ཕྱི་གླིང་བུ་མོ་ཞིག་གི་ལེགས་སྐྱེས།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བའི་<<ནུབ་ལུགས་ཀྱི་རི་མོ་འབྲི་སྟངས་ངོ་མཚར་སྣང་བརྙན>>ཞེས་པ་འདི་ནི། ཕ་ཡུལ་ཕྱི་གླིང་ཁ་ན་ཊའི (canada)རྒྱལ་ཁབ་ནས་ཡིན་པའི་བུ་མོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་བྲིས་པ་ཞིག་རེད་ལ། འདི་ནི་མོ་རང་ལོ་ངོ་བཅུ་བདུན་གྱི་སྟེང་ཕ་ཡུལ་དང་གྱེས་ནས་འཛམ་གླིང་སྟེང་གི་རྒྱལ་ཁབ་ཆེ་ཆུང་བཞི་བཅུ་ལྷག་ཏུ་ཕྱིན་ཏེ། རི་མོའི་དགེ་རྒན་བཙལ་བ་དང་། མི་རིགས་དང་རྒྱལ་ཁབ་སོ་སོའི་རི་མོ་ལ་ཞིབ་འཇུག་གི་དཀའ་ལས་མང་པོས་ལོ་ངོ་ཉི་ཤུའི་དུས་ཡུན་ཕ་རོལ་དུ་བསྐྱལ་བའི་ཆེད་ལས་གྲུབ་འབྲས་ཀྱི་སྔོན་འགྲོ་ཡིན་པར་མ་ཟད། རི་མོའི་སྒྱུ་རྩལ་ལ་དགའ་ཞེན་ཆེ་བའི་རིགས་ལ་ཆེའི་གལ་ཆེ་བའི་ལེགས་སྐྱེས་གསོན་པོ་ཡང་ཡིན་འདུག
དེབ་འདིར་གཙོ་བོ་འགྲོ་བ་མི་འབྲི་བའི་ཆ་ཚད་དང་། མིའི་རུས་སྒྲོམ་གྲུབ་སྟངས་ནས་ཤ་རྒྱུས་བཞིན་མདངས་དོད་ཚུལ་སོགས་ཉམས་དོད་པོར་འབྲི་ཚུལ་རྩལ་འདོན་གནང་ཞིང་། རི་མོ་རེ་རེའི་འབྲི་སྟངས་ཐད་ཧ་ཅང་ཞིབ་གསལ་གྱི་ངོ་སྤྲོད་དབྱིན་བོད་རྒྱ་གསུམ་གྱི་ཡི་གེས་རིམ་པ་ལྟར་བྲིས་ཡོད་པས། མི་སྣ་ཞིབ་འབྲི་ལ་སྤྲོ་བའི་རི་མོ་བ་ཚོར་སློབ་སྦྱོང་གི་ཆ་རྐྱེན་ཕུན་སུམ་ཚོགས་པ་ཞིག་རེད་འདུག

རི་མོ་བ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་བཤད་དོན། ང་རང་རི་མོ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པས། ངའི་སེམས་སུ་རི་མོ་འབྲི་རྒྱུ་ནི་ངའི་མི་ཚེའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། ང་རང་མི་རིགས་གཞན་པའི་རི་མོ་ལ་སྤྲོ་སྣང་ཆེན་པོ་ཡོད་པར་མ་ཟད། རྒྱལ་ཁབ་མང་པོ་ཞིག་ལ་འགྲིམ་རྒྱུའི་སྐལ་བ་བྱུང་ཞིང་། མི་རིགས་དེ་དང་དེའི་སྲོལ་རྒྱུན་གྱི་རི་མོ་གང་ཐུབ་ཐུབ་ཀྱིས་སློབ་སྦྱོང་བྱེད་བཞིན་ཡོད། སྒྲ་སྙན་ནམ། རྩོམ་རིག་གམ། རི་མོ་སོགས་སྒྱུ་རྩལ་གྱི་ཁྱབ་ཁོངས་གང་ཡིན་ཡང་ཆེས་བཟང་བའི་ཆ་ནི་དེ་དང་དེའི་སློབ་མཁན་གྱིས་ནམ་ཡིན་ཡང་མཚམས་མ་ཆད་པར་སློབ་སྦྱོང་བྱེད་པ་དེ་རེད། རྒྱུ་མཚན་ནི་འདིའི་ཕྱོགས་ཀྱི་ཤེས་བྱ་ཤིན་ཏུ་རྒྱ་ཆེ་བས་སོ། ། ང་རང་ཐང་ཀ་འབྲི་མཁན་མཁས་པ་འགའ་དང་མཉམ་དུ་ལས་ཀ་བྱེད་སྐབས་འདི་འདྲའི་དཔེ་ཆ་ཞིག་དཔེ་སྐྲུན་བྱེད་རྒྱུའི་ཐོག་མའི་བསམ་འཁོར་བྱུང་། ཁོང་ཚོ་དང་མཉམ་ལས་བྱེད་རྒྱུ་བྱུང་བ་དེས་ངས་ཁོང་ཚོའི་ས་ནས་ཁོང་ཚོའི་ཁྱད་ཆོས་ལྡན་པའི་ལག་རྩལ་སློབ་ཐུབ་པར་གྱུར། དེར་མ་ཟད་ངས་བསླབ་པ་དག་ཀྱང་ཁོ་ཚོ་ལ་བརྒྱུད་བསྒྲགས་བྱེད་ཐུབ་སོང་། དེ་བས་དེབ་འདི་དཔེ་སྐྲུན་བྱེད་རྒྱུའི་རེ་བའི་ས་བོན་ལ་རྩ་བ་ཚུགས་པའི་མ་ཚད་འབྲས་བུ་ཡང་སྨིན་ཐུབ་པ་བྱུང་། འདིར་ལག་རྩལ་འགའ་དང་དེ་འབྲེལ་གྱི་གསལ་བཤད་ནི་རི་མོ་བ་ལ་མཚོན་ན་བེད་སྤྱོད་བྱེད་རིན་ཡོད་པར་སྙམ། གཞན་ངས་རྒྱལ་ཁབ་འདིའི་རི་མོའི་སྒྱུ་རྩལ་སྐོར་སློབ་པའི་སྐལ་བ་དེ་ལས་ཤེས་བྱ་མང་པོ་ཞིག་ཐོབ་པར་རེ་བ་བྱེད་བཞིན་ཡོད།
དེབ་འདི་རི་མོའི་དཔེ་ཚོགས་ཀྱི་དེབ་ཕྲེང་དང་པོ་ཆགས་རྒྱུ་ནི་ང་ཚོའི་འཆར་གཞི་ཡིན། རིག་གཞུང་ནི་ས་འོག་ནས་བྲུས་པའི་རྡོ་སྣུམ་དང་འདྲ་བར། དུས་རབས་མང་པོ་ཞིག་ལ་བསོགས་པ་ཡིན་ལ། གལ་སྲིད་གཏོར་བརླག་བྱུང་ཚེ་ཚབ་བྱེད་ཐབས་མེད། དེར་བརྟེན། དཔེ་ཚོགས་འདིས་རི་མོ་བ་རྒན་གཞོན་གང་ལའང་སྐུལ་མ་ཐེབ་ཐུབ་པར་སྙམ། ཞེས་ལྷག་བསམ་གྱི་དྲི་མ་མ་ཡལ་བའི་སྐད་ཆ་གསོན་པོ་འགའ་ཡང་འདུག
མོའི་རི་མོའི་གསོན་ཉམས་ཀྱི་ཟུར་དངོས། |