེ་གནས་གཙོ་བོའི་གྲས་ Wall Street སྲང་ལམ་གྱི་དངུལ་ལོར་ཉོ་ཚོང་ཚོང་རྭ་དེ་རེད།
འཇིགས་སྐུལ་བས་བཙན་ཁྲིད་བྱས་པའི་ཨ་རིའི་འགྲུལ་སྐྱེལ་གནམ་གྲུ་བཞི་ཡོད་པའི་ནང་ནས་གཅིག་གིས་ཨ་རིའི་རྒྱལ་སྲུང་ཁང་གི་ཟུར་ཞིག་ལ་རྡུང་ཁ་རྒྱབ་ནས་གཏོར་སྐྱོན་བཏང་བ་མ་ཟད། Washington Post ནང་བཀོད་པ་གཞིར་བཟུང་ན་དཔོན་དམག་དང་ལས་བྱེད་ཁྱོན་བསྡོམས་མི་༣༠ཙམ་རྐྱེན་འདས་བཏང་ཡོད། ཡང་གནམ་གྲུ་གཞན་དག་གཅིག་པོ་དེའི་ནང་ཡོད་པའི་འགྲུལ་པ་ཁ་ཤས་ཀྱིས་ལག་ཁྱེར་ཁ་པར་བཏང་ནས་ཁོང་ཚོའི་གནམ་གྲུ་བཙན་ཁྲིད་བྱས་པའི་སྐོར་རང་ཉིད་ཀྱི་ནང་མི་སོ་སོར་སྐད་ཆ་མཐའ་མ་དེ་བཤད་པའི་རྗེས་འཁྱུག་ཙམ་ཞིག་གི་ནང་གནམ་གྲུ་དེ་ཨ་རིའི་མངའ་སྡེ་ Pennsylvani  ས་གནས་སུ་ཟག་ནས་ཐོར་བ་རེད། རྗེས་ལ་ཞིབ་འཇུག་ཚོད་དཔག་བྱེད་དུས། འཇིགས་སྐུལ་པས་གནམ་གྲུ་དེ་ཨ་རིའི་གྲོས་ཚོགས་ཁང་ཆེན་ནམ། ཡང་ན་ཕོ་བྲང་དཀར་པོ་གང་རུང་ཞིག་ལ་རྡུང་ཁ་རྒྱག་རྩིས་ཡོད་པ་རེད།  གནམ་གྲུའི་ནང་གི་འགྲུལ་པ་ཁག་གཅིག་གིས་འཇིགས་སྐུལ་བར་གདོང་གཏུགས་ཀྱིས་དམར་འཛིང་བྱས་ནས་མཐར་འཇིགས་སྐུལ་བའི་དམིགས་ཡུལ་དེ་སྒྲུབ་མ་བཅུག་པ་རེད། མ་གཞི་གནམ་གྲུ་བཙན་ཁྲིད་བྱེད་མཁན་དགྲ་བོ་དེ་དག་ལ་ཁ་གཏད་གཅོག་ནས་དམར་འཛིང་བྱེད་མཁན་མི་སྣ་དེ་སུ་སུ་ཡིན་ཚོད་དཔག་བྱེད་དཀའ་ནའང་། སེམས་ཐག་བཅད་ནས་འཇིགས་སྐུལ་བའི་དམིགས་ཡུལ་སྒྲུབ་མ་བཅུག་མཁན་དེ་ནི་ཨ་མི་རི་ཀ་ཙམ་དུ་མ་ཟད། འཛམ་གླིང་འདིའི་ནང་དཔའ་བོ་ཡིན་པར་མི་སུ་ཞིག་ལའང་ཐེ་ཚོམ་མེད།
ཚབས་ཆེ་བའི་གནས་སྟངས་འོག་ནིའུ་ཡོག་གི་མེ་གསོད་རུ་ཁག་དང་ཉེན་རྟོག་པས་ཛ་དྲག་ངང་འཛམ་གླིང་ཚོང་དོན་ཁང་ཆེན་གྱི་དོན་རྐྱེན་བྱུང་སར་ཉེན་ཁར་མ་འཛེམ་པར་མིའི་སོག་སྐྱོབས་པར་འགྲོ་དུས་གློ་བུར་དུ་ཁང་ཆེན་དེ་མར་ལོག་ཡོང་བར་བརྟེན་མི་སྣ་ཉི་བརྒྱ་ལྷག་ཙམ་ཡོད་པའི་སྲོག་སྐྱོབས་རུ་ཁག་དེ་ཆ་ཚང་རྐྱེན་ལམ་དུ་ཕྱིན་པ་རེད། ༡༩༩༣་ ལོའི་ཟླ་བ་ ༢ པའི་ཚེས་ ༢༦་ ཉིན་མོར་ཡང་འཛམ་གླིང་ཚོང་དོན་ཁང་ཆེན་དེར་འཇིགས་སྐུལ་བས་འབར་གཏོར་ཐེངས་གཅིག་བཏང་མྱོང་ཡོད་པ་དང་དེའི་སྐབས་མི་དྲུག་རྐྱེན་འདས་བཏང་ཡོད་པ་མ་ཟད། སའི་འོག་ཏུ་མེ་ཌལ་༣༠ཙམ་ཀོང་དུང་གྲུས་ཡོད།  མཐར་འཇིགས་སྐུལ་བ་དེ་དག་ལོ་༢༤༠ཐམ་པ་བཙོན་འཇུག་གི་ཁྲིམས་ཆད་བཏང་ཡོད་ལུགས་དྲ་གནས་ཐོག་ཁ་ཤས་ཐོག་བཀོད་པ་མཐོང་རྒྱུ་ཡོད།
  ཡིད་སྐྱོད་བའི་ཛ་དྲག་གི་གནས་ཚུལ་འདི་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་དང་མིའི་རིགས་ཀྱི་བློ་ཡུལ་ལ་མི་གཤོང་བ་ཞིག་རེད། མི་རིགས་གང་འདྲ་ཞིག་དང་། རྒྱལ་ཁབ་གང་རུང་ཞིག་ཡང་ན་འཇིགས་སྐུལ་སྒྲིག་འཛུགས་གང་འདྲ་ཞིག་གིས་བྱ་སྤྱོད་ངན་པ་འདི་རིགས་སྤེལ་བ་ནི། ངན་རུལ་འཇིགས་སྐུལ་པ་དེ་ཚོས་མིའི་རིགས་ཀྱི་དཔལ་ཡོན་ལ་རྒོལ་རྡུང་བཏང་པ་ཞིག་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་དམག་འཁྲུག་སློང་རྒྱུའི་བརྡ་བཏང་པ་ཞིག་རེད། དེར་བརྟེན། འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་སྔ་རྗེས་སུ་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་པས་ཨ་རིར་འཇབ་རྒོལ་བྱས་པའི་བྱ་ངན་སྤྱོད་ངན་དེར་རྒོལ་གཏམ་དྲགས་པོ་བཏང་ཡོད་པ་རེད། འཛམ་གླིང་མི་མང་ཚང་མ་ཡིད་མུག་ནས་སྡོད་པའི་སྐབས་དེར་མི་རྣམས་ཀྱིས་ཆོས་ཁང་དུ་ཕྱིན་ནས་ཐད་ཀར་གནོད་འཚེ་ཕོག་པའི་མི་རྣམས་ཀྱི་ཆེད་དུ་དཀོན་མཆོག་ལ་གསོལ་བ་སྨོན་ལམ་འདེབས་ཡོད།  དཔེར་ན་བོད་མི་མང་ལ་ཆ་མཚོན་ནས་བཤད་ན། སྐབས་དེར་རྒྱ་གར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་གི་གཙོ་བོར་གྱུར་པའི་རྒྱ་བལ་འབྲུག་གསུམ་གྱི་ནང་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་ཨ་རིའི་ནིའུ་ཡོག་ཏུ་འདས་གྲོངས་སུ་གྱུར་པ་དང་གོད་ཆགས་ཕོག་པ་ཚོར་དམིགས་ནས་གཙུག་ལག་ཁང་སོགས་སུ་མཆོད་འབུལ་སྨོན་ལམ་ཟབ་རྒྱས་གནང་ཡོད་པ་མ་ཟད། བོད་ནང་གི་བོད་པ་ཚོས་ཀྱང་གཙུག་ལག་ཁང་དུ་ཕེབས་ནས་ཨ་མི་རི་ཀར་མི་རྒྱུ་གཉིས་ལ་གཏོར་སྐྱོན་ཚབས་ཆེ་ཕོག་པ་དེའི་ཆེད་དུ་མཆོག་གསུམ་ལ་གསོལ་འདེབས་སྨོན་ལམ་ཞུས་གནང་བ་བཅས་ནི། བོད་ཕྱི་ནང་གཉིས་ཀྱི་མི་མང་ཚོས་མ་གྲོས་སེམས་པ་གཅིག་གྱུར་གྱིས་ཨ་མི་རི་ཀའི་གཞུང་དང་མི་དམངས་ལ་གོད་ཆགས་བྱུང་བར་སེམས་ཀྱི་གཏིང་ནས་གདུང་སེམས་མཉམ་སྐྱེས་ཀྱི་རྣམ་འགྱུར་གསལ་པོ་སྟན་པ་ཞིག་རེད།
  འཇིགས་སྐུལ་དྲག་སྤྱོད་པས་ནིའུ་ཡོག་གི་འཛམ་གླིང་ཚོང་དོན་ཁང་ཆེན་གཏོར་སྐྱོན་བཏང་བ་དེས་ཨ་རིའི་ལོ་རྒྱུས་ཐོག་གི་གནོད་འཚེ་ཆེ་ཤོས་དེ་ཕོག་པ་ཙམ་དུ་མ་ཟད། འཛམ་གླིང་གི་དཔལ་འབྱོར་ལའང་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཨ་སྒོར་གི་འཛའ་ཐང་མར་ཆག་པ་དང་རྒྱལ་སྤྱིའི་རྡོ་སྣུམ་གྱི་རིན་གོང་མགྱོགས་མྱུར་མཐོ་རུ་འགྲོ་བ། མ་གཞི་དཔལ་འབྱོར་ལ་གྱོང་གུན་ཕོག་པའི་ཞིབ་ཕྲའི་བསྡོམས་འབོར་ཚོད་དཔགས་བྱེད་མི་ཐུབ་ནའང་། དེའི་སྐབས་ཉུང་མཐར་ཡང་དངུལ་ལོར་ཉོ་ཚོང་ཁྲོམས་ར་ཆེ་བ་ཁག ༡༥༠ ཙམ་གྱི་ལས་ཁུངས་མེད་པ་ཆགས་ཡོད། ད་དུང་སུད་སི་དང་ དབྱིན་ཇི་སོགས་ཡུ་རོབ་ཀྱི་མ་རྐང་ཁྲོམས་རའི་རིན་གོང་མར་ཆག་པ་དང་། མདོར་ན་འཛམ་གླིང་གི་དཔལ་འབྱོར་ལ་གྱོང་གུན་ཆེན་པོ་ཕོག་ཙང་ལོ་རེ་བཞིན་ལས་ཀ་ཤོར་བའི་གྲངས་འབོར་ཡང་མང་དུ་ཕྱིན་ནས་དུས་ད་ལྟའང་མི་མང་གི་འཚོ་བར་དཀའ་སྡུག་འཕྲད་ནས་ཡོད་པ་རེད། ཐ་ན་འཛམ་གླིང་ཧྲིལ་པོར། གནམ་གྲུའི་ནང་འགྲུལ་བསྐྱོད་བྱེད་མཁན་སོགས་བདེ་འཇགས་ཀྱི་ལས་དོན་ཁག་ལ་སྟབས་བདེ་པོ་མེད་པ་བཟོས་ནས་གཞུང་སྒེར་གཉིས་ཀར་གྱོང་གུན་བཟོས་དང་བཟོ་བཞིན་ཡོད།
  ༢༠༠༡ལོའི་ཕྱི་ཟླ་དགུ་པའི་ཚེས་ ༡༥ ཉིན་ཇི་ཎི་ཝར་དཔལ་འབྱོར་མཁས་པའི་གསར་འགོད་གསལ་བསྒྲགས་ཤིག་བསྐོང་ཚོགས་བྱས་པའི་ཐོག་༩པའི་༡༡གི་དོན་རྐྱེན་དེས་ཨ་མི་རི་ཀར་ཨ་སྒོར་དུང་ཕྱུར་ ༢༠༠༠ ཙམ་གྱི་གྱོང་གུན་ཕོག་ནས་ཧ་ལམ་ས་ཡོམ་ཆེན་པོ་ཞིག་རྒྱབ་པའི་གྱོང་གུན་ཕོག་པ་དང་འདྲ་པོ་བྱུང་ཡོད་རེད། ཅེས་ཚོད་རྩིས་བྱས་ཡོད་པ་དང་། ཡང་དཔལ་འབྱོར་མཁས་པས་ཚོད་དཔག་བྱས་ན་དོན་རྐྱེན་དེས་ཐད་ཀར་ཕོག་པའི་གྱོང་གུན་ནི་ཨ་སྒོར་དུང་ཕྱུར་བཞི་བརྒྱ་ཙམ་ཞིག་རེད། ཡིན་ན་ཡང་ཉེ་བའི་ལོ་འདི་དག་ནང་ཨ་མི་རི་ཀའི་འགྲོ་སོང་བཏང་ཟིན་པའི་དངུལ་ལོར་ལྷག་འཕྲོས་ཨ་སྒོར་དུང་ཕྱུར་ ༡༦༠༠ ཙམ་ཡོད་རེད། དངུལ་རྩིས་ཐོག་ནས་ལྟས་ན་སྣང་དག་ཡོད་མ་རེད། གསུང་བཞག ཡང་ཆེད་ལས་ཁག་གཅིག་གིས་ད་ལྟའི་གྱོང་གུན་དེ་ཨ་རིའི་ཁྱོན་ཡོངས་ནས་བཤད་ན་ཆུང་ཙག་ཞིག་རེད། ལུ་གུ་རྒྱུད་ཀྱི་གྱོང་གུན་དང་མིའི་འཚོར་སྣང་རྒྱུད་ཀྱི་གྱོང་གུན་ནི་ཚོད་དཔག་བྱེད་མི་ཐུབ་པ་ཞིག་རེད། གསུང་ཡོད།  དེ་ཡང་གནའ་བོ་བོད་ཀྱི་གཏམ་དཔེར་སྐྱལ་གོག་ཆེན་པོའི་ཞབས་ར་དང་། གོས་ཆེན་རྒས་ཀྱང་རི་མོའི་གཞུང་། དཔའ་བོ་ཤི་ཡང་སྙན་གྲགས་མི་ཉམས། མཆོད་རྟེན་མགོ་མཇུག་ལོག་ཀྱང་བང་རིམ་སྐེད་པར་ཡོད་ཟེ་བ་ལྟར། ཨ་མི་རི་ཀ་ནི་སྔར་བཞིན་འཛམ་གླིང་འདིའི་ནང་གི་དཔལ་འབྱོར་དང་། དམག་དོན། ཚན་རིག་ལག་རྩལ། ལྷག་པར་དུ་ཆབ་སྲིད་ཐད་རང་དང་དམངས་གཙོར་སྣེ་ཁྲིད་མཁན་གྱི་ཀ་བ་དེ་ཡིན་པར་གྱུར་བ་རྟེན་ནས་ཕྱིན་མེད་པ་མ་ཟད། སླད་ཕྱིན་ཆད་ཀྱང་དེར་འགྱུར་བ་གཏོང་ཐུབ་ཡས་ཡོད་མ་རེད། དེ་ལས་ལྡོག་ཏེ་སྲིད་དབང་སྒེར་སྤྱོད་པ་དང་འཇིགས་སྐུལ་བ་ཚོ་ཉིན་རེ་བཞིན་ས་དམ་ཧོ་སན་དང་བིན་ལ་ཏིན་མོ་བ་ར། དེ་བཞིན་གྷ་ཌ་ཧྥེ་ནང་བཞིན་རྩ་མེད་འགྲོ་རྒྱུ་ནི་སླར་ཡང་ལོ་སྒྱུས་ཀྱི་ར་སྤྲོད་ཐེངས་གཅིག་བྱས་ཡོད།
  དགུ་པའི་བཅུ་གཅིག་གི་དོན་རྐྱེན་ཐོན་པའི་སྐབས་དེར་སྲིད་འཛིན་བུ་ཤེ་མཆོག་ Florida མངའ་སྡེའི་སློབ་གྲྭ་ཆུང་བ་ཞིག་གི་ནང་འཚམས་འདྲི་གནང་བཞིན་ཡོད་པ་དེ་ནས་གློ་བུར་དུ་ཝ་ཤིན་ཏོན་དུ་ཕྱིར་ལོག་ཕེབས་པ་མ་ཟད། ཉིན་མོ་དེ་རང་ལ་བརྙན་འཕྲིན་བརྒྱུད་རྒྱལ་ཡོངས་སུ་གཏམ་བཤད་ཐེངས་གསུམ་གནང་ཡོད། གྲོས་ཚོགས་ཀྱི་འཐུས་མི་ཚོས་ཀྱང་དེའི་དགོངས་མོར་གྲོས་ཚོགས་ཁང་ཆེན་གྱི་མདུན་དུ་མཉམ་འཛོམ་གནང་ནས། སྐད་གསང་མཐོན་པོས་རྒྱལ་གླུ་བཏང་ཏེ་མི་དམངས་ཀྱི་སེམས་ཤུགས་མཐོ་རུ་བཏང་ཡོད།
  སྲིད་འཛིན་བུ་ཤེ་མཆོག་གི་གཏམ་བཤད་གནང་བའི་ནང་། ཨ་མི་རི་ཀར་ཚུར་རྒོལ་བྱེད་མཁན་ཀླ་ཀློ་བླ་འདར་དེ་ཚོས་འཛམ་གླིང་ཚོང་དོན་ཁང་ཆེན་ལ་གཏོར་རྒོལ་གཏོང་ཐུབ་ནའང་ཁྱོད་ཚོས། ཨ་མི་རི་ཀ་དང་ཨ་རིའི་སྤྱི་ཚོགས་ལ་གཏོར་རྒོལ་ནམ་ཡང་གཏོང་ཐུབ་ཀྱི་མ་རེད། ཨ་རིར་འཇབ་རྒོལ་བྱེད་མཁན་མི་ངན་དེ་སུ་ཡིན་བཙལ་འཚོལ་བྱ་རྒྱུ་དང་དེ་དག་ལ་བཟོ་ལྟ་སྤྲོད་རྒྱུ་ཡིན་ལུགས་གསུང་ཡོད་པ་ལྟར། ཀླ་ཀློ་ལྟ་བུའི་འཇིགས་སྐུལ་དྲག་སྤྱོད་པ་དེ་ཚོར་ཁ་གཏད་གཅོག་རྒྱུར་ཨ་མི་རི་ཀའི་རྒྱལ་ཁབ་འདིའི་ནང་སླར་ཡང་དམངས་གཙོའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་འཕེལ་རྒྱས་ཕྱིན་ནས། འཇིགས་སྐུལ་དྲགས་སྤྱོད་པ་རྩ་མེད་བཟོ་རྒྱུའི་རྦ་རླབས་ཤིག་ཕྱུར་བ་རེད། ཨ་རི་གཙོ་བོར་གྱུར་པའི་ཨ་རིའི་མནའ་མཐུན་དམག་དཔུང་གིས་ཏ་ལི་པན་འཇིགས་སྐུལ་དྲགས་སྤྱོད་རིང་ལུགས་དང་ཨེ་རག་གི་སྲིད་དབང་སྒེར་སྤྱོད་པ་ས་དམ་ཧོ་སན་བཅས་ལ་སྔ་རྗེས་སུ་དམག་རྒྱབ་ནས་ཨ་ཧྥུ་གྷ་ཎེ་སི་ཐན་དང་ཨེ་རག་བཅས་ཀྱི་ནང་དམངས་གཙོའི་སྲིད་གཞུང་བཙུགས་པ་མ་ཟད་ས་དམ་ཧོ་སན་གྱི་གཙོས་པའི་སྒེར་སྤྱོད་པའི་འགོ་གཙོ་དེ་དག་དམངས་གཙོའི་ཁྲིམས་ལུགས་ལྟར། རིམ་གྱིས་དམར་གསོད་བཏང་ཡོད་པ་དང་། ཨ་རིས་གཙོས་པའི་རང་དབང་དམངས་གཙོའི་རྒྱལ་ཁབ་ཁག་ལ་འཇིགས་སྐུལ་བའི་རྒོལ་རྡུང་གཏོང་བའི་བྱ་སྤྱོད་ཉུང་དུ་ཕྱིན་ཡོད་ལ། མཐར་འཇིགས་སྐུལ་དྲག་སྤྱོད་པའི་འགོ་གཙོ་བིན་ལ་ཏིང་དང་ཁོའི་འོག་གི་བྱེད་ལྟེ་བཅས་ཨ་རིའི་དམིགས་བསལ་དམག་དཔུང་གིས་རྒོལ་རྡུང་བཏང་ནས་འཛམ་གླིང་གི་ཞི་བདེར་ལེགས་སྐྱེས་ཕུལ་ཡོད།
  རྒྱ་རིགས་ཀྱི་རྩོམ་པ་པོའི་ནང་དགུ་པའི་བཅི་གཅིག་དོན་རྐྱེན་སྐོར་དཔྱད་རྩོམ་སྤེལ་མང་ཤོས་ཡིན་པ། དཔྱད་གཏམ་པ་གྲགས་ཅན་ཚའོ་གྲང་ཆིང་གི་དཔྱད་རྩོམ་ཞིག་གི་ནང་ལ། ཨ་མི་རི་ཀས་རྒྱུ་དངོས་པོ་དང་དམག་མི་བཞི་སྟོང་ལ་ཉེ་བའི་ཚེ་སྲོག་བཏང་ནས། ཨ་ཧྥུ་གྷན་ཎེ་སེ་ཐན་དང་ཨེ་རག་བཅས་ཀྱི་ནང་འཇིགས་སྐུལ་དྲག་སྤྱོད་པ་དང་སྲིད་དབང་སྒེར་སྤྱོད་པ་མགོ་རྟིང་སློག་ནས་དམངས་གཙོའི་ལམ་ལུགས་གསར་འཛུགས་གནང་ཡོད། གལ་སྲིད་འཇིགས་སྐུལ་དྲགས་སྤྱོད་པའི་རྟེན་གཞིའི་གྲས་ཨེ་རག་གི་སྒེར་སྤྱོད་སྲིད་དབང་དེ་མགོ་རྟིང་མ་སློག་ན་སླད་ཕྱིན་ཨ་མི་རི་ཀའི་བདེ་འཇགས་དང་ཁེ་ཕན་ལ་ཐད་ཀར་གནོད་འཚེ་གཏོང་རྒྱུ་རེད་ལ། ཨེ་རག་མི་མང་སྔར་བཞིན་དུས་རབས་ཕྱེད་ཀའི་རིང་བྲན་གཡོག་འོག་ཏུ་ལྷག་རྒྱུ་མ་གཏོག་སུ་ཞིག་གིས་སྐྱོབས་རོགས་བྱེད་ཐུབ་ཀྱི་མ་རེད། དཔེར་ན་ཙི་ན་དང་བྱང་ཀོ་རི་ཡ། ཀུད་པ་བཅས་ཀྱི་ནང་མི་མང་དུང་ཕྱུར་མང་པོ་སྒེར་སྤྱོད་པའི་འོག་ཏུ་ཚུད་ཡོད་པ་དང་འདྲ་པོ་རེད། གལ་སྲིད་འཇིགས་སྐུལ་དྲགས་སྤྱོད་པས་ཨ་མི་རི་ཀ་མེད་པ་བཟོས་ན་དེ་རྗེས་ཡུ་རོབ་ཀྱི་དམངས་གཙོའི་རྒྱལ་ཁབ་དེ་དག་ཀྱང་མེད་པ་བཟོ་གི་རེད། དེར་བརྟེན་འཇིགས་སྐུལ་བ་དང་སྒེར་སྤྱོད་པར་དམག་འཐབ་བྱས་པ་ནི་ཡང་དག་པ་ཞིག་ཡིན་སྐོར་ཚའོ་གྲང་ཆིང་གི་དཔྱད་རྩོམ་ནང་བཀོད་བཞག
  ཨ་མི་རི་ཀས་འགོ་ཁྲིད་པའི་མནའ་མཐུན་རྒྱལ་ཁབ་ཚོས་དུས་ཡུན་ལོ་བཅུ་ཙམ་གྱི་ནང་རྒྱལ་སྤྱིའི་འཇིགས་སྐུལ་དྲགས་སྤྱོད་རིང་ལུགས་ལ་འགོག་རྒོལ་བྱེད་པའི་རིང་སྲིད་གཞུང་འགས་གོ་སྐབས་བཟུང་ནས། འཇིགས་སྐུལ་བར་རྒོལ་རྡུང་གཏོང་རྒྱུར་ཁ་གཡར་ཏེ། རྒྱལ་སྤྱིའི་ཐོག་ཞི་བའི་ངང་རང་དབང་དང་དམངས་གཙོར་རྩེད་ལེན་བྱེད་མཁན་་་དག་འཇིགས་སྐུལ་བ་རེད་ཟེར་བ་དང་། ཡུལ་གྲུ་འགའི་རང་དབང་ལས་འགུལ་ལ་འཇིགས་སྐུལ་དྲག་སྤྱོད་པའི་མིང་བཏགས་ནས་དྲག་གནོན་ཚབས་ཆེ་བྱས་པ་དང་དུས་མཚུངས་སུ། དམག་དོན་རྒྱ་སྐྱེད་བཏང་ནས་ཐེ་ཝན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འཇིགས་སྣང་སྐུལ་བ། ཐ་ན་ཨ་མི་རི་ཀར་ཡང་དམག་དོན་གྱི་འགྲན་སེམས་བཅངས་པའི་ཉིན་མོའི་རྨི་ལམ་ཞིག་ཀྱང་བཏང་ཡོད།  ༩པའི་༡༡གི་དོན་རྐྱེན་ཐོན་ནས་ལོ་བཅུ་ཧྲིལ་པོ་འཁོར་བའི་སྔ་ནུབ་ཏུ་ཨ་རིའི་Washington Post གསར་ཤོག་ཐོག་གནས་ཚུལ་ཞིག་སྤེལ་བའི་ནང་། ཨ་མི་རི་ཀས་ཞི་འཇམ་པོ་བྱས་ནས། འཛམ་གླིང་གི་འཁྲུག་རྩོད་ཐག་གཅོད་མི་བྱེད་པར། དེ་ལས་ལྡོག་ཏེ་དམག་དོན་གྱི་གོ་མཚོན་བེད་སྤྱོད་རྒྱུར་ཤུགས་སྣོན་རྒྱབ་ནས། འགོ་ཁྲིད་ཀྱི་མ་ལག་གསར་འཛུགས་བྱས་ཏེ། ཐད་ཀར་བྱ་ཐབས་དྲག་པོ་སྤྱད་ནས་འཇིགས་སྐུལ་དྲག་སྤྱོད་པ་རྩ་མེད་བཏང་སྟེ། རྩོད་རྙོག་ལྷིང་འཇགས་གཏོང་དགོས། ཅེས་དང་མིག་སྔར་ཨ་རིའི་སྤྱི་ཚོགས་ནང་དམག་དོན་སྟོབས་ཤུགས་བེད་སྤྱད་ནས་དགྲ་བོ་ཚར་གཅོད་བྱས་ན། མ་འོངས་པར་དངོས་གནས་ཞི་བདེ་ཡོང་རྒྱུར་ནུས་པ་ཐོན་པར་བསམ་བློ་གསར་པ་དང་ལེན་བྱེད་མཁན་རིམ་བཞིན་མང་དུ་འགྲོ་གི་ཡོད་པའི་སྐོར་བཀོད་ཡོད་པ་རེད།
  ཡང་དགུ་པའི་བཅིུག་གི་དོན་རྐྱེན་ཐོན་ནས། ཨ་རིའི་ནང་འགྱུར་བ་ཕྱིན་པའི་ཐད་ནས་བཤད་ན། དགུ་པའི་བཅུ་གཅིག་གི་དོན་རྐྱེན་དེས་ཨ་མི་རི་ཀའི་གསར་འགྱུར་རྒྱུད་ལམ་ལ་སྐྱོམ་ཤུགས་ཆེན་པོ་ཞིག་འཐེབ་ཡོད། སྒེར་སྤྱོད་སྲིད་དབང་གི་རྒྱལ་ཁབ་ནང་གསར་འགྱུར་ཡོངས་རྫོགས་སྲིད་གཞུང་གིས་བཀག་བསྡོམས་བྱེད་བཞིན་ཡོད། འོན་ཀྱང་དཔལ་འབྱོར་དར་སྤེལ་ཡོད་པའི་ཨ་མི་རི་ཀར་གསར་འགྱུར་ལ་གཙོ་བོ་ཀློག་པ་པོའི་འདོད་ཚུལ་ལ་གཞིར་བཟུང་ནས་ཚོད་འཛིན་བྱེད་ཀྱི་ཡོད། དབྱིན་ཡིག་ཐོག་  tabloid  ཟེར་བའི་གསར་ཤོག་ཆུང་གྲས་ཐོག་གློག་བརྙན་ཁྲབ་མཁན་དང་གཞས་གཏོང་མཁན་གོས་དཔེ་གསར་དང་ལུས་རྩལ་སོགས་སྤྲོ་སྣང་ལྡན་པའི་སྤྱིར་བཏང་གི་གནས་ཚུལ་ཆུང་གྲས་མ་གཏོག་གནས་ཚུལ་གཞན་དག་མང་པོ་བཀོད་ཀྱི་མེད། ༡༩༩༨་ལོའི་ཟླ་བ་དང་པོའི་ནང་ Brill’s Content  ཞེས་པའི་དུས་དེབ་ཐོག་བསྡོམས་རྩིས་རྒྱབ་པ་གཞིར་བཟུང་ན། ཁ་ཤོག་ལ་རྒྱལ་སྤྱིའི་གནད་དོན་བཀོད་པའི་ TIME ཞེས་པའི་གཟའ་འཁོར་རེར་ཐེངས་རེ་འདོན་སྤེལ་བྱེད་པའི་དུས་དེབ་དེར་ ༡༩༧༧ ལོར་ལྟ་ཀློག་བྱེད་མཁན་བརྒྱ་ཆ་ ༢༡ དང་གྲངས་ཆུང་ ༢ ཡོད་པ་དེ་ ༡༩༩༧ ལོར་སླེབས་དུས་བརྒྱ་ཆ་ ༥ དང་གྲངས་ཆུང་ ༨ བར་མར་ཆག་ཡོད་པ་རེད། ཁ་ཤོག་ལ་རོལ་རྩེད་ཀྱི་གསར་འགྱུར་བཀོད་དུས་ ༡༩༧༧ ལོར་བརྒྱ་ཆ་ ༧ དང་གྲངས་ཆུང་ ༧ ལས་མེད་པ་དེ་ནས་ ༡༩༩༧ ལོར་སླེབས་དུས་བརྒྱ་ཆ་ ༡༥ དང་གྲངས་ཆུང་ ༤ བར་ལྟ་ཀློག་བྱེད་མཁན་མང་དུ་ཕྱིན་ཡོད། ལོ་ ༢༠ རིང་ TIME དུས་དེབ་ཁ་ཤོག་གི་གནས་ཚུལ་བཀོད་སྟངས་འགྱུར་བ་ཕྱིན་པ་དེར་མང་ཚོགས་ཀྱི་གནས་ཚུལ་གང་འདྲ་ཞིག་ལ་ལྟ་འདོད་ཡོད་པ་དེས་ཤུགས་རྐྱེན་བཏང་པ་མཚོན་ཐུབ། མ་གཞི་གསར་འགྱུར་རིག་པའི་སློབ་གྲ་ཆེན་མོ་ཁག་གི་དགེ་རྒན་ཆེན་མོ་ཚོས་གསར་ཤོག་ནི་མང་ཚོགས་ཚོས་ཤེས་འདོད་ཡོད་པའི་གནས་ཚུལ་མཁོ་སྤྲོད་བྱེད་དགོས་པ་མ་ཟད། ཁོང་ཚོས་ཤེས་འདོད་ཡོད་པ་དེ་ངེས་པར་དུ་མཁོ་སྤྲོད་ཐུབ་པ་དགོས། ཟེར་ནན་བརྗོད་བྱེད་ཀྱི་ཡོད། འོན་ཀྱང་། ཨ་རིའི་གསར་ཤོག་ཆུང་གྲས་དེ་དག་གིས་གློག་བརྙན་ཁྲབ་མཁན་དང་གཞས་གཏོང་མཁན་དེ་བཞིན་ལུས་རྩལ་བ་སོགས་སྤྲོ་སྣང་ལྡན་པའི་ཕྱོགས་སུ་ཁ་འགྱུར་འགྲོ་བ་དེའི་རྒྱུ་མཚན་གཙོ་བོ་ནི་། གྲངས་དམག་མཇུག་སྒྲིལ་ཟིན་པ་དང་ཨ་མི་རི་ཀ་བ་ཚོས་འཛམ་གླིང་གི་གནད་དོན་ཆེ་ཁག་ལ་དོ་སྣང་དེ་ཙམ་རང་མེད་པར་གྱུར་ཡོད་པ་རེད། དུས་མཚུངས། རྒྱལ་ནང་གི་ཆབ་སྲིད་ལའང་ཉམས་ཉེན་ཆེན་པོ་མེད་ཙང་། མི་རྣམས་ཀྱིས་གཟབ་ནན་དང་འཚོར་སྣང་སྐྱེན་པོའི་གསརའགྱུར་ལ་དོ་སྣང་མེད་པ་ཆགས་ཡོད་པ་རེད། བསྡོམས་རྩིས་རྒྱབ་པའི་ནང་༡༩༧༧ ལོར་ཨ་རིའི་ནང་ཉིན་ལྟར་གསར་ཤོག་ལྟ་ཀློག་བྱེད་མཁན་མི་དར་མ་བརྒྱ་ཆ་༧༧ དང་གྲངས་ཆུང་༦ཡོད་པ་དེ་༡༩༩༧ལོར་བརྒྱ་ཆ་༥༨དང་གྲངས་ཆུང་༧བར་མར་ཆག་ཡོད་པ་རེད། ཅེས་གོང་གསལ་གྱི་ Brill’s Content  ཞེས་པའི་དུས་དེབ་ཐོག་བསྡོམས་རྩིས་རྒྱབ་པའི་ནང་གསལ་བཞག འོན་ཀྱང་། དགུ་པའི་བཅི་གཅིག་གི་དོན་རྐྱེན་དེས་ཨ་རིའི་མང་ཚོགས་ལ་ཨ་མི་རི་ཀ་ཕུད་པའི་རྒྱལ་སྤྱིའི་ཆབ་སྲིད་ལ་དོ་ཁུར་བྱེད་རྒྱུར་སྐུལ་མ་འཐེབ་ཡོད། འདི་ལྟ་བུའི་དམངས་ཀྱི་སེམས་པར་འགྱུར་བ་འཐེབ་པ་དེ་ནི་གསར་ཤོག་ཆུང་གྲས་དེ་ཚོའི་གནས་ཚུལ་བཀོད་སྟངས་ལ་ཚོད་འཛིན་འཐེབ་ནས་གཟབ་ནན་དང་ཚོར་སྣང་སྐྱེན་པོའི་གསར་འགྱུར་བཀོད་རྒྱུའི་གྲངས་འབོར་མང་དུ་ཕྱིན་ཡོད།  ཨ་མི་རི་ཀའི་ནང་ད་ལྟའི་ཆར་  New York Times  དང་ Washington Post  ,  ལ་སོགས་ ཉིན་རེའི་གསར་ཤོག་ཁག་མི་འདྲི་བ་ ༡༥༠༩  ཙམ་ཉིན་ལྟར་འགྲེམ་སྤེལ་བྱེད་བཞིན་ཡོད་པ་དང་། གསར་ཤོག་དེ་དག་ཚང་མ་རང་དབང་ལྡན་པའི་སྒོ་ནས་གཉེར་བ་ལས་སྲིད་གཞུང་གི་ཚོད་འཛིན་རྩ་བ་ནས་མེད་པ་ནི་ལམ་ལུགས་ཀྱིས་བྱས་པ་རེད།
   ན་ནིང་དགུ་པའི་བཅུ་གཅིག་གི་སྐྱེ་གཡར་བའི་དོན་རྐྱེན་ཐོན་ནས་ལོ་དགུ་འཁོར་བའི་དུས་དྲན་ལ་ཕྱིར་ལྟས་སློག་ན། ཨ་མི་རི་ཀའི་མི་རྣམས་ལ་སེམས་ནད་གསར་པ་ཞིག་བཟོས་ཡོད། སེམས་ནད་དེ་ནི་ནིའུ་ཡོག་ཏུ་དགུ་པའི་བཅིུག་གི་གཏོར་རྒོལ་བཏང་སའི་ཉེ་འགྲམ་དུ་ཁ་ཆེའི་ལྷ་ཁང་ཞིག་གསར་རྒྱག་བྱ་རྒྱུའི་རྩོད་རྙོག་ཞིག་ཐོན་ཡོད་པར་རྒྱལ་སྤྱིའི་ཐོག་དོ་སྣང་ཆེན་པོ་བྱུང་བ་དེ་རེད། ཁ་ཆེའི་ཚོགས་སྡེ་ཞིག་གིས་དགུ་པའི་བཅིུག་གི་རྗེས་ཤུལ་དེ་དང་ཉེ་བའི་སར་ཐོགས་རྩེགས་༡༥བྱས་པའི་ཁ་ཆེའི་ལྷ་ཁང་ཞིག་རྒྱག་གི་ཡིན་ཟེར་བ་དེར་ཨ་རིའི་ནང་ཧ་ཅང་གིས་རྩོད་གླེང་དྲག་པོ་བྱུང་ཡོད། ལྷ་ཁང་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཚོས་ཟེར་ན་ཨ་མི་རི་ཀའི་ནང་ཆོས་ལུགས་གང་འདྲ་ཞིག་ཡིན་ནའང་རང་དབང་ཡོད་རེད། ཟེར་བཤད་པ་དང་ཆོས་ཁང་རྒྱག་གི་ཡིན་ཟེར་མཁན་དེ་ཚོས།  ཁོ་ཚོས་དེ་འདྲ་བྱས་པ་དེ་ཁ་ཆེའི་སྤྱི་ཚོགས་དང་ཨ་མི་རི་ཀ་གཉིས་པོ་མཛའ་མཐུན་ཡོང་བའི་ཆེད་དུ་ཡིན་ཟེར་གྱི་ཡོད་པ་རེད།  ཡིན་ན་ཡང་། ངོ་རྒོལ་བྱེད་མཁན་ཚོས་ངོས་འཛིན་བྱེད་ཡས་ལ། ཁོང་ཚོས་ཨ་རིའི་ནང་ཁ་ཆེའི་ལྷ་ཁང་རྒྱག་རྒྱུར་ངོ་རྒོལ་བྱེད་ཀྱི་མེད་ལ། ཁ་ཆེའི་ཆོས་ལུགས་ལའང་ངོ་རྒོལ་བྱེད་ཀྱི་མེད་པར། དགུ་པའི་བཅིུག་གི་སྐྱི་གཡར་བའི་དོན་རྐྱེན་ཐོན་སའི་ཉེ་འགྲམ་དུ་ཁ་ཆེའི་ལྷ་ཁང་རྒྱབ་ན་འགྲིག་གི་མ་རེད།  འདི་ནི་དགུ་པའི་བཅིུག་གི་དོན་རྐྱེན་ནང་ཐད་ཀར་གནོད་འཚེ་ཕོག་པའི་ནང་མི་ཚོའི་སེམས་བསད་པ་རེད་ལ་ཨ་མི་རི་ཀའི་མང་ཚོགས་ཀྱི་བརྩི་དུང་ལ་ཡང་གནོད་འཚེ་གཏོང་བ་ཞིག་རེད། ལྷ་ཁང་ས་གནས་གཞན་དག་གང་དུ་རྒྱག་ནའང་འགྲིག་གི་རེད། ཅེས་གསུང་གི་ཡོད་པ་རེད། ཨ་རིའི་གསར་འགྱུར་ཁག་གཅིག་གིས་གནད་དོན་དེའི་ཐད་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་ཨ་རིའི་མང་ཚོགས་བརྒྱ་ཆ་༧༠པས་དགུ་པའི་བཅི་གཅིག་གི་དོན་རྐྱེན་ཐོན་སའི་ཉེ་འགྲམ་དུ་ཁ་ཆེའི་ལྷ་ཁང་གསར་རྒྱག་བྱ་རྒྱུར་མོས་མཐུན་བྱས་མེད་པ་རེད།
  ཡང་རྒྱ་རིགས་རྩོམ་པོ་ཞིག་གིས་༩པའི་༡༡གི་དོན་རྐྱེན་ཐོན་ནས་ལོ་བཅུ་འཁོར་བའི་སྐབས་འདིར་དཔྱད་རྩོམ་ཞིག་སྤེལ་ཡོད་པ་དེའི་ནང་འཁོད་དོན།  ད་ལོ་དགུ་པའི་བཅུ་གཅིག་གི་དོན་རྐྱེན་ཐོན་ནས་ལོ་བཅུ་ཧྲིལ་པོ་འཁོར་བ་དང་། འཛམ་གླིང་གི་ལོ་རྒྱུས་ལ་འགྱུར་བ་ཆེན་པོ་འཐེབ་པའི་རྒྱུད་རིམ་ནང་། ཐོག་མའི་རྒྱུན་སྲོལ་ལྟར་གྱི་ལོ་རྒྱུས་འཁོར་ལོ་དེ་ལམ་མདོ་ཁ་ཞིག་ཏུ་སླེབས་པ་རེད། ལོ་ངོ་གསུམ་བརྒྱའི་སྔ་རོལ་དུ་ཡི་ཤུའི་ཆོས་སྤེལ་མཁན་ཁག་གཅིག་གླིང་ཆེན་ཨ་མི་རི་ཀའི་སྐམ་སར་སླེབས་ཏེ། རྗེས་ལ་ཨ་མི་རི་ཀ་འདིའི་ནང་རང་བཙན་སྒྲགས་གཏམ་སྤེལ་བའི་ནང་མི་ཚང་མ་འདྲ་མཉམ་ཡིན་པ་སོགས་ཁྱབ་བསྒྲགས་གནང་ནས། འཇིག་རྟེན་བཀོད་པ་པོས་མིའི་ཁེ་དབང་བཙན་འཕྲོག་བྱེད་མི་ཆོག་པའི་སྐོར་བཀོད་པའི་ཁྲོད་དུ། ཚེ་སྲོག་དང་རང་དབང་ཐོབ་ཐང་དེ་བཞིན་བདེ་སྐྱིད་ཀྱི་ཐོབ་ཐང་རྩོན་ལེན་བྱེད་རྒྱུ་སོགས་བཀོད་ཡོད་པ་རེད། ཨ་མི་རི་ཀའི་རྒྱལ་ཁབ་སྐྱོང་བའི་གཞི་འཛིན་ས་དེ་ནི་ཐོག་མར། མི་ཚང་མ་འདྲ་མཉམ་སོགས་ལས་བྱུང་བའི་ཡིའུ་ཤུའི་ཆོས་ལུགས་ཀྱི་སྙིང་པོ་དེ་ནས་བྱུང་བ་རེད། ཨ་རིའི་ལོ་ ༢༠༠ ལྷག་ཙམ་གྱི་ལོ་རྒྱུས་ལ་རྒྱང་མིག་ཞིག་ཅི་དགར་ལྟས་ན། འདྲ་མཉམ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རིན་ཐང་ལག་བསྟར་གནང་ཡོད་པ་མ་ཟད། རིན་ཐང་དེའི་རིགས་འཛམ་གླིང་ཡོངས་སུ་ཁྱབ་སྤེལ་གཏོང་གནང་མཛད་ཡོད། དུས་རབས་སྔོན་མའི་ནང་དུ་ཨུ་རུ་སུས་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་ནང་དམར་ཤོག་རིང་ལུགས་ཀྱི་ལས་འགུལ་ཚོད་ལྟ་བྱས་ནས། དམར་ཤོག་གི་བཙན་ཤེད་གསར་བརྗེས་འཛམ་གླིང་ནང་དམག་འཁྲུག་བསླངས་པ་དང་། མུ་གེ་བཟོས་པ་དེ་བཞིན་དམར་གསོད་བཏང་པ་བཅས་བྱས་ནས་མི་དུང་ཕྱུར་འགལ་བའི་ཚེ་སྲོག་བཅད་ཡོད། ཆོས་མེད་སྨྲ་བ་དང་ Darwinism ཟེ་བའི་རྡར་ཝེན་རིང་ལུགས་ཀྱི་འཕེལ་འགྱུར་སྨྲ་བ་རྨང་གཞི་བྱས་པའི་དམར་ཤོག་རིང་ལུགས་ཀྱི་བསམ་བློའི་འདུ་ཤེས་འཛིན་སྟངས་དེ་དང་། ཡིའུ་ཤུའི་ཆོས་ལུགས་ལ་དད་པ་བྱེད་པ་དང་ཡོངས་ཁྱབ་ཀྱི་རིན་ཐང་གཙོ་བོ་བྱེད་པའི་ཨ་མི་རི་ཀ་གཉིས་ནི། མེ་དང་ཆུ་གཉིས་མཉམ་དུ་གནས་ཐབས་མེད་པ་ལྟར་རེད། དམར་ཤོག་རིང་ལུགས་ཀྱི་ལས་འགུལ་ནི་ཉེ་རབས་ནང་འཛམ་གླིང་གི་ཞེ་བདེ་དང་མིའི་རིགས་ཀྱི་བདེ་འཇགས་ལས་དབང་ལ་ཆེས་འཇིགས་སྣང་སྐུལ་མཁན་དེ་རེད།  ཨ་མི་རི་ཀའི་རྒྱལ་ཁབ་སྐྱོང་བའི་གཞི་འཛིན་ས་དང་ཡོངས་ཁྱབ་ཐོབ་ཐང་སྲུང་སྐྱོབས་གོང་སྤེལ་གཏོང་བའི་ཆེད་དུ། ཆབ་སྲིད་དང་དམག་དོན་དེ་བཞིན་དཔལ་འབྱོར་གོང་འཕེལ་བཅས་འཛམ་གླིང་གི་ཨང་དང་པོ་ཡིན་པའི་ཨ་མི་རི་ཀས་འཛམ་གླིང་གི་ཉེན་རྟོག་པ། ཟེར་བའི་ལས་འགན་ཁུར་ནས། ཨ་མི་རི་ཀ་གཙོ་བོར་གྱུར་པའི་ནུབ་ཕྱོགས་རྒྱབ་ཁབ་ཚོས་དམར་ཤོག་རིང་ལུགས་རྩ་མེད་བཟོ་བའི་ལས་འགུལ་སྤེལ་འགོ་བཙུགས་པ་རེད། ཅེས་སོགས་བཀོད་བཞག
  དགུ་པའི་བཅུ་གཅིག་གི་དོན་རྐྱེན་ཐོན་ནས་ལོ་ཧྲིལ་བུ་བཅུ་འཁོར་བ་དང་ལོ་བཅུ་པོ་འདི་དག་ནང་རྒྱུ་དངོས་པོ་འབོར་ཆེན་དང་ཨ་རིའི་དམག་མི་གསུམ་སྟོང་ལྔ་བརྒྱ་ལྷག་ཙམ་གྱི་རིན་ཐང་འགྲོ་སོང་བཏང་པའི་རྗེས། ད་ལོའི་ཕྱི་ཟླ་ལྔ་པའི་ནང་འཇིགས་སྐུལ་དྲག་སྤྱོད་པའི་འགོ་གཙོ་ Osama bin Laden བསད་པ་དེ་ཨ་མི་རི་ཀས་འཇིགས་སྐུལ་དྲག་སྤྱོད་ལ་རྒོལ་རྡུང་གཏོང་བའི་དམག་འཐབ་ལ་རྒྱལ་ཐོབ་པའི་གྲུབ་འབྲས་ཀྱི་ཆ་ཤས་ཞིག་ཡོད།  རོབ་རྩིས་བྱས་ན། ད་ལྟའི་ཆར་ཡུ་རོབ་རྒྱལ་ཁབ་༤༤ཡོད་པ་ཚང་མ་དམངས་གཙོའི་ལམ་ལུགས་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་དང་། གླིང་ཆེན་ཨ་མི་རི་ཀའི་ནང་རྒྱལ་ཁབ་ ༣༥ ཡོད་པའི་ནང་ནས་ཀུད་པ་ཕུད་པའི་རྒྱལ་ཁབ་ཚང་མའི་ནང་དམངས་གཙོའི་འོས་འདེམས་བྱེད་ཀྱི་ཡོད། གླིང་ཆེན་ཨེ་ཤ་ཡའི་ནང་ཉི་ཧོང་དང་རྒྱ་གར། ལྷོ་ཀོ་རི་ཡ། ཧྥེ་ལི་པིན། ཐེ་ཝན། ཨིན་རྡུ་ཎི་ཤི་ཡ། ཀེམ་པོའི་ཊེ་ཡ། ཐ་ན་ཨ་སྡུག་བལ་ཡུལ་ནང་དུའང་འོད་འདེམས་བྱེད་ཀྱི་ཡོད། ཨ་མི་རི་ཀའི་རྒྱལ་ཁབ་འདི་དབུ་བརྙེས་པ་ནས་བཟུང་དུས་ཡུན་ཐུང་ངུ་ལོ་ཉི་བརྒྱ་ལྷག་ཙམ་མ་གཏོག་ཕྱིན་མེད་ནའང༌། འཛམ་བུ་གླིང་འདིའི་ནང་ཨ་མི་རི་ཀ་ཡོད་པ་ཙམ་གྱིས་འཇིགས་རྟེན་འདིའི་ནང་ཉིན་རེ་བཞིན་རང་དབང་དམངས་གཙོའི་ཕྱོགས་སུ་མདུན་བསྐྱོད་བྱེད་ཐུབ་པ་བྱུང་བ་རེད། རྟགས་ཚན་དུ་མ་ཞིག་གིས་ཨ་མི་རི་ཀའི་ཆབ་སྲིད་དང་དཔལ་འབྱོར་དེ་བཞིན་དམག་དོན་འཐབ་ཇུས་དེ་དག་ འཛམ་གླིང་གི་ཞི་བདེ་དང་མིའི་རིགས་ཀྱི་བདེ་འཇགས་ཁུར་ལེན་ཡག་པོ་བྱེད་པའི་འཛམ་གླིང་གི་བདེ་འཇགས་སྲུང་སྐྱོབས་ཀྱི་ལས་འགན་ཁུར་ནས། འཛམ་གླིང་འདིའི་ནང་མཐའ་མའི་དམར་ཤོག་རིང་ལུགས་ཀྱི་སྲིད་དབང་སྡུག་ཤོས་དེ་མགོ་རྟིང་སློག་ནས་རང་དབང་དང་དམངས་གཙོའི་རྒྱལ་ཁབ་གསར་པ་ཞིག་བཙུག་ལ་ཉེ་བ་རེད།།
·གསར་འགྱུར་གོང་མ:དགེ་རྒན་དུས་ཆེན་ལ་བཀྲ་ཤིས་བདེ་ལེཊ་ཞུ།
·གསར་འགྱུར་འོག་མ:དགེ་ཆོས་གཤེཊ་ནས་ལོ་༦༠དུས་དྲན་གླེང་ཚོཊ་བསྡུས་པ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·ཨོ་བྷ་མ་ཤེས་རབ་ཀྱི་དོ་བདག་ལས་ཀེ་རིམ་རྩེད་མཁན་ཞིག་ཏུ་ཆགས་སྟངས། 2014/5/24 12:42:57
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 10:31:59 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 13:55:55 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 20:50:30 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 67 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.00MS