ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
  གསར་འགྱུར་ཀློག་པ།

འཇིག་རྟེན་ཁམས་ལས་འཕྲོས་པའི་གཏམ།༢

[རྩོམ་པ་པོ:རྔ་པ་རྒྱལ་ཁམས་པ།  ཡོང་ཁུངས:ངེད་  དུས་ཚོད:2011/4/6 13:04:10  བཀླགས་ཐེངས:1627][ཡིག་གཟུགས:ཡིག་གཟུགས་མདོག]
འཇིག་རྟེན་གྱི་ཁམས་ལས་འཕྲོས་པའི་གཏམ། སྔ་འཕྲོ་མུ་མཐུད།༢
རྔ་པ་རྒྱལ་ཁམས་པ།
 
དཔལ་དགྱེས་ནས་མཁོ་འདོན་གནང་།
 

དེ་ཡང་འཇིག་རྟེན་གྱི་ཁམས་ལ་ལ་ཏན་སྐད་དུ་(Universe)ཡོས་ནེའི་བར་སེའམ། (cosmos)སྟེ་སྣང་སྲིད་ཀྱི་ཁམས་ཞེས་ཀྱང་བརྗོད།དེ་དབྱིན་སྐད་དུ་(whole world)འཇིག་ རྟེན་ཧྲིལ་བོ་ཞེས་པའི་དོན་རེད། ང་ཚོའི་ས་གཞི་འདི་དང་། ཉི་ཟླ་གཟའ་སྐར། དགུ་ཚིགས། སྟོང་ཁམས་ཆེ་ཆུང་།མི་དང་དུད་འགྲོ་སོགས་སེམས་ལྡན།རྩྭ་རྩི་ཤིང་ནགས་ཚལ་སོགས་ སེམས་མེད་ཀྱི་དངོས་རིགས་ཐམས་ཅད་འཇིག་རྟེན་ཀྱི་ཁམས་འདི་ལ་བརྟེན་ཅིང་གནས་ཡོད། འོན་ཀྱང་། ང་ཚོས་འཇིག་རྟེན་གྱི་ཁམས་འདི་ཐོག་མར་ཇི་ལྟར་བྱུང་བ་དང་། མཐའ་མར་ཇི་ལྟར་འགྱུར་རྒྱུ་ཡིན་མིན་སོགས། ད་ཕན་གསལ་བོ་ཞིག་ཤེས་རྟོགས་བྱུང་མེད། ཅུང་ཟད་ཅིག་ཤེས་པ་ནི་རང་རེའི་ཉི་ཁྱིམ་དང་། དགུ་ཚིགས་དེ་བཞིན་འཇིག་རྟེན་གྱི་ཁམས་འདིའི་ནང་གི་རྡུལ་ཕྲན་ལྟ་བུ་ཞིག་གམ། ཡང་ན། ནག་ ཐིག་ཆུང་ཆུང་རེ་ཡིན་པར་མཐོང་ཐུབ་ཀྱི་ཡོད་པ་རེད། གདོད་མའི་གས་འཐོར་ཆེན་པོའི་རྣམ་བཞག་ལྟར་ན། མཐའ་ཡས་པའི་འཐེན་ཤུགས་ཀྱི་ནུས་སྟོབས་ལས། འཇིག་རྟེན་ཁམས་ཀྱི་ཡོད་ཚད་གཞི་གཅིག་ཏུ་བསྒྲིལ་པ་ལ། རྐྱང་བའི་རང་བཞིན(singularity)ཞེས་བརྗོད་པར་སྣང་ཞིང་།

   དེའང་ནག་ཁུང(black hole)ཆེ་ ཆུང་དག་གི་དཀྱིལ་སྙིང་དུ་ཆགས་ཡོད་པ་དང་། བོངས་ཚད་ཀྱི་ཆ་ནས་མཐའ་ཡས་པའི་ཆུང་ངུ་། ཚ་གྲང་གི་ཆ་ནས་མཐའ་ཡས་པའི་ཚ་བོ། འཐུག་རྔམ་གྱི་ཆ་ནས་མཐའ་ཡས་པའི་སྟུག་པོ་སྟེ་ཁྱད་ཆོས་གསུམ་དང་ལྡན་པ་ཞིག་རེད། མི་ལོ་ཐེར་འབུམ་བཅུ་གསུམ་ནས་བཅོ་ལྔ་ཡས་མས་ཤིག་གི་སྔ་རོལ་ན། གཅིག་རྐྱང་གི་རང་བཞིན་དེའི་རྒྱ་རལ་ནས་ཕྱོགས་ཐམས་ཅད་དུ་གཡོ་ཆོམ་གྱི་སྒྲ་བསམ་ གྱིས་མི་ཁྱབ་པ་དང་མཉམ་དུ་གས་འཐོར་བྱུང་བས། བར་སྣང་དང་། དུས། འཐེན་ཤུགས་བཅས་སྐྱེ་འཕེལ་གྱི་མགོ་ཚུགས་ཤིང་། སྐབས་དེའི་འཇིག་རྟེན་ནི། རྫས་དང་། ལྡོག་རྫས། ནུས་ཤུགས་བཅས་མཉམ་འདྲེས་ཀྱི་རྒྱ་མཚོ་ནག་པོ་ཞིག་འཕྱུར་བཞིན་པ་ཀུན་ཏུ་མཚུངས། དེ་ནས་རྫས་དང་ལྡོག་རྫས་གཉིས་འཕྲད་སྟོབས་ལས། ཕན་ཚུན་ཚུར་ལྡོག་བྱས་པས་གཉིས་ཀ་རྩ་མེད་དུ་སོང་ཤུལ་ན། ལྷག་ལུས་སུ་གྱུར་པ་ནི་ནུས་ཤུགས་གཅིག་པུ་དེ་རེད། ནུས་ཤུགས་འདི་དངོས་གནས་ཅི་ཞིག་ཡིན་ནམ། འདི་སྟོབས་ཆེན་པོ། ཁྱབ་ཆེན་པོ། གཟུགས་མེད་ཀྱི་དངོས་པོ་འདི་ལ་འགྲེལ་བཤད་ཇི་ལྟར་རྒྱག་དགོས་མ་ཤེས། འདི་ཡུལ་ཅན་སེམས་ཀྱི་ཆ་ཤས་ཤིག་ཨེ་ཡིན་ནམ། ཡང་ན། འདི་ཡུལ་དངོས་པོའི་ཆ་ཤས་ཁོ་ན་ཞིགརེད། ཡང་ན། དེ་གཉིས་མཉམ་འདྲེས། ཡང་ན། དེ་གཉིས་ཆ་མ་ཡིན་ཞིག་ཨེ་ཡིན་ནམ། གང་ལྟར་ཀྱང་། ཚན་རིག་ལྟར་ན། འཇིག་རྟེན་གྱི་ཁམས་དེ་རྫས་དང་ལྡོག་རྫས་གཉིས་ལས་རྫས་མང་ཤོས་དང་། ལྡོག་རྫས་ཕལ་ཆེར་ཞིག་བཅོམ་རྗེས་གྱི་ནུས་ཤུགས་གཉིས་རྡུལ་ཕྲན་དང་། སྐར་མ། དགུ་ཚིགས། གོ་ལ་སོགས། འཇིག་རྟེན་འགྲུབ་བྱེད་ཀྱི་རྩ་བའི་རྒྱུ་ཆ་ངོ་མ་དེ་ཡིན་པར་བཤད། གས་འཐོར་ཆེན་མོ་དེ་བྱུང་མ་ཐག་པའི་སྐར་ཆ་ཁ་ཤས་ཀྱི་ནང་། རང་བྱུང་ཁམས་འདིའི་རྩ་བའི་གཅིག་བསྒྲིལ་གྱི་ནུས་ཤུགས་དེ་བཞིན་ཕྱོགས་བཞིར་ རྒྱ་ཆད་དེ། འཐེན་ཤུགས(gravity)དང་། རྡུལ་ཕྲན་ཚི་གུའི་ནུས་ཤུགས་ཆེན་པོ(strong nuclear force)། རྡུལ་ཕྲན་ཚི་གུའི་ནུས་ཤུགས་ཆུང་ངུ(weak nuclear force)། གློག་རྡུལ་ཁབ་ལེན་ནུས་ཤུགས(electromagnetism) བཅས་སོ་སོར་ཁ་གྱེས་པའི་སྐད་ཅིག་མ་དེ་ལ། ལྡོག་རྫས་ཤིག་གྲུབ་པ་ཕལ་ཆེར་མི་སྣང་བར་གྱུར་ནས། རྫས་རིགས་དཀྱུས་མ(nuclei cores)ཆེས་ཆུང་མཐའི་འབྱུང་ཁམས་ཀྱི་ཚི་གུ་ཆགས་ཤིང་།དེ་ནས་མུ་མཐུད་རྒྱ་བསྐྱེད་མི་ལོ༣.༨༠༠༠༠ གི་རྗེས། རྡུལ་ཕྲན་ཐོག་མ་དེ་ཆགས་པར་བཤད། འདིར་གལ་ཆེ་ཤོས་ཤིག་ལ། རྫས་དང་། ལྡོག་རྫས། ནུས་ཤུགས། ནག་རྫས། ནག་ནུས་བཅས། ཚན་རིག་གི་བརྗོད་སྙིང་གཙོ་བོ་ཁག་ཅིག་རོབ་བཤད་རྒྱག་རྒྱུ་ཡིན། ༡༽རྫས(matter)
 
 རྫས་ཞེས་པ་ཅི་ཞིག་ཡིན་ནམ། ཚན་རིག་གི་འགྲེལ་བརྗོད་ལྟར་ན། གོང་བརྗོད་ལྟར་གས་འཐོར་ཆེན་པོ་དེ་བྱུང་མ་ཐག་པའི་སྐད་ཅིག་གཉིས་པ་ནས། འཐེན་ཤུགས་དང་། རྡུལ་ཕྲན་ནུས་ཤུགས་ཆེན་པོ། རྡུལ་ཕྲན་ནུས་ཤུགས་ཆུང་ངུ་། གློག་ཤུགས་རྡུལ་ཕྲན་བཅས་ཕྱི་དོན་འཇིག་རྟེན་ལ་སྟངས་འཛིན་བྱེད་པའི་ནུས་ཤུགས་ གཙོ་བོ་བཞི་སོ་སོར་ཁ་གྱེས་ཤིང་། དེ་རྗེས་སྐར་ཆ་ཁ་ཤས་ཀྱི་ནང་ལྡོག་རྫས་ཕལ་ཆེར་མི་སྣང་བར་གྱུར་ནས། གཉུག་རྫས(nuclei)ཀྱིས་ འབྱུང་ཁམས་རྡུལ་ཕྲན་གྱི་དཀྱིལ་སྙིང་སྐྲུན་པའི་མགོ་ཚུགས། དེ་ནས་ལོ་བར་སུམ་འབུམ་བརྒྱད་ཁྲི་ཡས་མས་ཤིག་སོང་བ་ན། ཐོག་མའི་རྡུལ་ཕྲན་དག་ཆགས་པ་ཞིག་རེད། དེ་ལས་ཅུང་ཞིབ་ཙམ་བཤད་ན། རྫས་རིགས་ཆུང་དྲགས་པས་བརྟག་ཆས་ཀྱིས་ཀྱང་གཞལ་ཐབས་མེད་པའི་རིགས་ལ(quarks)ཞེས་བརྗོད། འཇིག་རྟེན་གྱི་ཚ་ཤུགས་རིམ་པས་ཅུང་མར་འགྲིབ་ཅིང་། བོངས་ཚད་ཆེ་རུ་སོང་བ་ལས། (quarks)མཉམ་འབྲེལ་ཐུབ་པ་བྱུང་སྟེ། གློག་ལྡན་རྡུལ་ཕྲན(protons)དང་། གློག་མེད་རྡུལ་ཕྲན(neutrons)གཉིས་བསྐྲུན། རྫས་དེས་གློག་ལྡན་གློག་མེད་རྡུལ་ཕྲན་གཉིས་མཉམ་དུ་བཟུང་བའི་རིགས་ལ(gluons)ཞེས་ འབོད་ཅིང་། དེ་ཉིད་རྡུལ་ཕྲན་གྱི་དཀྱིལ་སྙིང་དུ་གྲུབ་པར་བཤད། དེ་ནས་ཡང་བསྐྱར་མི་ལོ༣༨༠༠༠༠འདས་པ་ན། གོང་དུ་ཞུས་པའི་དཀྱིལ་སྙིང་དག་གིས་མོ་གློག(electrons)བསྐྲུན་ཏེ། མོ་གློག་དེ་དག་གིས་རྡུལ་ཕྲན་རེ་རེའི་མཐའ་ན་སྐོར་བ་རྒྱག་བཞིན་ཡོད་པ་རེད། ༢༽ལྡོག་རྫས(anti-matter)།
 
     གོང་ན་རོབ་ཙམ་ཞུས་པ་བཞིན། རྫས་དང་ལྡོག་རྫས་གཉིས་ཆ་གས་འཐོར་ཆེན་པོ་དེ་བྱུང་མ་ཐག་པའི་སྐར་ཆ་ཁ་ཤས་ཤིག་ གི་ནང་བྱུང་ཞིང་། ལྡོག་རྫས་རང་སྟེང་གི་ཐུན་མིན་ཁྱད་པར་ལས། རང་གི་ཁ་ཐད་ཀྱི་ལྡོག་ཟླར་གྱུར་པ་སྟེ། དཔེར་ན། ཕོ་གློག་དེ་མོ་གློག་གི་ལྡོག་ཟླར་གྱུར་པ་དང་། གློག་ལྡན་ཕྲ་རྡུལ་དེ་རང་གི་ཁ་ཐད་གློག་མེད་ཕྲ་རྡུལ་གྱི་ལྡོག་ཟླར་གྱུར་པ་སྟེ། མདོར་ན། རྫས་དང་ལྡོག་རྫས་ཞེས་པ་དངོས་པོ་དེ་དང་དེའི་ཁ་ཐད་གཉིས་འཕྲད་ཚེ་གཅིག་གིས་ གཅིག་གཏོར་བཅོམ་བྱེད་པ་ལྟ་བུ་ཞིག་ལོས་ཡིན་སྙམ། ༣༽ནུས་ཤུགས(energy)།
 
   ནུས་ཤུགས་འདི་ལ་གཙོ་བོ་ རྡུལ་ཕྲན་ནང་གི་ནུས་ཤུགས་དང་། སྐར་འོད་ཀྱི་ནུས་ཤུགས་བཅས་གཉིས་ཡོད། དེ་ལས་རྡུལ་ཕྲན་ནང་གི་ནུས་ཤུགས་ཅེས་པ་ནི། གོང་སྨོས་འབྱུང་ཁམས་ཀྱི་རྩ་བའི་གཅིག་བསྒྲིལ་གྱི་ནུས་ཤུགས(united force)ལས། འཐེན་ཤུགས་དང་། རྡུལ་ཕྲན་ཚུ་གུའི་ནུས་ཤུགས་ཆེན་པོ། རྡུལ་ཕྲན་ཚུ་གུའི་ནུས་ཤུགས་ཆུང་ངུ་། གློག་རྡུལ་ཁབ་ལེན་འཐེན་ཤུགས་བཅས། རང་བྱུང་ཁམས་ལ་སྟངས་འཛིན་བྱེད་པའི་གཞི་རྩའི་ནུས་པ་བཞི་སོ་སོར་བྱུང་ཡོད། ཚན་རིག་པ་ཨ་ཡེན་སི་ཏྲན་གྱིས་ལོ་མང་རིང་བརྟག་དཔྱད་གནང་བའི་འབྲས་བུར། བེམ་པོ་དང་ནུས་ཤུགས་གཉིས་ཕན་ཚུན་ཤེད་མཚུངས་སུ་སྟོན་པའི་རྩིས་རིག་གྲགས་ཅན། (e=mc2)ཞེས་ པ་འདི་བརྩམས་ཤིང་། དེའི་མཇུག་འབྲས་སུ་ཨ་རིས་རྡུལ་ཕྲན་མཚོན་ཆ་བཟོས་ནས། འཛམ་གླིང་དམག་ཆེན་གཉིས་པའི་སྐབས། ཉི་ཧོང་གི་གྲོང་ཁྱེར་ཧེ་རོ་ཤེ་མ་དང་། ན་ག་ས་ཀེ་གཉིས་ཀྱི་ཐོག་འཕངས་པས། ས་ཁུལ་དེ་གཉིས་ཕལ་ཆེར་རྩ་སྟོང་ལྟ་བུར་གྱུར། འདིའི(e)ཞེས་པ(energy)དེ་ནུས་ཤུགས་དང་། (m)ཞེས་པ(matter)དེ་ བེམ་པོ་ལ་གོ་དགོས་པར་སྣང་ཞིང་། རྩིས་རིག་འདི་ནི་ཧ་ཅང་གི་རྙོག་འཛིངས་ཅན་གོ་དཀའ་བ་ཞིག་ཡིན་པས། གསལ་བོ་ཞིག་འགྲེལ་བཤད་རྒྱག་མ་ཤེས། འོན་ཏེ་དེའི་བརྗོད་བྱ་གཙོ་བོ་ནི། བེམ་པོ་དང་དེའི་ནུས་ཤུགས་གཉིས་ཕན་ཚུན་བརྗེ་སྒྱུར་གཏོང་པའམ། ཡང་ན། དེ་གཉིས་ཕན་ཚུན་ཤེད་མཚུངས་པ་ལྟ་བུ་སྟེ། དེའང་བེམ་པོའི་བསགས་ཕུང་ཆེ་ཆུང་ལ་ལྟོས་པའི་ནུས་ཤུགས་ཀྱང་ཆེ་ཆུང་ཡོད་པ་ལྟ་ བུ་སྟེ། དཔེར་ན། ཞོ་རྩམ་ལུག་མགོ་ཙམ་ལ་ནུས་ཤུགས་ཀྱང་ལུག་མགོ་ཙམ་དང་། ཞོ་རྩམ་ཁུ་ཚུར་ཙམ་ལ་ནུས་ཤུགས་ཀྱང་ཁུ་ཚུར་ཙམ་ལས་མེད་པ་ལྟ་བུ་ཞིག་ཡིན་སྣང་ཤར། རྩིས་གཞི་དེ་ལ་ཁུངས་བཅོལ་ནས། རྡུལ་ཕྲན་ནང་གི་ཡུ་རེ་ནི་ཡམ(uranium)འོད་ལྡན་ལྕགས་རྫས་དང་། ཕུ་ལུ་ཁྲོ་ནེ་ཡམ(plutonium)ཞེས་ པའི་རྡུལ་ཕྲན་ནུས་ལྡན་རིགས་ཕྱོགས་སྡེབ་བྱས་ཏེ། དེ་དག་ནང་ཕན་ཚུན་ཚུར་ལྡོག་བྱེད་དུ་བཅུགས་པས། ནུས་པ་ཆེ་ཆུང་གི་གས་འཐོར་རིགས་འབྱུང་གི་ཡོད་པ་རེད། དུས་དེང་སང་ཚན་རིག་པ་ཚོས་རྡུལ་ཕྲན་བཞུ་བཏུལ་གྱི་ཐབས་ལས། ཡང་རླུང་འབར་མདེལ(hydrogen bomb)ཤིན་ ཏུ་སྟོབས་ཆེན་དག་བཟོ་ཐུབ་ཀི་ཡོད་པ་རེད། ཡང་རླུང་འབར་མདེལ་གྱི་རྒྱུ་ཆ་དང་། སྐར་མའི་དཀྱིལ་སྙིང་དུ་ཆགས་པའི་རྡུལ་ཕྲན་གཉིས་གཅིག་པ་ཡིན་པར་བཤད་འདུག ཉི་སྐར་གྱི་ནུས་ཤུགས་ནི། ཉི་སྐར་གྱི་འོད་སྣང་ལས་ང་ཚོའི་འཇིག་རྟེན་ལ་དར་རྒུད་ཀྱི་འཕོ་འགྱུར་ཡོང་བ་ སྟེ། ཉི་འོད་སའི་གོ་ལར་ཕོག་པས་ཚ་དྲོད་འཕེལ་ནས་རླངས་པ་བྱུང་། དེ་ཉིད་མཁའ་རུ་འཕགས་པས་ཆུའི་ཕུང་བོ་ཅན་གྱི་སྤྲིན་དུ་གྱུར། དེ་ལས་ཁ་བའི་མེ་ཏོག་དང་། སྤྲང་ཆར་གྱི་ཟེགས་མ་དག་ས་གཞིར་བྲན་པས། སྐྱེ་དངོས་ལ་ཚེ་སྲོག་གི་ནུས་པ་འཕེལ་ནས། སྲོག་ལྡན་འཚོ་གནས་ཀྱི་ཁོར་ཡུག་སྣ་ཚོགས་ཤིག་བབ་བསྟུན་དུ་འབྱུང་བཞིན་ཡོད་པ་ རེད། དེར་བརྟེན། མཐང་མདོག་གི་ནམ་མཁའ་འོད་ཀྱིས་གང་བའི་ཉི་མ་དང་། མཚན་མོའི་འཇིག་རྟེན་སྐར་ཕྲེང་གིས་མཛེས་པའི་གནས་ལུགས་འདིར་ངོ་མཚར་ཞིག་མ་ སྐྱེས་རང་སྐྱེས་རེད། ང་ཚོ་འགྲོ་བ་མིའི་རིགས་ཀྱི་སྲོལ་རྒྱུན་ལོ་རྒྱུས་ཀྱི་ནང་། ཉི་ཟླ་སྐར་གསུམ་ལ་བསྟོད་བསྔགས་ཞུས་པའི་སྙན་རྩོམ་དང་། སྒྲུང་གཏམ། ཆོས་རིག་གི་རྣམ་བཞག་སོགས་མང་བོ་ཞིག་ཡོད། དེ་དག་ལ་བསམ་བློ་རེ་བཏངས་ན། ཉི་ཟླ་སྐར་གསུམ་དང་གོ་ལ་སོགས་རང་བྱུང་ཁོར་ཡུག་གི་ནུས་ཤུགས་དང་། ང་ཚོའི་བར་སྐྱེ་འཆིའི་ཚེ་སྲོག་གི་འབྲེལ་ལམ་གཏིང་ཟབ་ཅིག་ཡོད་པ་འདི་ལ། ལྟ་སྟངས་སྣ་ཚོགས་ཀྱི་སྒོ་ནས་འགྲེལ་བཤད་བརྒྱབ་པ་ཞིག་ཡིན་སྣང་ཤར།
 
     ཚན་རིག་གི་འགྲེལ་བརྗོད་ ལྟར་ན། འོད་ཀྱི་སྣང་ཕལ་ཆེར་ཞིག་ཉི་སྐར་ལས་བྱུང་བར་འདོད་ཅིང་། དེའང་ཉི་སྐར་དེ་དག་གི་རྩོམ་གཞིའི་རྡུལ་སྙིང་། མོ་གློག་གིས་བསྐོར་སྟོབས་ལས་བྱུང་བ་ཞིག་རེད། རྡུལ་སྙིང་རེ་རེའི་མཐའ་འཁོར་ན་རྡུལ་ཕྲན་རྣམས་གཡོན་སྐོར་གྱི་ཚུལ་དུ་འཁོར་ བཞིན་ཡོད་ཅིང་། དེའང་རྡུལ་ཕྲན་དང་རྡུལ་སྙིང་མཉམ་དུ་འབྱར་སྐབས། འོད་ཕལ་ཆེར་སྐྲུན་ཐུབ་ཀྱི་མེད་པ་འདྲ། རྡུལ་སྙིང(nucleus)སྐོར་བཞིན་པའི་རྡུལ་ཕྲན(particles)ཕན་ཚུན་བརྡབས་པ་ན། མེ་སྟེགས་མཆེད་པ་ལྟར་མོ་གློག་གི་རྒྱུན(electrons)ཕྱི་ལ་འཕར་ཚད་མཐོན་པོའི་སྒོ་ནས་མཆོངས་ལྡང་རེ་རེ་བྱེད་ལ། མོ་གློག་དེ་ཕྱིར་རང་གནས་སུ་འབབ་སྐབས། འོད་ཀྱི་ནུས་ཚད(photons)རེ་ རེ་སྐྲུན་བཞིན་ཡོད་པ། དེ་ནི་འོད་ཀྱི་འབྱུང་ཁུངས་ངོ་མ་དེ་ཡིན་པར་གྲགས། དེ་ལྟ་བུའི་རྡུལ་འདུས་ཕུང་བོ་ཆེན་པོ་ཉི་མ་དང་། སྐར་མ་རྣམས་འབྱུང་ཁམས་ཀྱི་རྫས་ཀྱི་གྲུབ་ཆ་ཡང་ཤོས་སུ(hydrogen)ཡང་ རླུང་ཞེས་པ། རྡུལ་ཕྲན་བཞུ་བཏུལ་གྱི་གོང་བུའི་དཀྱིལ་སྙིང་དུ་ཆགས་པ། གོང་བརྗོད་ལྟར་དེ་ཉིད་ཀྱི་མཐའ་འཁོར་ནས་རྡུལ་ཕྲན་དག་གིས་འཐབ་འཁྲིགས་བྱས། མོ་གློག་གི་རྒྱུན་རྣམས་ཕྱི་ལ་ལྡིང་བ་སླར་རང་གནས་སུ་འབབ་སྐབས། འོད་ཀྱི་ནུས་པ་རེ་རེ་ཕྱི་ལ་བཏང་སྟེ་ཚ་ཤུགས་ཆེན་པོར་རྒྱས་ནས་དུག་རླངས་ བསྐྲུན། དེ་མེ་རུ་འབར་ནས་མེ་དཔུང་གི་ཕུང་བོ་ཆེན་པོ་དག་ཏུ་གྱུར། མེ་དཔུང་གི་འོད་ཟེར་ས་གཞིར་འཕྲོས་ནས་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་ལ་སྟངས་ འཛིན་བྱེད་བཞིན་པ་ཞིག་ཡིན་འདུག་གོ།། ༤༽ནག་རྫས་སམ་སྣང་མིན་རྫས་རིགས (dark matter)།
 
    དབྱིན་ཡིག་ཐོག(dark matter)ཞེས་ པ། སྒྲ་ཐད་བསྒྱུར་བྱས་ན་ནག་རྫས་སུ་འགྱུར། འདི་ལ་ནག་རྫས་ཞེས་བརྗོད་དོན་རྫས་རང་ངོས་ན་འོད་ཀྱི་འཕྲོ་ལྡོག་མེད་པས། ང་ཚོར་སྣང་མི་ཐུབ་པའམ་མཐོང་མི་ཐུབ་པའི་ཆ་ནས་ནག་རྫས་ཞེས་བརྗོད་ཀྱིན་ཡོད་པས། ངས་འདིར་༼སྣང་མིན་རྫས་རིགས༽ཞེས་དོན་བསྒྱུར་བྱས་ཡོད། གང་བདེར་བརྟག་རོགས་ཀྱིས། འཇིག་རྟེན་ཧྲིལ་བོའི་བརྒྱ་ཆའི༨༥རྫས་འདིས་གྲུབ་པར་བཤད་འདུག རྫས་འདི་དངོས་རིགས་ཚང་མར་ལུས་གྲིབ་བཞིན་འགྲོགས་བསྡད་ཡོད་པ་ཞིག་རེད། སུད་སིའི་གནམ་རིག་པ་ཧྥི་རེ་ཟི་བེ་ཁེ(Fritz Zwicky)མཆོག་གིས། ཁོ་མ་དགུ་ཚོགས(coma cluster)ཀྱི་ གྲུབ་ཆའི་ནང་གི་དགུ་ཚིགས་ཀྱི་འགུལ་སྐྱོད། དགུ་ཚིགས་གཞན་གྱི་འགུལ་སྐྱོད་དང་མ་འདྲ་བར་འཁོར་སྐྱོད་བྱེད་བཞིན་ཡོད་པར་ཤེས་ རྟོགས་བྱུང་ཞིང་། དགུ་ཚོགས་དེའི་དགུ་ཚིགས་རྣམས་འཁོར་སྐྱོད་མྱུར་དྲགས་པས། དགུ་ཚིགས་རང་ངོས་ཀྱི་བསགས་ཕུང་འཐེན་ཤུགས་ཀྱིས་མཉམ་དུ་འཛིན་ཐུབ་ཀྱི་མེད་པར་ བཤད་ཡོད། སྤྱི་ལོ༡༩༣༣ལོར་གནམ་རིག་པ་ཧྥི་རེ་ཟི་བེ་ཁེ་མཆོག་གིས། ཁོ་མ་དགུ་ཚོགས་ཀྱི་དགུ་ཚིགས་དག་ལ། ང་ཚོས་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་བའི་རྫས་རིགས་ཤིག་གནས་ངེས་པར་ཡོངས་ཁྱབ་ བྱས། དེ་རྗེས་ལོ་བར་མང་བོའི་རིང་ཚན་རིག་པ་དག་གིས། བརྟག་དཔྱད་བྱས་པས་འཇིག་རྟེན་ཁམས་འདིར་དཀྱུས་མའི་རྫས་རིགས་ལས། མི་སྣང་བའི་རྫས་རིགས་མང་བ་ཡོད་པར་བདེན་དཔང་བྱས་ཤིང་། རྫས་དེའི་མིང་ལའང་ནག་རྫས་ཞེས་བཏགས་མོད། ད་ལྟའང་ནག་རྫས་དེ་ཅི་ཞིག་ཡིན་མིན་ཐག་གཅོད་ཐུབ་མེད། ཚན་རིག་པ་འགའ་རེས་ནག་རྫས་འདི་བཞིན བསགས་ཕུང་ཉུང་བའི་རྡུལ་ཕྲན (axions)ཞེས་པ་ལས་གྲུབ་པ་ཞིག་ཡིན་པ་དང་། ཕྱི་དོན་རིག་པ་བ་ཕལ་ཆེར་ཞིག་གིས་འགུལ་སྐྱོད་དལ་ལ། རྫས་རིགས་གཞན་དང་མཉམ་སྤྲེལ་གྱི་ནུས་པ་ཆུང་ངུའི་(wimps)རྫས་ཤིག་ཡིན་པར་བཤད་པ་ཙམ་ལས། ཁ་གསལ་གྱི་འགྲེལ་བརྗོད་ཅིག་ད་ཕན་མཐོང་མ་སོང་། ༥༽ནག་ནུས་སམ་སྣང་མིན་ནུས་ཤུགས། (dark energy)
 
འཇིག་རྟེན་ཁམས་ཧྲིལ་བོ་ རྫས་དང་། ནག་རྫས། ནག་ནུས་བཅས་ལས་གྲུབ་པ་ཞིག་ཡིན་པར་བཤད་ལ། དེ་ལས་ནག་ནུས་ཀྱིས་བརྒྱ་ཆའི༧༠་དང་། ནག་རྫས་ཀྱིས་བརྒྱ་ཆའི་༢༥། རྫས་རིགས་དཀྱུས་མས་བརྒྱ་ཆའི༥ཙམ་ལས་ཟིན་མེད་པར་བཤད། གལ་སྲིད་དེ་བདེན་པའི་དབང་དུ་བཏངས་ན། ང་ཚོས་མཐོང་ཐོས་མྱོང་བའི་ཡུལ་དུ་གྱུར་པའི་འཇིག་རྟེན་དེ། འཇིག་རྟེན་ཧྲིལ་བོའི་རྒྱ་ཁྱོན་ལ་ལྟོས་ན་ཆེས་ཆུང་ཆུང་ཞིག་ལས་མེད་སྣང་ཞིག་ སྐྱེ་ཞིང་། ང་ཚོའི་སའི་གོ་ལ་འདི་ནི་དེ་བས་ཀྱང་ཆུང་ཆུང་རྒྱ་མཚོའི་ནང་ན་ཆུ་བུར་ཅིག་གམ། མཁའ་དབྱིངས་ཉེན་གོས་གྱོན་པའི་སྤྲང་ཆུང་ཞིག་སྟོང་ཁམས་ཆེན་པོའི་ནང་འཕུར་ནས་ འགྲོ་བ་དང་ཀུན་ཏུ་མཚུངས་ཞེས་བཤད་བཞིན་ཡོད། སྤྱི་ལོ༡༩༢༩ལོར། ཨ་རིའི་གནམ་རིག་པ་ཨ་བྷྲི་བན་ཧ་བྷོལ(Edwin P. Hubble)མཆོག་ གིས། ནུས་ཤུགས་ཆེ་བའི་རྒྱང་ཤེལ་ལ་བརྟེན་ནས་བར་སྣང་དུ་ལྟ་ཞིབ་བྱས་པས། འཇིག་རྟེན་གྱི་ཁམས་འདི་རྒྱ་བསྐྱེད་བཞིན་ཡོད་པར་མཐོང་ནས། ངོ་མཚར་བའི་གནས་ཚུལ་དེ་བཞིན་ཐོག་མར་གསལ་བསྒྲགས་བྱས་ཤིང་། དེ་ལ་ལྗོར་ལྗིའི་ལེ་མི་ཁྲ་རིས་གལ་སྲིད་རྒྱ་བསྐྱེད་བཞིན་པ་བདེན་ན། འཇིག་རྟེན་སྔ་མ་སྔ་མ་ཕྱི་མ་ཕྱི་ལས་ཆུང་དུ་སོང་སྟེ། མཐའ་མཇུག་རྡུལ་ཕྲ་བ་ཞིག་ལ་ཐུག་འགྲོ་རྒྱུ་ཡིན་ཚུལ་སྦྱངས་བཤད་བྱས་པར། ཉེ་དུས་རྙེད་སོན་བྱུང་བའི་༼འཇིག་རྟེན་གྱི་ཕྲ་དངོས་རྒྱབ་ལྗོངས༽ཀྱིས་བདེན་ དཔང་རྒྱབ་གཉེར་བྱས་ཡོད། ཚན་རིག་གིས་ཚོད་དཔགས་བྱས་པ་ལྟར་ན། གསང་བ་ལྐོག་གྱུར་གྱི་ནུས་ཤུགས་ཤིག་གིས། མགྱོགས་ཚད་མྱུར་མོའི་ཐོག་འཇིག་རྟེན་འདི་རྒྱ་བསྐྱེད་བཞིན་ཡོད་པར་ནན་བརྗོད་ བྱས་ཤིང་། ནུས་ཤུགས་དེ་ལ་ནག་ནུས་སམ་སྣང་མིན་ནུས་ཤུགས(dark matter)ཞེས་ བཏགས། འཇིག་རྟེན་ཧྲིལ་བོའི་བརྒྱ་ཆའི་༧༠ནུས་པ་འདིས་གྲུབ་པར་ཚོད་སྒམ་བྱེད་བཞིན་པ་ རེད། འོན་ཏེ་དོན་དངོས་ཐོག་ནུས་ཤུགས་དེ་ཅི་ཞིག་ཡིན་མིན་རྩ་བ་ནས་ཤེས་རྟོགས་ཐུབ་ མེད་པར་གྲགས། སྐབས་འདིར་ཐུགས་སྣང་གནང་དགོས་པ་ཞིག་ལ། ནག་ནུས་ཞེས་པ་དང་ནག་རྫས་ཞེས་པ་འདི་གཉིས་འཇིག་རྟེན་གྱི་གྲུབ་ཆ་ཤིན་ཏུ་གལ་ ཆེན་པོ་ཞིག་སྟེ། གལ་སྲིད་སྣང་མིན་རྫས་རིགས་འདི་མེད་ན། ཆུང་ས་ང་ཚོའི་ལུས་པོ་ནས་ཆེ་ས་ཉི་ཟླ་དགུ་ཚིགས་སོགས། ཐལ་བའི་རྡུལ་ཕྲན་དུ་དེངས་ནས་མཉམ་དུ་འདུ་མི་ཐུབ། དེ་ཡོད་ཀྱང་སྣང་མིན་ནུས་ཤུགས་འདི་མེད་ན། ང་ཚོ་ཅི་དགར་འཇིག་རྟེན་འདིར་འཁོར་སྐྱོད་བྱེད་སའི་བདེ་ཡངས་ཀྱི་ཁོར་ཡུག་ འབྱུང་མི་ཐུབ། དེ་གཉིས་ཆ་ཡོད་ཀྱང་རྡུལ་དང་རྣམ་ཤེས་ཀྱི་ཁམས་མེད་ན། འཇིག་རྟེན་གྱི་ནམ་བཞག་འབྱུང་མི་སྲིད་པས། དེ་གསུམ་ཕན་ཚུན་ལྟོས་བཅས་ཀྱི་རྟེན་འབྲེལ་དུ་གྲུབ་པ་ཡིན་ནོ།། ཚན་རིག་ལྟར་ན། ནག་ནུས་དང་ནག་ཤུགས་འདི་གཉིས་ཀྱིས་ཕན་ཚུན་གཅིག་གིས་གཅིག་ལ་གནོད་ཤུགས་ཀྱི་ལས་ སྤྲོད་པའམ། ཟློག་ཕྱོགས་ལྟ་བུའི་ལས་བྱེད་བཞིན་ཡོད་པ་སྟེ། ནག་ནུས་ཀྱི་འཇིག་རྟེན་གྱི་ཁམས་རྒྱང་རིང་རྒྱང་རིང་དུ་རྒྱ་བསྐྱེད་བཞིན་ཡོད་པ་ དང་། ནག་རྫས་ཀྱིས་རྒྱ་བསྐྱེད་བཞིན་པའི་འཇིག་རྟེན་ནང་གི་རྡུལ་འདུས་ཀྱི་གོང་བུ་ རྣམས་མ་འཐོར་བར་མཉམ་པོར་ཟླུམ་གྱིན་ཡོད་པར་འགྲེལ་བརྗོད་བྱས་ཡོད། མི་ལོ་ཐེར་འབུམ་ལྔའི་གོང་རོལ་ཞིག་ནས། ནག་ནུས་ཤུགས་ཆེ་རུ་ཕྱིན་ཏེ་འཇིག་རྟེན་རྒྱ་བསྐྱེད་ཀྱི་མྱུར་ཚད་ཇེ་མགྱོགས་སུ་ སོང་ཡོད་པར་བཤད་འདུག
   ༄།འཇིག་རྟེན་གྱི་ཁམས་ ཧྲིལ་བོ་རྒྱ་བསྐྱེད་སྟངས་ཇི་འདྲ་ཡིན་ནམ། གདོད་མའི་གད་འཐོར་ཆེན་མོ་བྱུང་བ་དང་ཆབས་ཅིག འཇིག་རྟེན་རྒྱ་བསྐྱེད་ཀྱི་མགོ་ཚུགས་ཤིང་། རང་བྱུང་ཁམས་འདིར་སྟངས་འཛིན་བྱེད་པའི་ནུས་ཤུགས་བཞི། རྩ་བའི་གཅིག་བསྒྲིལ་གྱི་ནུས་ཤུགས་ལས་སོ་སོར་ཆད། དེའི་བར་གསེང་ཞིག་ནས་རྫས་དང་ལྡོག་རྫས་གཉིས་འཐབ་འཛིངས་བྱས། གཉིས་ཆ་ཕལ་ཆེར་རྩ་མེད་ལྟ་བུར་སོང་བའི་ཤུལ་ན་ཅུང་ལྷག་པ་ཞིག་ནི་རྫས་ཁ་ཤས་དང་། ནུས་ཤུགས་གཉིས་ཡིན་ཞིང་། དེ་གཉིས་ནི་འཇིག་རྟེན་ཧྲིལ་བོའི་བཀོད་པའི་ནང་གི་ཉི་ཟླ་སྐར་གསུམ། ས་གནས་དགུ་ཚིགས་དང་དགུ་ཚོགས་ཆེན་པོ་སོགས། ང་ཚོས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བའི་དངོས་རིགས་ཕལ་ཆེར་བཞེངས་སྐྲུན་གྱི་གཞི་ མ་རེད།
   ཉི་ཟླ་གཟའ་སྐར་དང་དེ་དག་ གང་ལ་བརྟེན་ཡུལ་གྱི་དགུ་ཚིགས་ཆེ་ཆུང་། བར་སྣང་དུས་དང་བཅའ་པ་མཁའ་ཀློང་ཡངས་པོ་འདིའི་ངོགས་ན། འཁོར་སྐྱོད་རྒྱ་བསྐྱེད་བྱེད་བཞིན་པ་ཞིག་ཡིན་པ་འདྲ། ང་ཚོའི་ཉི་ཁྱིམ་ནང་ཉི་མ་དབུས་དང་གོ་ལ་གཞན་རྣམས་དེ་ལ་སྐོར་བ་རྒྱག་བཞིན་ཡོད་ པ་བཞིན། ཉི་མས་ཀྱང་མི་ལོ་ས་ཡ་༢༤༠ནང་། འོ་ལམ་དགུ་ཚིགས་ཀྱི་དབུས་ལ་སྐོར་བ་ཆ་ཚང་རེ་རྒྱག་གིན་ཡོད་འདུག ས་གནས་དགུ་ཚོགས་དང་། དགུ་ཚོགས་ཆེན་པོ་སོགས་ཀྱང་། དབུ་ཀྱི་འཐེན་ཤུགས་ཤིག་ལ་སྐོར་བ་རྒྱག་བཞིན་ཡོད་པ་དང་། ང་ཚོའི་ས་གནས་དགུ་ཚོགས་ཀྱི་ནང་དགུ་ཚིགས་ཆེན་པོ་གཉིས་ཤིག་ཡོད་པ་ནི། འོ་ལམ་དགུ་ཚིགས་དང་། ཨེན་བྷྲི་རོམ་སྒྲ(Andromeda)དགུ་ ཚིགས་གཉིས་ཡིན་ཞིང་། དགུ་ཚིགས་འདི་གཉིས་གཅིག་གིས་གཅིག་ལ་ཁ་འཁོར་ནས་འཁོར་སྐྱོད་བྱེད་བཞིན་ཡོད་ སྟབས། མ་འོངས་བའི་མི་ལོ་ཐེེར་འབུམ་ཁ་ཤས་ཀྱི་ནང་། མཉམ་དུ་བརྡབས་ནས་འདྲེས་སྲིད་སྐོར་ཚོད་སྒམ་བྱེད་བཞིན་འདུག དེ་བཞིན་ས་གནས་དགུ་ཚོགས་དང་། དགུ་ཚོགས་ཆེན་པོ་སོགས་འོད་ལོ་ས་ཡ་མང་བོས་བར་ཐག་ཆོད་པའི་དགུ་ཚིགས་རྣམས་ཀྱང་། ཆུ་ཚོད་གཅིག་གི་ནང་མ་ལེ་ས་ཡ༡.༤མགྱོགས་ཚད་ཀྱི་ཐོག་ནས། དབུས་ཀྱི་འཐེན་ཤུགས་ཆེན་པོ
(The great attractor)
  ༼འདིའི་ཆེ་ཆུང་ལ་འོད་ལོ་ས་ཡ་བཞི་བརྒྱ་ལྷག་ཅིག་ཡོད་སྲིད་པར་ཚོད་དཔགས་བྱེད་ བཞིན་ཡོད་འདུག ༽ཞེས་པའི་ཕྱོགས་སུ་ཁ་ཕྱོགས་ནས་སྐྱོད་བཞིན་ཡོད་པར་བཤད་ཅིང་། ང་ཚོའི་འོ་ལམ་དགུ་ཚིགས་ཀྱི་འོད་ལྡེར་ལྟ་བུའི་བཀོད་དབྱིབས་ཆེན་པོ་དེས་མཐོང་ ལམ་བཀག་ཡོད་སྟབས། གཞི་མ་ཆེན་པོ་དེ་ཅི་འདྲ་ཞིག་ཡིན་མིན་ད་དུང་མཐོང་ཐུབ་མེད་པ་རེད། མདོན་བསྡུ་ན། འཇིག་རྟེན་ཁམས་ཀྱི་དགུ་ཚིགས་ཕལ་ཆེར། འོ་ལམ་དགུ་ཚིགས་དང་ཁ་ཐག་རྒྱང་རིང་ནས་རྒྱང་རིང་དུ་འགྲོ་བཞིན་པ་ལྟར། དགུ་ཚིགས་གཞན་པ་དག་ཀྱང་གཅིག་གིས་གཅིག་ལ་བར་ཐག་རྒྱང་རིང་ནས་རྒྱང་རིང་དུ་ འགྲོ་བཞིན་ཡོད། དེ་ནི་འཇིག་རྟེན་གྱི་ཁམས་ཁྱོན་ཡོངས་ནས་ཕྱི་ཕྱོགས་སུ་རྒྱ་བསྐྱེད་བཞིན་ཡོད་ སྟབས། རྒྱ་བསྐྱེད་བཞིན་པའི་འཇིག་རྟེན་ནང་གི་གོ་སའམ། བར་སྟོང་དག་ཀྱང་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་པས་ཡིན་པར་བཤད། སྐབས་འདིར་ང་ཚོས་ནམ་མཁའ་དང་བུམ་ནང་གི་ནམ་མཁའ་ལྟ་བུའི་ཐོག་བསམ་བློ་གཏོང་ དགོས་པ་འདྲ། འཇིག་རྟེན་རྒྱ་བསྐྱེད་ཀྱི་དཔེ་མཚོན་གསལ་བོ་ཞིག་ནི། ང་ཚོས་བྱེ་ཐོ་ཞིག་བཟོ་རྒྱུ་ཡིན་ན། དེའི་ནང་དུ་གསོབ་དང་། མངར་རིགས། དགུན་འབྲུམ་ལྟ་བུའི་ཤིང་ཐོག་རིགས་མཉམ་བསྲེས་ཐོག བཙོས་པ་ཡིན་ན། ཚོས་ཚར་རྗེས་བྱེ་ཐོ་དེ་སྔ་མའི་ཚད་ལ་ལྟོས་ན་བོངས་ཚད་ཆེ་རུ་སོང་ཡོད་པ་མ་ཟད། ཤིང་ཐོག་དག་གི་བར་ཐག་ཀྱང་ཆེ་རུ་ཕྱིན་པ་ལྟ་བུའི་ཐོག་ནས་གོ་བ་ལེན་དགོས་པར་ སྣང་ངོ་།།
    ༄།། འཇིག་རྟེན་གྱི་ཁམས་མཇུག་ཇི་ལྟར་བསྡུ་བ་ཡིན་ནམ། ༡༽རྒྱུན་གནས་འཇིག་རྟེན་གྱི་རྣམ་བཞག་ལྟར་ན (Steady State Theory)
   འཇིག་རྟེན་ལ་ཐོག་མ་མེད་ལ། ཐ་མའང་མེད། ཉི་སྐར་དང་དགུ་ཚིགས་འཇིག་པ་ལས། ཡང་བསྐྱར་ཉི་སྐར་དང་དགུ་ཚིགས་གསར་བ་བཞེངས་སྐྲུན་བྱེད་པ་སྟེ། སྐྱེ་འཇིག་ཡང་ཡང་བྱེད་བཞིན་པ་ཞིག་ཡིན་པར་འདོད། ལྟ་ཚུལ་འདིར་ནག་ཁུང་དང་དགུ་ཚིགས་ཀྱི་སྲོག་སྙིང་ལྟ་བུར་གནས་པ(quasars)ཞེས་ པའི་གསར་རྙེད་ཤེས་བྱའི་ཆེད་ལས་ཞིབ་འཇུག་པས། ད་ལྟའི་འཇིག་རྟེན་ནི་འདས་པའི་འཇིག་རྟེན་ལ་ལྟོས་ན་ཁྱད་པར་ཆེན་པོ་ཞིག་ཡོད་པར་ བཤད་པའི་འདོད་ཚུལ་དང་། འཇིག་རྟེན་གྱི་ཕྲ་དངོས་རྒྱབ་ལྗོངས་ཀྱིས་གནོད་པ་འབབ་རྒྱུ་ཡིན་པར་བཤད་ཡོད།
༢༽ཧྲོབ་སྒྲ་ཆེན་པོའི་རྣམ་བཞག(The big Crunch)ལྟར་ན།
   རྒྱ་བསྐྱེད་བཞིན་པའི་ འཇིག་འདི་དུས་ནམ་ཞིག་གློ་བུར་དུ་མཚམས་འཇོག་བྱེད་ཅིང་། བསྐྱེད་ཟིན་པའི་བར་སྣང་། དུས། ཉི་ཟླ་གཟའ་སྐར། དགུ་ཚིགས་ཆེ་ཆུང་སོགས། ཡོད་ཚད་ཕྱིར་ལྡོག་གིས་གཡོ་འཆོམ་གྱི་སྒྲ་བསམ་གྱིས་མི་ཁྱབ་པ་དང་བཅས། སྔ་མའི་རང་གནས་སུ་ལྡོག་སྟོབས་ཀྱིས་སླར་ཡང་འབར་གས་ཆེན་པོ་བྱུང་སྟེ། འཇིག་རྟེན་གྱི་ཁམས་གསར་བ་ཞིག་གི་མགོ་འཛུགས་རྒྱུ་ཡིན་པར་འདོད་པ།
༣༽གྲང་ངད་ཆེན་པོའི་རྣམ་བཞག(Big Chill Theory)
   གལ་ཏེ་རྒྱ་བསྐྱེད་བཞིན་ པའི་འཇིག་རྟེན་འདི་ཕྱིར་ལྡོག་མ་བྱས་པ་ཡིན་ན། འབར་བཞིན་པའི་སྐར་ཚོགས་དག་གི་དུག་རླངས་དང་། ནུམ་རིགས་རིམ་གྱིས་ཟད་ནས་འོད་ཀྱི་སྣང་བ་ནུབ་སྟེ། ཚིག་རོ་འབའ་ཞིག་ལས་ལྷག་ལུས་མེད་པར་འགྱུར་ཞིང་། དེ་ནས་འཇིག་རྟེན་གྱི་ཁམས་ཆེས་གྲང་ངར་དང་། མུན་ནག་ཆེན་པོས་ཁྱབ་པར་འགྱུར་རོ་ཟེར།
༤༽འཐོར་ཞིག་ཆེན་མོ(The Big Rip)རྣམ་བཞག
སྲིད་པ་ཆགས་འཇིག་གི་རིག་ པ་སྨྲ་བ་ཁ་ཅིག་གིས། སྣང་མིན་ནུས་ཤུགས་སམ་ནག་ནུས་ཀྱིས་འཇིག་རྟེན་རྒྱ་བསྐྱེད་པའི་ཤུགས། མགྱོགས་ནས་མྱུར་དུ་ ཕྱིན་པས་ དགུ་ཚོགས་ཆེ་ཆུང་རྣམས་རང་གནས་ལས། ཕྱོགས་སོ་སོར་ཁ་འཐོར་ཞིང་། དེ་ལ་གནས་པའི་སྐར་ཚོགས་རྣམས་ཀྱང་ཕྱི་ལ་ཐོན། རིམ་པས་དེ་དག་གི་རྩོམ་གཞིའི་རྡུལ་ཚོགས་རྣམས་ཁ་སོ་སོར་འཐོར། སྔ་མའི་འཇིག་རྟེན་གྱི་རྩོམ་གཞིར་གྱུར་བའི་རྡུལ་ཕྲན་ངོ་མའི་ངོ་བོར་ཕྱིར་ལོག་ ཅིང་། ང་ཚོ་ལ་སྣང་བའི་འཇིག་རྟེན་གྱི་ཁམས་འདི་རིམ་པས་མི་སྣང་བར་གྱུར་ཏེ། ཆེས་ཤིན་ཏུ་སྲབ་པའི་སྨུག་སྤྲིན་ལྟ་བུ་ཞིག་གི་ངོ་བོར་འགྱུར་བའམ། ཡང་ན། དེའི་ཀློང་དུ་ནུབ་འགྲོ་བ་ཞིག་ཡིན་ཞེས་བཤད་དོ།། དེ་ལྟར༼འཇིག་རྟེན་གྱི་ཁམས་ལས་འཕྲོས་པའི་གཏམ༽ཞེས་པའི་ཡི་གེ་སྔ་ཕྱི་འདི་དག་ ནི། ཤེས་འདོད་ཆེ་བའི་ཕྱི་གླིང་གི༼མཚན་ཉིད་རིག་པ༽དང་། ༼ཚན་རིག༽སྐོར་གྱི་དཔེ་ཆ་ཁག་ཅིག་ཀློག་སྦྱོང་བྱས་པའི་ཟིན་ཐོ་ལྟ་བུ་ཞིག་ཡིན། འདི་སྐོར་ཤེས་འདོད་ཡོད་རུང་སྟབས་ཀ་མ་ལྡན་པ་དག་ལ། ཕན་ཐོགས་ཅུང་ཟད་རེའང་ཡོད་སྲིད་སྙམ་ནས། ངལ་བ་ལ་མ་འཛེམས་པར་དྲྭ་སྟེང་དུ་བཀོད་པ་ཡིན། རྩོམ་ཡིག་སྔ་ཕྱི་འདི་གཉིས་ཞིབ་ཀློག་བརྗོད་དོན་ལ་ཐུགས་ཉམས་ལེགས་པར་བཞག་ན། ཕྱི་གླིང་བའི ་ཡི་གེ་ཆེན་པོ་དག་ཀློག་སྦྱོང་གི་ངལ་བ་དེ་ཙམ་བསྟེན་མ་དགོས་པར། ནུབ་ཕྱོགས་པའི་སྲོལ་རྒྱུན་དང་། དེང་རབས་གཉིས་ཀྱི་འཇིག་རྟེན་ལྟ་ཚུལ་རོབ་ཙམ་རེ་ཤེས་རྟོགས་ཐུབ་པའི་དགེ་མཚན་ ཀྱང་ཡོད་སྲིད། གཟུར་གནས་བློ་ལྡན་དག་གི་དགོངས་འཆར་ལ་དགའ་བསུ་ཡོད། དགེའོ།།
 
·གསར་འགྱུར་གོང་མ:རྒྱོ་བཅད་ངོ་རྒོལ།
·གསར་འགྱུར་འོག་མ:བྱམས་བུད་མེད་རྩོམ་རིག་བྱ་དགའི་གནས་ཚུལ་རྒྱས་པ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·དམངས་གཙོ། 2013/9/28 11:58:50
·འཇིག་རྟེན་གྱི་ཁམས་ལས་འཕྲོས་པའི་གཏམ།༡ 2011/4/10 21:36:20
·བླ་གཟའ་སྲོག་གཟའི་སྐོར། 2010/12/23 14:56:51
·སྤྱི་ལོ་དང་རབ་བྱུང་ལོ་ཁམས་རྩི་ཚུལ། 2010/12/20 18:27:33
·བོད་ཀྱི་ལོ་ཐོའི་རྒྱུན་ཤེས་ཐོར་བུ། 2010/12/15 11:15:49
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 4:25:51 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 6:28:05 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 9:46:55 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 49 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS