ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
གསར་འགྱུར་ཀློག་པ།

བོད་ཀྱི་ཕལ་སྐད་སྐོར་གླེང་བ། ༡

[རྩོམ་པ་པོ:པདྨ་ཆོས་འཕེལ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2011/8/23 15:04:13  བཀླགས་ཐེངས:1639][ཡིག་གཟུགས:ཡིག་གཟུགས་མདོག]
དན་ཏེའི་ཕལ་སྐད་བསམ་བློ་ནས་བོད་ཀྱི་ཕལ་སྐད་གླེང་བ། ༡

པདྨ་ཆོས་འཕེལ།

༄༅། །འཛམ་གླིང་ཡིག་རིགས་ཁག་ལ་ཆེས་ཁྱབ་ཆེ་བ་ནི་ལཱ་ཏིན་ཡིག་གཟུགས་ཞེས་པའོ། ། ཡིག་གཟུགས་དེ་ནི་གནའ་བོའི་རོ་མཱ་རྒྱལ་ཁབ་གཞུང་ཕྱོགས་ཀྱི་སྐད་དང་མཐུན་པའི་ལཱ་ཏིན་ཡི་གེ་ཞེས་པ་འབྲི་བྱེད་ཀྱི་ཡིག་གཟུགས་ཤིག་ཡིན། དེ་ཡང་ཐོག་མར་གྷི་རི་སིའི་ཡིག་གཟུགས་ལས་མཆེད་པར་བཤད། ཆེས་གནའ་བོའི་དུས་སུ་ཨི་ཏ་ལེ་གླིང་ལག་སྟེང་དུ་ལཱ་ཏིན་མི་ཞེས་རོ་མཱ་གྲོང་ལྟེ་བར་བྱེད་པའི་ཚོ་པ་ཞིག་ཡོད་པ་དེ་རིམ་གྱིས་སྟོབས་འབྱོར་རྒྱས་ཏེ་མི་རིགས་སྣ་མང་འདུས་པའི་ཡོ་རོབ་གླིང་ལ་དབང་སྒྱུར་བའི་གནའ་བོའི་རོ་མཱ་རྒྱལ་ཁབ་ཟེར་བ་དེ་བྱུང་། རོ་མཱ་བཙན་རྒྱལ་དང་ཡི་ཤུའི་ཆོས་ལུགས་ཀྱི་ཡུན་རིང་དབང་སྒྱུར་འོག་ལཱ་ཏིན་སྐད་དང་ཡི་གེ་ནི་གནས་སྐབས་དེའི་ཆོས་སྲིད་གཉིས་ཀྱི་བརྡ་སྤྲོད་ལག་ཆ་ཞིག་ཏུ་གྱུར་ཅིང་། ཡོ་རོབ་ནུབ་མའི་མི་རིགས་ཕལ་ཆེ་བས་ལཱ་ཏིན་ཡི་གེ་སྦྱོང་དགོས་པ་ལས། རང་སྐད་དང་མཐུན་པའི་མི་རིགས་ཀྱི་ཡི་གེ་མེད། རིག་རྩལ་བསྐྱར་དར་ཟེར་བའི་ལས་འགུལ་ནང་། ཡོ་རོབ་གླིང་གི་མི་རིགས་ཁག་གིས་ལཱ་ཏིན་ཡིག་གཟུགས་གཡར་ནས་རང་མི་རིགས་ཀྱི་སྐད་དང་མཐུན་པའི་ཡི་གེ་བཟོས་ཐུབ་པ་བྱུང་ཡོད། མཐར་ལཱ་ཏིན་ཡིག་གཟུགས་དེ་སྐད་རིགས་མི་འདྲ་བ་དང་སྦྱར་ནས་ཡི་གེ་བཟོ་བའི་སྲོལ་དེ་འཛམ་གླིང་ཁྱོན་དུ་དར་ཁྱབ་བྱུང་བ་རེད། དེ་ལྟར་ལཱ་ཏིན་ཡིག་གཟུགས་སྐད་རིགས་མི་འདྲ་བ་ལ་སྦྱར་ནས་ཡི་གེ་གསར་གཏོད་ཀྱི་ལས་འགུལ་རྒྱ་ཆེར་སྤེལ་བ་ལ་ཤེས་རབ་དང་སྙིང་སྟོབས་ཀྱི་སྒྲོན་མེ་སྩོལ་བའི་མཁས་པ་མི་ཉུང་བ་ཞིག་བྱོན་པ་ལས། སྙན་གྲགས་ཆེ་ཤོས་ནི་ཡོ་རོབ་ཀྱི་དུས་རབས་དཀྱིལ་མ་དང་རིག་རྩལ་བསྐྱར་དར་གཉིས་ཀྱི་མཚམས་སུ་ལངས་ནས་ཕ་སྐད་ཀྱི་འབོད་སྐུལ་སྒྲོག་མཁན་སྙན་ངག་པ་དན་ཏེ་ཞེས་བྱ་བའོ། །
དན་ཏེ་(Dante Alighieri,但丁,1265-1321)ནི་ཨི་ཏ་ལེའི་རིག་རྩལ་བསྐྱར་དར་ལས་འགུལ་གྱི་སྔོན་གཤེགས་དམ་པ་ཞིག་ཡིན། ཕལ་སྐད་གླེང་བ་ཞེས་པའི་བསྟན་བཅོས་ནི་ཁོང་གིས་ཨི་ཏ་ལེའི་ཕལ་སྐད་ཚད་ལྡན་ཞིག་ཇི་ལྟར་ཆགས་དགོས་པའི་སྐོར་གྱི་ལམ་ཕྱོགས་སྟོན་པའི་གཞུང་ལུགས་ཤིག་རེད། དེའི་ནང་ཁོང་གིས་ཕལ་སྐད་དང་ཡིག་སྐད་ཀྱི་དབྱེ་བ་གཉིས་མཛད་དེ། ཕལ་སྐད་ནི་བྱིས་པ་ཆུང་ངུ་ནས་རང་གི་ཕ་མ་ལ་ལད་མོས་རང་བཞིན་གྱིས་ལོབས་པའི་སྐད་དེ་ལ་ཟེར་བ་དང་།  དེ་ནི་སྐྱེ་བོ་ཀུན་གྱིས་རང་བཞིན་དུ་སྤྱོད་པ་ཞིག་ཡིན་པས་མཆོག་ཏུ་གྱུར་པའི་སྐད་ཅིག་ཏུ་བསྔགས་ལ།  ཡིག་སྐད་ནི་སྐབས་དེའི་ཆོས་སྲིད་གཉིས་ཀྱི་ཕྱོགས་སུ་ཁྱབ་ཆེ་བའི་ལཱ་ཏིན་སྐད་ལ་ཟེར་ཞིང་། སྐད་དེ་ནི་མི་ཉུང་ཤས་ཀྱི་སྤྱོད་ཡུལ་ཙམ་ལས་སྐྱེ་བོ་ཕལ་པ་ལ་གོམས་འདྲིས་མེད་པས་ཡུན་རིང་མ་བསླབས་ན་ཁོང་དུ་ཆུད་དཀའ་བར་མཁས་པས་ཆེད་དུ་བཅོས་པའི་སྐད་ཅིག་ཡིན་པར་བཤད།  ཁོང་གིས་བསྟན་བཅོས་ཡིན་ཕྱིན་སྐབས་དེར་ཡིག་སྐད་དུ་བརྩི་བའི་ལཱ་ཏིན་ཁོ་ནའི་ཐོག་ནས་བརྩམ་དགོས་པས་མ་ཁྱབ་པར། མི་རིགས་སོ་སོའི་ཕལ་སྐད་ཐོག་ནས་ཀྱང་རྩོམ་རིག་གི་བསྟན་བཅོས་ལེགས་པོ་རྩོམ་ཐུབ་པའི་གནས་ལུགས་བརྗོད་དེ་རང་གི་ཕ་སྐད་ཀྱི་རིན་ཐང་ལ་བདེན་པ་བརྡར་བར་མ་ཟད།  ཕལ་སྐད་ཐོག་ནས་གསར་རྩོམ་གྱི་ལག་ལེན་དངོས་ལ་འཇུག་སྟེ། མི་རྣམས་ལ་རང་གི་ཕལ་སྐད་ཐོག་ནས་ཀྱང་རྩོམ་རིག་གསར་རྩོམ་བྱེད་ཆོག་པའི་ཚུལ་གསལ་བར་མཛད་དེ་ཕ་སྐད་ཀྱི་ལ་རྒྱ་ཀུན་ནས་བསླངས་ཤིང་།  ནུབ་གླིང་མི་རིགས་ཁག་ལ་རང་གི་ཕལ་སྐད་ལཱ་ཏིན་ཡིག་གཟུགས་ཀྱིས་བྲིས་ཏེ་སྐད་དེ་དང་མཐུན་པའི་ཡིག་རིགས་གསར་གཏོད་བྱེད་ཆོག་པའི་ངེས་ཤེས་སྔར་བས་བརྟན་པོ་ཞིག་འདྲེན་པར་བྱེད་དོ། །ལྷག་པར་དུ་ཁོང་གིས་ཨི་ཏ་ལེའི་མི་རིགས་ཀྱི་ཕལ་སྐད་ནི་གྲོང་ཁྱེར་རིས་སུ་མ་ཆད་པར་ཁྱབ་ཅིང་། གྲོང་ཁྱེར་སོ་སོའི་ཡུལ་སྐད་རྣམས་ཀྱི་ཚད་གཞིར་བཟུང་འོས་པའི་གཟི་བརྗིད་ལྡན་པའི་ཕལ་སྐད་ཅིག་ཡིན་དགོས་པར་འབོད་སྐུལ་གནང་བར་བལྟས་ན། ཁོང་གིས་བཤད་པའི་ཕལ་སྐད་ནི་ལཱ་ཏིན་སྐད་དང་ཡུལ་སྐད་ཀྱི་མཐའ་གཉིས་སུ་མ་ལྷུང་བའི་སྤྱི་སྐད་ཅིག་ཡིན་པར་སྣང་ངོ་། ། ཁོང་གི་ཕལ་སྐད་བསམ་བློ་ལས་བདག་ལ་དྲི་རྟོགས་གཙོ་བོ་གཉིས་བྱུང་བ་སྟེ། གཅིག་ནི་བོད་ཀྱི་ཡུལ་ལུང་རིས་མེད་དུ་ཁྱབ་པའི་གཟི་བརྗིད་ལྡན་པའི་ཕལ་སྐད་དེ་ཇི་ལྟར་འབྱུང་དགོས་སམ། གཉིས་ནི་ཡོངས་གྲགས་ཀྱི་བརྡ་དག་གཞུང་ལུགས་ལ་མ་བརྟེན་པར་དབྱངས་གསལ་སོ་བཞིའི་གཟུགས་ཀྱིས་ཡུལ་ལུང་གི་ཁ་སྐད་ཕབ་འབྲི་བྱས་ཏེ་ཡུལ་སྐད་ཡིག་ལམ་ནས་རྒྱ་ཡན་དུ་བཏང་ན་ཉེན་ཁ་ཇི་ཙམ་ཡོད་དམ།དེ་ཡང་སྐད་ནི་བརྡ་རྟགས་ཤིག་ཡིན་པའི་ཆ་ནས་དེ་ལ་རྒྱུན་མཐུད་དང་བརྟན་ཆགས་དང་མ་ལག་གི་རང་བཞིན་ལྡན་ལ། སྨྲ་བ་པོའི་བརྗོད་བདེའི་རྗེས་འབྲང་དང་འགྱུར་བའི་རང་བཞིན་ཡང་ལྡན་པས། མི་ལོ་ཁྲི་སྟོང་རིང་ད་ལྟའི་སྐད་རིགས་སྣ་ཚོགས་མཆེད་པ་དང་། སྐད་རིགས་གཅིག་གི་ནང་རོལ་དུའང་འགྱུར་བ་མང་པོ་འགྲོ་བཞིན་ཡོད་པ་རེད། སྙན་ངག་མེ་ལོང་ལས། ངག་གི་རང་བཞིན་དེ་དག་ཀྱང་། །ལེགས་སྦྱར་དེ་བཞིན་རང་བཞིན་དང་། །ཟུར་ཆག་འདྲེས་མ་ཞེས་བྱ་བ། །རྣམ་པ་བཞི་རུ་མཁས་རྣམས་གསུངས། །ཞེས་ལེགས་སྦྱར་གྱི་སྐད་དང་ཡུལ་མི་རང་བཞིན་གྱི་སྐད་དང་ཟུར་ཆག་གི་སྐད་དང་འདྲེས་མའི་སྐད་བཞི་བཤད་པ་ལས་གནས་སྐབས་དེའི་སྐད་ཀྱི་འགྱུར་བའི་སྣང་ཚུལ་ཞིག་གསལ་བར་མ་ཟད། སྐད་རིགས་ཕལ་ཆེ་བའི་དབང་དུ་བཞག་ནའང་འཐུས་པར་སྣང་སྟེ། རིག་གཞུང་ཁྱབ་ཁོངས་ཀྱི་མཁས་པ་ཚོའི་བསྟན་བཅོས་དང་འབྲེལ་བའི་བརྡ་དང་། ཡུལ་ཁམས་སྤྱིའི་ཡུལ་མི་ཕན་ཚུན་ཐུན་མོང་དུ་གོ་བའི་བརྡ་དང་། ཡུལ་དུས་ཀྱི་འགྱུར་བས་མིང་བརྡའི་སྒྲ་གདངས་སོགས་ཟུར་ཉམས་ནས་ཡུལ་ལུང་རེ་འགས་མ་གཏོགས་མི་གོའི་བརྡ་དང་། སྐད་རིགས་མི་འདྲ་བ་ཕན་ཚུན་འདྲེས་པའི་བརྡ་སོགས་བོད་སྐད་ལའང་ཡོད་པའི་ཕྱིར་རོ། ། དེ་ལས་ཡུལ་མི་རང་བཞིན་གྱི་སྐད་ནི་འདིར་གླེང་བའི་ཕལ་སྐད་དང་མཚུངས་ཤིང་། ཟུར་ཆག་གི་སྐད་ནི་ཡུལ་སྐད་རྣམས་དང་། འདྲེས་མའི་སྐད་ནི་རྒྱ་མ་བོད་ཀྱི་སྐད་ལྟ་བུ་ཡིན་ལ་དེ་ཕོན་ཆེ་དྲགས་ན་སྐད་རིགས་ཤིག་གི་ཕུང་པོ་རྒུད་པའི་ནད་རྟགས་སམ་ཉེན་བརྡ་ཞིག་ལས་མ་འདས་སོ། ། ལེགས་སྦྱར་གྱི་སྐད་ནི་མཁས་པའི་སྤྱོད་ཡུལ་ཙམ་དུ་གྱུར་པའི་རིག་གཞུང་གི་བརྡ་ཁོ་ནར་ངེས་ཏེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། འདིའི་རྐྱེན་དང་རྣམ་དབྱེ་མཚམས་སྦྱོར་སོགས་གང་ལ་བལྟས་ཀྱང་། འདི་རྒྱ་ནག་དང་བོད་སོགས་ཀྱི་སྐད་བཞིན་དུ་འཇིག་རྟེན་ལ་ངང་གིས་བྱུང་བའི་སྐད་ཞིག་མ་ཡིན་པར་པཎ་ཊི་ཏ་རྣམས་ཀྱིས་ཡུན་རིང་པོར་འབད་དེ་ཆེད་གཉེར་གྱིས་བཅོས་པ་ཞིག་ཏུ་གདོན་མི་ཟའོ་ཞེས་དང་། རྣམ་དབྱེ་རྐྱེན་དང་བཅས་པ་འདི་ལྟ་བུ་ཕལ་སྐད་དུ་བྱས་པའི་དུས་ནི་ངེས་པར་ཡོང་མི་སྲིད། དེས་ན་ལེགས་སྦྱར་ནི་ལེགས་སྦྱར་རང་ཡིན་པས། ཆེད་དུ་བཅོས་ཞིང་ལེགས་པར་སྦྱར་བའི་སྐད་ཡིན་ཅིང་། དེ་ཡང་བྲམ་ཟེ་རྣམས་ཀྱིས་རང་གི་ལུང་ལ་སྐྱེ་བོ་གཞན་འཇུག་དཀའ་བའི་ཆེད་དུ་བཅོས་པ་ལྟར་མི་སྣང་ངམ། ཞེས་གསུངས་པ་ལྟར་རོ། །
རིག་གནས་མིའི་རིགས་རིག་པ་ལྟར་ན། སྐད་ནི་རིག་གནས་ཀྱི་གྲུབ་ཆ་གལ་ཆེ་ཤོས་དེ་ཡིན་ལ་རིག་གནས་ཀྱི་རྣམ་པ་ཇི་སྙེད་པའི་རྟེན་དུ་གནས་པར་མ་ཟད། མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཀྱང་ཡིན་མོད། དུས་རབས་འཕེལ་རྒྱས་དང་སྤྱི་ཚོགས་འབྲེལ་བ་ཇེ་རྒྱས་ཇེ་ཟབ་ཏུ་འགྲོ་བའི་སྟབས་ཀྱིས་སྐད་རིགས་ཕལ་མོ་ཆེ་ལ་སྐད་འདྲེས་མ་དང་སྐད་གཞན་གྱིས་ཚབ་བྱེད་པ་སོགས་ཀྱི་ཉེན་ཁ་ཆེ་ཆུང་སྣ་ཚོགས་འཕྲད་བཞིན་ཡོད། སྤྱིར་སྐད་རིགས་གཞན་གྱི་ཐ་སྙད་ལ་ལ་སྒྲ་རང་སོར་བཞག་པ་ནི་སྒྱུར་བའི་ཐབས་དམ་པ་ཞིག་ཏུ་བརྩིས་ནས་སྒྲ་སོར་བཞག་གི་མིང་བརྡ་མི་ཉུང་བ་ཞིག་སྐད་རིགས་ཕལ་ཆེ་བར་སྣང་མོད། སྐད་འདྲེས་མ་ཟེར་བ་ནི་སྐད་རིགས་གཉིས་ཉ་ཉུང་མཉམ་དུ་བསྲེས་ནས་ཕ་སྐད་གཙང་མ་ཞིག་བཤད་མི་ཐུབ་པར་སྐད་རིགས་གཞན་གྱི་མིང་བརྡ་ཕོན་ཆེན་ཞིག་གཡར་ནས་བརྗོད་པ་དང་། མིང་བརྡ་གཡར་པོའི་འདྲེས་ཚད་ཇེ་མང་ནས་ཇེ་མང་དུ་སོང་ནས་མཐར་ཕ་སྐད་བརྡ་སྤྲོད་ཀྱི་གོ་གནས་ཕྱིར་ཕུད་གཏོང་བའི་ཉེན་ཁ་ཆེ། དེ་ལྟར་སྐད་འདྲེས་མ་ཁྱབ་ཆེན་པོ་བྱུང་བ་ནི་ཡག་རྟགས་ཤིག་མིན་པས། སྣང་ཚུལ་འདི་ལས་མི་རྣམས་ལ་རང་སྐད་མ་ཉམས་པར་གནས་འདོད་དང་ཇི་ལྟར་གནས་པའི་ཐབས་འཚོལ་བའི་སྐུལ་ལྕག་ཚ་ཐག་ཆོད་ཅིག་ཐེབས་འོས་ཀྱི། མ་དག་སྣང་ཚུལ་དེ་རྒྱུན་འབྱམས་དུ་བཏང་ན་བཟའ་བཏུང་འབའ་ཞིག་དོན་དུ་གཉེར་བའི་ཕག་པ་སྤུ་མེད་ལས་ཀྱང་ལོད་པ་ཁོ་ནའོ། །
དེས་ན་རང་སྐད་མ་ཉམས་པར་གནས་ཐབས་སུ་དེའི་འགལ་རྐྱེན་བསལ་བར་རིགས་ཏེ། འགལ་རྐྱེན་དེ་ལ་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ལས་ཕྱི་རྐྱེན་ནི་སྐད་འདྲེས་མ་དང་སྐད་རིགས་གཞན་གྱིས་ཕ་སྐད་ཀྱི་ཚབ་བྱེད་པའི་ཉེན་ཁ་སྔོན་འགོག་དང་། སྔོན་བྱོན་ཆོས་རྒྱལ་ལོ་པཎ་ཚོས་རང་ཚུགས་ལྡན་པའི་སྒོ་ནས་རིག་གནས་གསར་པ་ནང་འདྲེན་བྱེད་པའི་སྙིང་སྟོབས་དང་ཤེས་རབ་ལ་མིག་དཔེ་བལྟ་འོས་སོ། ། འོན་ཀྱང་གཙོ་བོ་ནང་རྐྱེན་ཡིན་ཏེ། སྐད་རིགས་རང་ངོས་ལ་ཞུན་བརྡར་ལེགས་པར་བྱས་ནས་བོད་མི་ཡོངས་ཁྱབ་ཏུ་བརྡ་འཕྲོད་པའི་ཕལ་སྐད་ཅིག་ཆགས་པར་བྱེད་དགོས། དེ་ཡང་ཕལ་སྐད་དང་ཡུལ་སྐད་དང་ཡིག་སྐད་གསུམ་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱ་རྒྱུ་ནི་གནད་དམ་པའོ། །

·གསར་འགྱུར་གོང་མ:གླུ་མ་ཧན་ཧུང་གིས་ཕ་ཡུལ་གྱི་དྭ་ཕྲུག་ཁང་དུ་རོཊ་དངུལ་སྦྱིན།
·གསར་འགྱུར་འོག་མ:བོད་ཀྱི་ཕལ་སྐད་སྐོར་གླེང་བ། ༢
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·འབྲུག་པའི་སྐད་ཡིག་བོད་ཡིག་ཡིན་མིན་སྐོར། 2013/12/18 22:39:47
·ནུབ་ཕྱོཊ་ཀྱི་བོད་མིའི་སྤྱི་ཚོཊ་ནང་སྐད་ཡིག་ཉམས་ཆག་གི་ཉེན་ཁ་ལས་སྐྱོབ་ཐབས། 2013/7/30 19:09:08
·འཛམ་གླིང་སྐད་ཡིག་ཉིན་མོ་དང་བོད་ཀྱི་སྐད་ཡིག 2012/2/21 9:35:28
·བོད་སྐད་བོད་ཡིག་མི་ཤེས་པའི་སྐྱོ་གར་གྱི་འབྱུང་རྐྱེན། 2012/1/6 10:34:48
·མི་རིགས་ལ་བླ་སྲོག་གཅིག་ལས་མེད། 2011/10/22 10:26:54
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 10:58:00 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 14:25:38 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 21:39:57 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS