ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
  གསར་འགྱུར་ཀློག་པ།

བོད་ཀྱི་སྐར་ནག་རྩིས་ཀྱི་མྱོང་ཚོར་མེས་པོའི་ཞལ་རྒྱུན།

[རྩོམ་པ་པོ:བསོད་ནམས་དཔལ་ལྡན།  ཡོང་ཁུངས:ངེད་་དྲ་བ།  དུས་ཚོད:2011/3/17 18:21:31  བཀླགས་ཐེངས:2634][ཡིག་གཟུགས:ཡིག་གཟུགས་མདོག]
༄༅། །བོད་ཀྱི་བཅུ་ཕྲག་རིག་པའི་ཡ་གྱལ་སྐར་ནག་རྩིས་ཀྱི་
མྱོང་ཚོར་མེས་པོའི་ཞལ་རྒྱུན།
 
གོ་འཇོ་ནོར་ལྷ་བསོད་ནམས་དཔལ་ལྡན།
 
སྒྱུ་འཕྲུལ་དྲ་བའི་གཉིས་མེད་དུས་འཁོར་ལོ།།
གདོད་ནས་དག་ཅིང་ཕྱི་ནང་སྒྱུ་འཕྲུལ་ལས། །
སྣོད་བཅུད་ལེགས་ཉེས་བླང་དོར་ཁམས་ལྔའི་ཞིང༌། །
ཕྱི་ནང་བདག་ཉིད་གཅིག་པོའི་རྒྱུད་དེ་རྒྱལ། །
དུ་ཁཿའགྲོ་ལ་བརྩེ་བའི་སྙིང་རྗེའི་བདག།
སྟེང་འདིར་འབྱུང་ཁམས་བདེ་སྟེར་སྙོམས་པར་གནས། །
ཕྱི་མར་ཐར་པའི་གཞི་དབྱིངས་འཁོར་མཐའ་བཅད། །
གདོད་མའི་དབྱིངས་སུ་གནས་པའི་མགོན་དུ་གསོལ།
    མཆོད་པ་བརྗོད་པ་སྔོན་དུ་ཕུལ་ནས། གང་གླེང་བྱའི་སྤྱི་དོན་མདོ་རུ་བསྡུས་ཏེ་ཞུ་རྒྱུ། དང་པོ་བོད་ཀྱི་བཅུ་ཕྲག་རིག་པའི་ཡ་གྱལ་སྐར་ནག་བརྩིས་ཀྱི་ལོ་རྒྱུས་འཕེལ་རིམ་མེས་པོ་དམ་པ་རྣམས་ཀྱི་ཞལ་ནས་ཞལ་དུ་རྒྱུད་པའི་དྲན་སྐུལ་ཅུང་ཟད་ཙམ་ཞུ་རྒྱུ་ལ། ཐོག་མར་སྐར་ནག་རྩིས་ཀྱི་སྤྱི་དོན་དབྱེ་བ་དང༌། གཉིས་པ་སྐར་ནག་རྩིས་ཀྱི་ལོ་རྒྱུས་མདོར་བསྡུས། གསུམ་པ་སྔར་བོད་ཀྱི་དབུས་གཙང་གཙོས་པའི་མདོ་ཁམས་ཕྱོགས་སུ་སྐར་ནག་རྩིས་ཀྱི་གཞུང་ལུགས་དམངས་ཁྲོད་དུ་ཁྱབ་གདལ་བྱུང་ཚུལ་དཔེར་མཚོན། བཞི་པ་དམངས་ཁྲོད་དུ་གཏོ་ཕུག་རྩིས་དང་རྩིས་ཕུག་གཏོ་ཞེས་པའི་ལག་ལེན་དངོས་ཀྱི་སྐོར། ལྔ་པ་རིག་གནས་འདི་ཉམས་ཞན་ཚབས་ཆེན་གྱུར་ཟིན་པའི་སྐོར། དྲུག་པ་རྩིས་ཀྱི་དགོས་པ་དང་ཕན་འབྲས། བདུན་པ་རྩིས་རིག་ལ་ཐོག་མར་འཇུག་ཚུལ་བཅས་ཀྱི་སྐོར་ལ་ཟུར་ཙམ་ཞུ་རྒྱུ་ཡིན་པས་གསན་པར་འཚལ།
   དང་པོ།  བོད་ཀྱི་རྩིས་རིག་ལས་བྱེ་བྲག་མང་དུ་ཡོད་པས། སྤྱིར་རྩིས་ལ་སྐར་རྩིས་དང་ནག་རྩིས་གཉིས་སུ་དབྱེ་བས།   སྐར་རྩིས་ཏེ་ས་རིས་དགུ་མཐའ་ནས་བཟུང་སྒྱུར་བགོད་སྣོན་སོགས་ཀྱི་ཆོ་ག་ལ་བརྟེན་ནས་ཉི་ཟླ་རྒྱུ་སྐར་སོགས་ཀྱི་འགྲོས་ལ་ཉིན་ཞག་དང་ཚེས་ཞག་ཁྱིམ་ཞག་རྣམ་པ་གསུམ་གྱི་འགྲོས་ཏེ། ཟླ་ཚེས་ཆད་ལྷག་ཆ་སྙོམས་ཐབས་སོགས་ཀྱི་དོན་རྟོགས་པ་མ་ཟད། ཚེ་རབས་ལས་རྩིས་སོགས་ཀྱི་ལེགས་ཉེས་དབྱངས་འཆར་དུས་སྦྱོར་བརྩི་རྒྱུ་སོགས་ལ་གོ་ནུས་པ་དང༌།  ནག་རྩིས་ཏེ་འབྱུང་བའི་ཁམས་ལྔའི་གཞི་རུ་གྱུར་པའི་སྨེ་བ་སྤར་ཁ་སོགས་ཀྱི་དར་གུད་དགྲ་གྲོགས་ཚེ་བསོད་ཀྱི་ལེགས་ཉེས་འཕྲལ་དུ་བརྩི་རྒྱུ་སོགས་ཀྱི་དོན་དང༌། བྱེ་བྲག་ཏུ་དབྱེ་བ་ནི། བསྟན་རྩིས། དབྱངས་འཆར་རྩིས། རྒྱ་རྩིས། ཧྭ་ལེའི་རྩིས། གསེར་རྩིས། ནག་རྩིས། འབྱུང་རྩིས། ཀེག་རྩིས། བག་རྩིས། གཤིན་རྩིས་ལྟ་བུ་དང༌། སྐར་རྩིས། གྲུབ་རྩིས། བྱེད་རྩིས། བྱེད་སྒྲུབ་ཟུང་འབྲེལ་སོགས་ཀྱི་རྩིས་དང༌།ཕྱི་ནང་སྣོད་བཅུད་ཀྱི་ཁམས་དེ་དག་དང་འབྲེལ་བའི་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པས་རྡོ་རྗེའི་ལུས་སུ་གྲུབ་པ་སྐྱེས་བུ་དར་ལ་བབ་པའི་འབྱུང་ཁམས་བདེ་བའི་ནད་མེད་སྐྱེས་བུ་ཞིག་གི་ཉིན་མཚན་འཁོར་ཡུག་གཅིག་གི་རིང་ལ་དབུགས་ཀྱི་རྒྱུ་བ་འབྱུང་འཇུག་གནས་གསུམ་གཅིག་ཏུ་བརྩིས་པའི་དབུཌ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་བརྟེན་ནས་ཕྱི་སྣོད་བཅུད་ཀྱི་རྒྱུ་སྐར་གོ་ལའི་འགྲོས་ཀྱི་འབྱུང་བའི་ཁམས་དང༌།  ནང་བཅུད་སེམས་ཅན་ཚེ་སྲོག་གི་ལུས་རྟེན་རྩ་དབུ་རྐྱང་རོ་གསུམ་དང་རྩ་རླུང་ཐིག་ལེ་སོགས་ཀྱི་རྒྱུ་བ་ཕྱི་ནང་བདག་ཉིད་གཅིག་ཏུ་འབྲེལ་བའི་ཚད་དང་གྲངས་ཀྱི་འབྱུང་བའི་ཁམས་ཕན་ཚུན་ཞིབ་ཏུ་བརྩིས་པའི་ལེགས་ཉེས་བླང་དོར་གྱི་རིག་པའི་གཞུང་ལུགས་དེ་ཉིད་སྐྱེས་བུའི་དབུགས་ཀྱི་གྲངས་ལ་བརྟེན་ནས་ཕྱི་ནང་སྣོད་བཅུད་གཉིས་ཀྱི་རྗོད་བྱེད་སྨན་རྩིས་རིག་པ་འདི་ཉིད་གྲགས་སོ།
    གཉིས་པ། བོད་འདིར་རྩིས་རིག་སྐར་ནག་དར་རྒྱས་བྱུང་ཚུལ་མདོ་ཙམ་ཞུས་ན་སྔར་བོད་རང་གི་ལོ་རྒྱུས་རིང་ཤོས་སུ་གྱུར་པའི་བོན་གྱི་ལུགས་སུ་གནམ་ལ་སྐར་མར་བརྟག་པའི་རྩིས་དང༌། བར་སྣང་སྤྲིན་དང་བྱ་ཤིང་མཚོ་ཆབ་རོམ་དུས་བཞི་སོགས་ཀྱི་འགྱུར་བ་ལ་བརྟག་པའི་རྩིས་སོགས་རྨང་གཞི་བྱས་ཏེ། དུས་རབས་བདུན་པ་ཙམ་ནས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་ནས་སྔ་རྗེས་རྒྱ་ནག་ནས་རྒྱ་བཟའ་བཙུན་མོར་བཞེས་སྐབས་ནག་རྩིས་ཀྱི་གཞུང་ལུགས་ལེགས་ཆ་འགའ་ཞིག་བསྒྱུར་སྤེལ་བྱུང་ཡོད་པ་དང༌།  དེ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཤཱཀྱའི་རྒྱལ་པོ་ཉིད་དགུང་ལོ་བརྒྱད་ཅུ་རྩ་གཅིག་ཅེས་དཔའ་བོ་ལྕགས་འབྲུག་ནག་ཟླའི་ཉ་ལ། དུས་ཀྱི་ཁྱད་པར་འཕགས་པའི། ཤར་ཕྱོགས་ན་ཉི་མ་དང༌། ལྷོར་དུས་མེ། ནུབ་ཏུ་ཟླ་བ། བྱང་དུ་སྒྲ་གཅན་གནས་པའི་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་སྦྱོར་དང་ལྡན་པའི་ཚེ། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་པོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། རྒྱལ་སྲས་ལྷ་ཚོགས་མང་པོའི་དབུས་སུ་རྡོ་རྗེ་སེང་གེའི་ཁྲི་སྟེང་ཞལ་ཤར་ལ་ཕྱོགས་ནས་བཞུགས་པ་ལ།  བྱང་ཕྱོགས་ཤམྦྷ་ལ་ཡི་ཆོས་རྒྱལ་ཟླ་བ་བཟང་པོ་གཙོས་རྒྱལ་ཕྲན་དགུ་བཅུ་རྩ་དྲུག་གི་སྤྲུལ་པའི་སྐལ་ལྡན་གྱི་འཁོར་མང་པོ་སྐད་ཅིག་གིས་འོངས་ནས་གསོལ་བ་བཏབ་པས། དཔལ་དུས་ཀྱི་འཁོར་ལོའི་རྩ་བ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལེགས་པར་བསྟན་པ་གནང་ནས། རྒྱུད་འཛིན་ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔ་སོགས་བརྒྱུད་པ་དང་བཅས་པ་རིམ་བཞིན་འབྱོན་པའི་ལུང་བསྟན་གནང༌།   ཆོས་རྒྱལ་ཟླ་བ་བཟང་པོས་རྩ་རྒྱུད་བསྡུས་འགྲེལ་མཛད་ནས་དུས་ཀྱི་འཁོར་ལོའི་བློས་བསླངས་ཀྱི་དཀྱིལ་འཁོར་བཞེངས་པ་དང༌། རྩ་རྒྱུད་ལས་གྲུབ་རྩིས་དང༌།   བསྡུས་རྒྱུད་ལས་བསྟན་པའི་མུ་སྟེགས་བྱེད་ཀྱི་ལུགས་དང་བསྟུན་པའི་བྱེད་རྩིས་བཅས་དར། རབ་བྱུང་དང་པོའི་མེ་ཡོས་སྤྱི་ལོ་༼༡༠༢༧༽ལོར་རྭ་ལོ་ཙཱ་བ་ཆོས་གྲགས་དང༌། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས།  ཙཱ་མི་སངས་རྒྱས་གྲགས་སོགས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་དང་བཅས་པ་བོད་སྐད་དུ་བསྒྱུར་གནང་མཛད་པ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཕྱི་ནང་སྣོད་བཅུད་ཁམས་ཀྱི་རིགས་པའི་གཞུང་ཁྱད་དུ་འཕགས་པ་ཞིག་ཏུ་གྱུར་ཡོད་པ་མ་ཟད༌། བོད་ཀྱི་སྨན་རྩིས་གཉིས་ཀྱི་གཞུང་ལུགས་ཀྱི་རྨང་གཞི་རུ་གྱུར་པ་སྟེ། བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཞེས་པའི་དུས་ཞེས་པ་མི་འགྱུར་བའི་བདེ་བ་དང༌། འཁོར་ཞེས་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡིན་ལ། བདེ་སྟོང་གཉིས་སུ་མེད་པའི་དོན་གྱིས་དཔལ་ཞེས་བྱ་བ་ལས།   ཕྱི་དུས་ཀྱི་འཁོར་ལོ་ནི། རི་རབ། གླིང་བཞི། གླིང་ཕྲན་བརྒྱད་སོགས་སྣོད་ཀྱི་འཇིག་རྟེན་ཁམས་ཡིན། ནང་དུས་ཀྱི་འཁོར་ལོ་ནི། འདོད་ཁམས་ལྔ། འདོད་ལྷ་དྲུག། གཟུགས་ཁམས་བཅུ་དྲུག་གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ་ནང་བཅུད་ཀྱི་འཇིག་རྟེན་སྲིད་པ་སུམ་ཅུ་སོ་གཅིག་ནང་རྡོ་རྗེའི་ལུས་སོགས་ལ་སྦྱར་བ་ཡིན། གཞན་དུས་ཀྱི་འཁོར་ལོ་ནི། བསྐྱེད་རིམ་གྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དང༌། རྫོགས་རིམ་གྱི་རྩ་རླུང་ཐིག་ལེ་སོགས་ཀྱི་རྒྱུད་དོན་ཟབ་མོ་འདི་ཉིད་དར་ཞིང་རྒྱས་པར་གྱུར་ནས་སྨན་རྩིས་གཉིས་ཀྱི་བསྟན་པ་སྔར་ལས་ལྷག་པ་འཕེལ་རྒྱས་ཕྱིན་ཡོད་པ་མ་ཟད། རིམ་བཞིན་རྒྱ་ནག་ནས་དར་བའི་འབྱུང་རྩིས་སྤར་སྨེ་བརྩི་ཚུལ་ནག་རྩིས་དར་བ་དང༌། རྒྱ་གར་ནས་དར་བའི་སྐར་རྩིས་དང་དབྱངས་འཆར་བཅས་རིམ་བཞིན་བསྒྱུར་སྤེལ་བར་མ་ཆད་པ་དུས་ད་ལྟའི་བར་དུ་གནས་ཐུབ་པ་གྱུར་ཡོད་པས། སྐར་ནག་རྩིས་རིག་འདི་ལ་ཡང་ལུགས་ཆེན་པོ་གཉིས་སུ་གྱུར་ཡོད་པ། ཕུག་པའི་ལུགས་ལ་རྒྱ་མཚོ་རྣམ་གསུམ་གྱི་སྲོལ་གཏོད་པའི་དབུས་ལྷ་ལྡན་སྨན་རྩིས་ཁང་གི་རང་ལུགས་དང༌། མཚུར་ལུགས་ཏེ་མཚུར་ཕུ་དོན་གྲུབ་འོད་ཟེར་གྱིས་ཀརྨ་རང་བྱུང་རྡོ་རྗེའི་རྗེས་སུ་འབྲང་བའི་རྩིས་ཀྱི་ལུགས་བཅས་གཉིས་ཡོད་པས་བཀའ་རྒྱུད་ཀྱི་ཕྱོགས་སུ་དར་སྲོལ་ཆེ་བ་དང༌།  ཕྱིས་སུ་ཡང་དགེ་ལྡན་རྩིས་གསར་མ་བུ་ཞེས་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས་པའི་རྩིས་གཞུང་བཅས་ལུགས་གསུམ་ཙམ་མོ།
    གསུམ་པ། སྔར་བོད་ཀྱི་དབུས་གཙང་གཙོས་པའི་མདོ་ཁམས་སྟོད་སྨད་ལ་ཡང་སྐར་ནག་རྩིས་ཀྱི་གཞུང་ལུགས་དང་ལག་ལེན་བཅས་དམངས་ཁྲོད་དུ་ཤིན་ཏུ་ཁྱབ་གདལ་བྱུང་ཡོད་པ་མངོན་གྱི་འདུག དཔེར་ན་ད་ལྟ་ཆབ་མདོའི་ཕྱོགས་ཀྱི་མདོ་ཁམས་གོ་འཇོའི་དམངས་ཁྲོད་དུ་ལོ་ན་རྒན་གྲས་མང་པོའི་ངག་རྒྱུན་དུ་སྐར་ནག་རྩིས་ཀྱི་ཞལ་རྒྱུན་བཤད་སྲོལ་མང་དུ་མཆིས་པ་ནི། དུས་བཞིའི་ཉ་སྐར་ངོས་འཛིན་ཚུལ་ལ། སྨིན་དྲུག་ཡུང་སྤུང་ཁ་ནས་ཤར་ཟེར། སྨིན་ནམ་ལས་རྒྱལ་༼སྨལ་པོ་༽ནམ་གྱི་རིང༌།༼རྒྱལ་༽རྒྱལ་ནམ་ཁུག་སོ་བཅོ་བརྒྱད་ཟེར། རྒྱལ་ཉ་དར་ཆགས་ཀྱི་དུས་ཟེར་བ་དང༌། སྐག་བྱ་༼ནག་པ༽རོག་གིས་ནམ་སྐྱེལ། བོད་དབུ་ནག་གིས་སོ་ནམ་འགུལ། འབྲི་ཨ་ཟོན་གྱི་ནུ་འགོ་འགུལ།  ལུག་ཨ་གཡང་གིས་ལུག་ཆུང་ཁྲིད། བྱ་༼ནག་པ༽ལྟོགས་འདོད་ཅན་གྱི་ཟླ་གཉིས་སྐྱེལ། ཁྲ་ཡ་༼དབོ༽རླུང་འབོད་ཀྱི་དུས། སྐར་མ་ལག་སོར་གྱི་ནམ་ཚོད་འཛིན། རྩྭ་ནུབ་སོར་སྐྱེ། སྟོན་ཤ་ཕོ་ངུ་དུས་དགོང་གཟབ་ཟེར། དཔྱིད་ཁུ་བྱུག་དྲག་དུས་དན་ཇ་གཟབ་ཟེར། བདུན་ཆུང་རྐྱང་ཆུང་མིད་པ་སྐམ་ཟེར། བདུན་ཆེན་ཉ་ལུགས་ཆུ་ལུགས་ཟེར། དབྱར་བརྒྱད་པའི་རི་ནག་མ་ཟེར་བ་བཅས་དང༌། སེ་གྲུ་བཞི་གནམ་དཀྱིལ་ཕྱ་ར་དེ།   ངས་འཁྱགས་དུས་གོན་རྒྱུ་ཡིན་རོག་རྟོགས།  ད་ཟེར་དུས་གནམ་ནང་གི་སྐར་མ་ཟེར།    སྐག་བྱ་རོག་གཡག་ཤ་རྐང་པ་དེ་ངེས་ལྟོགས་དུས་ཟ་རྒྱུ་ཡིན་རོག་རྟོགས། ད་ཟེར་རེན་གནམ་ནང་སྐར་མ་ཟེར།   གནམ་ཁྱི་བུ་མོ་སྤུན་བདུན་དེ།  ལོ་ཆུང་དུས་འཇུ་རྒྱུ་ཡིན་རོག་རྟོགས། ད་ཟེར་རེན་གནམ་ནང་སྐར་མ་ཟེར། བན་འུ་མཐིལ་གྱི་ནམ་ཚོད་འཛིན།སྣར་མའི་བིའུ་ཆུང་སྐེ་འདྲིས། བི་རྫི་དམར་ཆོམ་ཟེར་བ། སྣ་མའི་བིའུ་ཆུང་རྩེདརོལ། རྒྱལ་ཕོ་ཕོ་རྟགས་འདྲ་བ། རྒྱལ་སྟོད་༼ནབས་སོ༽སྤྱང་མོ་ཁ་གདངས། ཁྲ་ཕོ་མིག་དམར་ཟེར་བ།  བོན་ཁེ་བ་བུའུ་འུ་མཐིལ་ཟེར།   ་ཞེས་པ་ལྟར་དང༌།  ཚེས་གྲངས་ལེགས་ཉེས་སྐོར་ལ་ངག་རྒྱུན་དུ། དེ་རིང་སྐར་མ་མགོ་དང་ཐུག  ལས་ཅི་བྱེད་འགོ་ལོ་དེ་རིང་ཡག དེ་རིང་སྐར་མ་ལག་དང་ཐུག ལས་ཅི་བྱེད་ལག་པས་བཟོས་པ་འདྲ། དེ་རིང་སྐར་མ་རྒྱལ་དང་ཐུག ལས་ཅི་བྱེད་རྒྱལ་ཁ་དེ་རིང་ལེན། ཞེས་དང༌། བོན་༼གྲོ་བཞིན༽ཕུལ་༼ཆུ་སྨད་༽་སྒྲོག་༼མོན་གྲེ༽གསུམ་ཤི་མི་དཀོན།  ཟེར་བ༌། ༼བན༽དང་བོན་གཉིས་དབྱེ་བ་མ་ཤེས། སྐར་མ་ཐ་སྐར་མིན་ནམ་ཉམ་ལ་དཔྱད་པ་བྱ། མགོ་ལག་རྒྱལ་གསུམ་སྐྱེས་མི་དཀོན་ཟེར་བ་དང༌། སྨིན་དྲུག་གོད་དྲུག་ཟེར་བ་དང༌། སྨིན་དྲུག་ཕྱི་ནང་དྲུག་ཟེར་བ་ཡང་འདུག། སྐར་མ་ཕྱི་༼བྲ་ཉེ༽དྲུག་ནང་༼སྨིན་དྲུག། དྲུག་ཟེར་བ་སྙམ། བྲེ་ཉེ་ཕྱི་ཉེ་ནང་ཉེ། སྐར་མ་ཕྱི་དྲུག་ནང་དྲུག་ཟེར་བ་བྲ་ཉེ་དང་སྨིན་དྲུག་གཉིས་ལ་མི་ཤི་ན་ཤིན་ཏུ་ངན་པ་བརྩི་བ་དང༌། རྟ་ཤི་སྒ་ཆག་གི་ཚེས་གྲངས་ལ་ཤིན་ཏུ་འཛེམ་སྲོལ་ཡོད་པ། འགྲོས་ལ་ཆུ་ཚག་ལྟ་བ་དང༌། གཟའ་སྤེན་པ་ལ་ཐག་རིང་འགྲོ་སྲོལ་མེད་པ་སྤེན་ཞ་ཟེར་བ། རོ་བག་གཉིས་ལ་དགུ་འགྲོས་མི་བྱ་ཞེས་དང༌། ནམ་ཡར་ལངས་ཀྱི་སྤྲིན་དམར་ཆུ་དང༌།ནུབ་མར་ཉལ་སྤྲིན་དམར་མེ་ཟེར། གཞན་ཡང་ཁམས་ཕྱོགས་སུ། རུ་སྐྱ་སྤོ་སྐབས་སུ།ས་བདག་ཧལ་ཁྱི་ལྟ་རྒྱུ་དང༌། ས་བདག་འབྲུག་རྗེ་སྒོ་ལ་གནས་ན་ནོར་ཕྱི་གཏོང་འཛེམ་བྱ་དང༌། ཕུང་པོ་སྒོ་ནས་གཏོང་སྲོལ་མེད་པ། སེམས་ཅན་གཞན་ལ་བཙོང་སྐབས་ཚེས་དགུ་ཉིན་ལ་སྤྲོད་ལེན་བྱེད་པ། རོ་བག་མ་ལ་ས་བདག་གཙོ་བོ་འཛིན་པ། བག་མ་ལ་ཧལ་ཁྱི་བརྩི་བ། མཁར་ལས་སྐབས་དགོན་སྡེ་ཆེ་ཁག་གིས་ས་བདག་ལྟོ་འཕྱེ་བརྩི་བ། རྟེན་འབྲེལ་ཆེ་ཁག་སྐབས་སུ་འབྱུང་བའི་ཨུར་གནོན་དང༌། སྤོམ་གཏའ་བཅའ་སྲོལ་ཡོད་པ་ཐོས། བཻ་དཀར་དགོངས་དོན་ལྟར་མི་ཤི་སྐབས་མི་ཚང་ཕལ་ཆེ་བས་དུར་རྫོངས་ཆ་ཚང་པ་ལག་ལེན་བྱེད་སྲོལ་ཡོད་པ།  ཁྱད་པར་དུ་ས་དཔྱད་སྐོར་གྱི་ཕྱག་ལེན་བྱེ་མ་ལག་ཁྲིད་སོགས་ཀྱི་ཞལ་རྒྱུན་ཡོད་པ་དང༌། ལུང་པ་ཁ་ཤས་ལ་བྱེད་པ་ཡང་བརྩི་སྲོལ་ཡོད་པ། སྟོན་ཤ་ཕོ་ངུ་དུས་དགོང་གཟབ་ཟེར། དཔྱིད་ཁུ་བྱུག་དྲག་དུས་དན་ཇ་གཟབ་ཟེར་བ་སོགས་ཀྱི་ཁམས་ཁུལ་དུ་རྒན་རབ་མྱོང་བ་ཅན་མང་དག་ཞིག་གིས་གནམ་ལ་སྐར་མ་བལྟས་ཏེ་ཟླ་ལྷག་དང་ཚེས་གྲངས་ཆད་ལྷག་རྟོགས་ནུས་པ་མང་དུ་ཡོད་པ་ཐོས་ཀྱང༌། དེང་གི་མི་རྣམས་གཡེང་བ་ཆེ་བས་ཤེས་བྱ་ལ་བརྩོན་འགྲུས་མེད་པ་བདག་དང་བདག་འདྲ་བའི་གཞོན་ནུ་རྣམས་ལ་ལེགས་བཤད་དེ་རིགས་ཚིག་གཅིག་ཙམ་ཡང་བརྗོད་རྒྱུ་མེད་པས། སོ་སོའི་ཕ་མེས་ཀྱི་ལོ་རྒྱུས་དེ་ཕ་ཁོ་བོའི་གནའ་གཏམ། ཕ་མ་བཟང་པོའི་བུ་རྒྱུད་ཟེར་བ་ལྟར་ཕ་ཚ་བུ་བརྒྱུད་ནས་ཤེས་བྱ་འདི་རིགས་ཟམ་མ་ཆད་པ་ངག་རྒྱུན་དག་ལས་སྤེལ་སྲོལ་ཡོད་འདུག་པས་ངེས་པར་དུ་སློབ་དགོས་པ་སྣང་ངོ༌།
    བཞི་པ། དམངས་ཁྲོད་དུ་རྟེན་འབྲེལ་བཅོས་ཐབས་སྐོར་ལ་གཏོ་མདོས་སོགས་རྩིས་ཁོ་ན་ལ་གཞི་འཛིན་བཞིན་སྨེ་བ་དང་སྤར་ཁ་རྩི་ཤེས་མཁན་ནི་མང་དུ་མཆིས་ལ། དཔེར་ན་མི་ཞིག་ནད་གཞི་ལྕི་ཙམ་བྱུང་ན་ཐོག་མར་ཉིད་ནས་སྤར་རིམ་ཞེས་སྤར་ཁ་བརྩིས་ཏེ་མདོས་པོད་ཞེས།    མདོ་ཁམས་ཁུལ་གྱི་ས་དགེ་བཀའ་རྙིང་གང་ཡིན་རུང་མཁས་གྲུབ་ཆགས་མེད་རཱ་ག་ཨ་སྲས་ཀྱིས་མཛད་པའི་རྩིས་རིག་སྣ་ཚོགས་དང༌། ཁྱད་པར་དུ་རྗེ་ཉིད་ལ་ཀོང་ཙེ་འཕྲུལ་རྒྱལ་གྱིས་ཞལ་གཟིགས་ལུང་བསྟན་མང་དུ་གཟིགས་པའི་ཉེར་རྒྱུད་ཀྱི་གཙུག་ལག་རྩིས་ཀྱི་འདོན་ཆ་སོགས་ཤིན་ཏུ་དར་སྲོལ་ཆེ་བས།   རྩིས་དཔེ་སྣ་ཚོགས་མཇལ་རྒྱུ་འདུག་པ་མ་ཟད་མདོས་པོད་ཤོག་གྲངས་ལྔ་བརྒྱ་ལྷག་ཙམ་ཡོད་པའི་བརྩིས་འབྲས་ལས་མི་འགྲོ་བའི་གནས་བརྒྱད་དང༌། མི་ཟ་བའི་ཟས་བརྒྱད། མི་ཉོ་བའི་རྫས་བརྒྱད། འདོན་རྒྱུ་ཆོས་བརྒྱད། མདོས་བརྒྱད། དབང་བརྒྱད་ཅེས་གསུངས་ཡོད་པ་ལྟར་ཕྱག་ལེན་བྱེད་བཞིན་ནད་ལ་ཕན་འབྲས་ཤིན་ཏུ་ཆེ་བ་སྣང༌།   དེ་ལྟར་གཏོ་ཕུག་རྩིས་དང་རྩིས་ཕུག་གཏོ་ཞེས་པ་ལྟར་གཏོ་མདོས་དང༌། རྩིས་གཉིས་ཁ་འབྲལ་ཐབས་མེད་པའི་དགོན་སྡེ་ཁག་དང༌། ཞིང་འབྲོག་ཁུལ་དུ་རྒྱུན་སྲོལ་དུ་གནས་ཡོད་པ་རེད། དཔེར་ན་སྐྱིད་པའི་བག་སྟོན་ལྟ་བུ་དང༌།  སྡུག་པའི་གཤིན་པོ་ལྟ་བུ་ཡན་ཆོད་ནས་ཐོག་མར་ཉིད་ནས་རྩིས་པ་ཞིག་འཚོལ་ནས་བྱ་བ་ལེགས་ཉེས་བརྩིས་ཏེ་འཕྲལ་རྐྱེན་ཡོད་རིགས་རྟེན་འབྲེལ་གཏོ་བཅོས་ཞེས་མི་དབུལ་པོ་རྣམས་ཀྱི་རིམ་གྲོ་སྟབས་བདེ་ལ་གོ་ཆོད་ཆེ་བའི།  ལམ་འཕྲང་སེལ་རྒྱུ།  ཟམ་ཆད་འཐུད་རྒྱུ། བྱིས་སྟོན་དང༌།  དགེ་འདུན་སྡེ་ལ་བསྙེན་བཀུར། མར་ངན་སློང་ལ་སྦྱིན་པ་སོགས་ཀྱི་བླང་དོར་ཀྱི་དགེའི་སྐུལ་མ་དང་སྡིག་པའི་ཉེས་དམིགས་བཅས་ཀྱི་ལས་འབྲས་རྩི་བྱེད་མེད་ཐབས་མེད་པ་ཞིག་ཏུ་གྱུར་ཡོད༌། དཔེར་ན་རྟེན་འབྲེལ་སོགས་ཀྱི་གཟའ་ཚེས་ལེགས་པོ་ཞིག་བྱུང་བ་ཡིན་ན་ཉིན་དེར་སྤྱིར་བཀྲ་ཤིས་པ་མ་ཟད་གནམ་གཤིས་ཀྱང་ལེགས་པ་སྣང༌།
    ལྔ་པ། སྐར་ནག་རྩིས་ཀྱི་རིག་པ་འདི་ཉམས་ཞན་ཚབས་ཆེན་གྱུར་ཟིན་པའི་སྐོར་ལ། མིག་སྔར་གཞོན་ནུ་རྣམས་ཀྱིས་རྩིས་འབྲས་ཤེས་མཁན་ཤིན་ཏུ་ཉུང་བ་དང༌། རྩིས་འགོ་བརྒྱ་པ་ཞེས་པ་མིང་ཙམ་ལས། ལུང་པ་ཕལ་ཆེར་བའི་ཡུལ་ལ་རྩིས་ཀྱི་སྲོལ་རྒྱུན་ཉམས་ལ་ཉེ་བས། ཐ་ན་གནམ་སྒོ་ཙམ་ཡང་རྩི་ཤེས་མཁན་མེད་པས། གྲོང་ཁྱེར་དང་ས་གནས་ཁ་ཤས་ལ་འདུས་སྡེ་ཆེ་ཁག་གིས་བོད་ཀྱི་རིག་གནས་ལ་མཐོང་ཆེན་མི་བྱེད་པ་དང༌། ཁྱད་པར་དུ་སྐར་ནག་རྩིས་རིག་འདི་དག་ལ་མཐོང་ཆུང་ཁྱད་བསད་ལྟ་བུ་བྱས་པ་སྣང་བས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ལག་པ་སྟོང་པ་ཁོ་ན་གདབ་ཏེ་མ་བསྡད་པ་བསྟན་པ། ཉམས་ཞན་ས་ནས་སྐྱོང་དགོས་པ་སྙམ། ཁྱད་པར་དུ་སྨན་རྩིས་གཞུང་ལུགས་ལས་གཏར་བསྲེགས་སྐབས་སུ་བླ་གནས་དང་བི་ཊི་ཙམ་ཡང་མི་རྩི་བཞིན་རྒྱུན་སྲོལ་ངན་པ་གྱུར་ཡོད་པ་མ་ཟད༌། ཁུལ་འདིར་ཕུང་པོ་ཕུད་སྐབས་བླ་མ་དགེ་བའི་བཤེས་གཉེན་དེ་རིགས་ཐུགས་དམ་གྲོལ་མིན་ལས་མ་ལྟོས་པ། ཞག་པོ་གཉིས་ལོངས་པ་ཙམ་ནས་ཕུད་པ་མང་དུ་གོ་ཐོས་བྱུང་བས། བྱ་བ་དེ་རིགས་ཀླ་ཀློའི་བྱེད་སྟངས་ངོ་མ་ཡིན་པས་ཚེ་འདས་དེ་ཉིད་སྲོག་བཅོད་པའི་ཉེས་པ་ཡོད་པའི།  བཻ་དཀར་དུ་གསུངས་ཡོད་པ་མ་ཟད།  འཚེ་མེད་ཀྱི་ལས་ཡིན་གསུངས་ཡོད་པའོ། སྐར་ནག་རྩིས་ཀྱི་རིག་གཞུང་འདི་ལ་སྣང་ཆུང་མ་བྱེད་པ་ས་དགེ་བཀའ་རྙིང་གང་ཡིན་རུང་བོད་ཀྱི་བཅུ་ཕྲག་རིག་པ་གཙོས་དཔལ་ལྡན་གསོ་རིག་རྒྱུད་བཞི་འདི་ཉིད་ལ་འཇུག་འདོད་པ་རྣམས་ནས།   ལྟ་བ་མཐོ་མཐོ་དང་མཁས་རློམ་མ་བྱེད་པ་དང་རང་སྣང་གང་ཤར་གྱི་རྒྱུད་འདི་རང་གི་བློ་དང་འཚམས་མིན་ལས་མ་བལྟོས་པ་རྒྱུད་ཚིག་ཡོངས་རྫོགས་ལ་དོ་སྣང་དང་གཅེས་སྤྲས་བྱས་པ་ནི་རང་གི་ཡོན་ཏན་དུ་མངོན་ནོ། རྗེ་བདག་ཉིད་ཆེན་པོས། སྟོན་པའི་ནང་ན་རྟེན་འབྲེལ་སྟོན་པ་དང༌། །ཤེས་རབ་ནང་ན་རྟེན་འབྲེལ་ཤེས་པ་གཉིས།  །འཇིག་རྟེན་དག་ན་རྒྱལ་བའི་དབང་པོ་བཞིན། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་བདེན་མེད་དུ་སྒྲུབ་པའི་རིགས་པའི་རྒྱལ་པོ་རྟེན་འབྲེལ་ཆེན་པོའི་གཏན་ཚིགས་ཏེ། དངོས་པོ་རྣམས་ཆོས་ཅན་བདེན་པར་མ་གྲུབ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་པ་ཕན་ཚུན་སྤངས་འགལ་གྱི་འགལ་དམིགས་ཀྱི་རྟགས། ཞེས༌། མདོར་ན་ཕྱི་ནང་གི་རྟེན་འབྲེལ་ཡན་ལག་བཅུ་གཉིས་སོགས་ཀྱི་དོན་ཚུལ་བཞིན་རྟོགས་དགོས་པའི་དོན་ནོ།
    དྲུག་པ། རྩིས་ཀྱི་ཕན་འབྲས་དང་དགོས་པ་ཟུར་ཙམ་ཞུས་ན། བོད་ཀྱི་རྩིས་རིག་སྐར་ནག་འདི་ཉིད་སྤྱིར་རིག་གནས་ཀུན་དང་འབྲེལ་བའི་བོད་མི་རིགས་ཀྱི་མཆོག་དམན་སུ་དང་སུ་ཡིན་ཀྱང་སྐར་ནག་རྩིས་ཀྱི་རིགས་པ་ལ་བརྟེན་མ་དགོས་པའི་རྣམ་དཔྱོད་ལྡན་པ་ནི་ད་ལྟའི་དུས་འདིར་ཉི་སྐར་ལས་ཀྱང་དཀོན་པས།  ནམ་ཟླ་དུས་གཟེར་ཡུལ་སྲོལ་གོམས་གཤིས་དགེ་བཅུ་འཛོམ་ས་པའི་ཡུལ་དཔྱད་གཙོས་པའི། ཞིང་འབྲོག་ལས། རྟེན་འབྲེལ་རྒྱུན་སྲོལ་མང་དུ་ཡོད་པས། སྐྱིད་སྡུག་གང་ལ་ཡང་མེད་དུ་མི་རུང་བའི་མི་རིགས་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་ལྐོག་གྱུར་རྟེན་འབྲེལ་ལེགས་ཉེས་བླང་དོར་མང་པོའི་རྒྱུ་མཚན་ཡང་དག་གི་སྒོ་ནས་དོན་རྣམས་རྩིས་རིག་ལམ་ནས་རྟོགས་དགོས་པས། དཔེར་ན། བོད་མི་རེ་ངོ་རེའི་ལུས་ལ་ལོ་བསྐོར་བཅུ་གཉིས་ཀྱི་མེ་ལོང་འདོགས་བཞིན་བྱ་བ་ཆེ་ཕྲའི་རིགས་ལ་རུས་སྦལ་འཁོར་ལོ་ཁྱེར་བ་བཅས་ཀྱི་རྒྱུན་སྲོལ་ལྡན་ཡོད་པས། རྟོག་པ་དང་ལྡན་པ་དག་གིས་ཡང་རྟེན་འབྲེལ་ཁྱད་བསད་མ་གནང་རོགས་ཞུ་རྒྱུ། མདོར་ན་ས་དགེ་བཀའ་རྙིང་ཡོངས་ཀྱིས་མཁས་ཤིང་གྲུབ་པ་རྣམས་ཀྱིས་གསུངས་ལས། རྟེན་འབྲལ་ལེགས་ཉེས་བརྩི་བ་ལ་ཤིན་ཏུ་ནས་ཀྱང་གཙིགས་ཆེན་གནང་བའི་ལེགས་བཤད་མང་དུ་ཡོད་པ་མཁྱེན་ངེས་སོ། དཔེར་ན་དགེ་བའི་ཕན་ཡོན་ལྟ་བུ་ཐུགས་བསམ་བཞེས་ན། ཉི་ཟླ་གཟའ་འཛིན་སྐབས་དང་སྐྱེས་བུ་དམ་པ་རྣམས་ཀྱི་དུས་ཆེན་ཁྱད་པར་བ་རྣམས་ཀྱི་དུས་གནད་ཚུལ་བཞིན་ཤེས་ནས། དགེ་བའི་ལས་ལ་དུས་ཀྱི་མཆོད་པ་ཚོགས་ཀྱི་འཁོར་ལོ་གཅིག་བསྐོར་ན་ནམ་མཁའ་གང་བའི་སངས་རྒྱས་མཆོད་པའི་བསོད་ནམས་དང་མཉམ་པར་འགྱུར། བསྐལ་པ་ཆེན་པོ་འབུམ་ཕྲག་གི་སྡིག་སྒྲིབ་ཟད་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས། ཚེ་ཉི་ཟླ་དང་མཉམ། བཀའ་བཙན་ཞིང་མཐུ་ཆེ། མཆོག་གི་དངོས་གྲུབ་དང་རིག་པ་འཛིན་པའི་གོ་འཕང་ཐོབ་པར་འགྱུར་རོ། ཞེས་གསུངས་པ་ལྟར་དུས་ཤེས་པའམ་རྩིས་པ་རྣམས་ཀྱིས་རྩིས་ལས་ལོ་ཐོ་རྩོམ་པའམ་ཚེས་གྲངས་ཚུལ་བཞིན་སེམས་ཅན་གཞན་ལ་ལེགས་ཉེས་བླང་དོར་གྱི་གནད་སྟོན་པ་ཡིན་ནམ་རང་ལ་ཡང་དགེ་བ་དེ་དང་དེ་འདྲ་བ་འབྱུང་བ་སྨོས་མ་དགོས་སོ། དཔེར་ན་ལོ་ཐོ་ཆ་ཚང་ཞིག་བརྩིས་པའི་ཕན་ཡོན་ནི། སྔར་མཁས་དབང་དམ་པའི་གསུངས་ལས། ལྷ་ཁང་ཀ་བཞི་མ་ཞིག་བཞེངས་པའི་ཕན་ཡོན་དང་འདྲ་བའི་བཤད་སྲོལ་ཡོད་པས། ད་ལྟའི་བོད་མི་རེའི་ལག་ན་རྩིས་ཕྲ་རེ་ཞེས་པ་ལྟར།དེང་གི་ཕུག་ལུགས་ཀྱི་ལོ་ཐོའི་མཚན་བྱང་འགོ་ནས་མཇུག་བར་དུ་བོད་ཀྱི་བཅུ་ཕྲག་རིག་གནས་ཀུན་དང་འབྲེལ་བའི་ཤེས་བྱ་ཁོ་ན་ཡིན་པ་མ་ཟད་ལོ་ཐོའི་ཚེས་ཁང་དུ་ཨང་གྲངས་གཙོས་པའི་ཡི་གེ་འབྲུ་རེ་རེ་བཞིན་བལྟས་ཏེ་རྩིས་འབྲས་བཤད་དགོས་པ་ལས་ཚེས་གྲངས་ཙམ་དང༌། འཕྲོད་སྦྱོར་ཙམ་གྱིས་ཚེས་ཆ་ལེགས་པའི་དོན་རྟོགས་མི་ནུས། ལོ་ཐོའི་མཇུག་བྱང་ལས། གཟའ་ཚེས་སྐར་འཕྲོད་དུས་སྦྱོར་སོགས་ནུས་སྟོབས་ཆེ་ཆུང་འབྲས་བུ་ནི། དེ་ཡང་ཚེས་ལ་ཡོན་ཏན་གཅིག །གཟའ་ལ་བཞི། སྐར་མ་བརྒྱད། དུས་སྦྱོར་བྱེ་བ། ཞེས་ཁ་ཆེ་པཎ་ཆེན་སོགས་ཀྱིས་བཞེད་པ་ལྟར། དེ་ཡང་རྩིས་འགོ་གང་དང་གང་ལ་ཡང༌། དམིགས་བསལ་བྱུང་ན་དེ་ཉིད་གཙོ། དཔེར་ན་བཟོ་བོའི་ལག་ཆ་འདྲ། ཞེས། བྱ་བ་གང་རུང་ཞིག་ལ་བཟང་ཡང་བྱ་བ་གཞན་ཞིག་ལ་ཚེས་ཆ་དེ་མི་འཕྲོད་པས་ན། བག་རྩིས་དང་བག་སྟོན་ལྟ་བུ་ཞིག་ལྟ་དགོས་ཚེ་ལོ་དང༌། ཟླ་བ། ཞག དུས་ཚོད་ཆ་རྐྱེན་ལྟར་ཚེས་འབྲས་གང་ལེགས་ནོར་ལོངས་སྤྱོད།  ཚེ་བསོད་ནམས། ལས་དབང་ཐང་སོགས་ཀྱི་ཚེས་ཆ་ལེགས་པ་ཞིག་དགོས་ཚེ། ཐོག་མར་ཉིད་ནས།  བཻ་དཀར་བག་རྩིས་ལེའུ་ལས། རྡེའུ་ཉིས་ཁྲི་དགུ་སྟོང་ལས་བསྡོམས་པས་ལྔ་སྟོང་བརྒྱད་བརྒྱ་དང༌། ཉག་མ་གཅིག་གིས་གཏན་ལ་དབབ། ཞེས་པ་དང༌། དང་པོ་བྱི་ནལ་སྤང་བྱ་བ། །ཞང་ཚན་ནང་སྡེབ་བྱི་དཀར་ཏེ། །ཕ་ཚན་ནང་སྡེབ་བྱི་ནག་གོ །མ་བུ་ནང་སྡེབ་བྱི་ཁྲ་བོ། །སྡོང་རྒན་རྩ་རུལ་ལྕགས་བཙའ་ཞུགས། །ཕ་ཚན་འཕུང་འདྲེ་ནམ་ཕུགས་ངན།  །སྤང་ངོ་གལ་ཏེ་སྡེབ་དགོས་ན།   །སྲིད་པའི་བླ་སེལ་ཆེན་མོ་དང༌། །སྲིད་པ་རྒྱལ་པོའི་ཐིང་སེལ་བྱ། །ཞེས་པ་ལྟར། དེ་ཡང་ལོ་རྟའི་རྩིས་དང་ལོ་ངན་དང༌། ལྟས་ངན་ལོ། དུར་སྒོ༌། བདུན་ཟུར། སྲོག་ལུས་དང༌། གི་གོང་རྣམ་བཞི། གསང་བ་ཡང་ཁུག འབྱུང་བའི་སྤུན་གྲངས། ཕ་མའི་རུས་ཆེན། སྐྱེས་པའི་ལོ་ཟླ། སྨེ་བ་སྤར་ཁ། ཁྲི་སྒོ་བཅུ་གཉིས། རྫོངས་ལུགས་བཅུ་བདུན། གནམ་ཁྱི། དགོས་པའི་མི་ལྔ། སྣ་ལེན། བཞག་སར། བཅས་བཟང་པོ་ལེན་ལ་ངན་རིགས་རིམ་གྲོས་བཅོས་སོགས་གཏན་ལ་དབབ་པ་དོན་ཇི་བཞིན་བརྩི་རྒྱུ་ལ་ལེགས་ཉེས་ཚུལ་བཞིན་མ་དཔྱོད་པ་བག་རྩིས་སོགས་ཀྱི་བླང་དོར་ཙམ་ཡང་སྟོན་མཁན་མེད་པ། ཉི་སྐར་ཙམ་གྱུར་འདུག་པས། མཁས་པ་ལ་ལས་རྩ་བ་ནང་དོན་རིག་པ་བོར་ནས་ཡ་ག་བོད་ཀྱི་རིག་གནས་གཞན་བརྡ་དག་སྐར་ནག་རྩིས་རིག་སོགས་ལ་མགོ་མ་འཁོར་ཟེར་བས་མཁས་པ་རློམ་པས་སོ། དཔེར་མཚོན་ན་རྒྱལ་ཁབ་ཕྱི་ནང་གང་ཡིན་རུང་ཉེར་འབྲེལ་ནང་ཁུལ་དུ་གཉེན་སྒྲིག་ཧ་ལམ་བྱེད་སྲོལ་མེད་པ་མ་ཟད་དེ་ནི་ལྟ་བ་ངན་པའི་བྱ་བ་ཞིག་ལ་ངོས་འཛིན་གནང་བཞིན།   ངེད་བོད་ཀྱི་མདོ་རྒྱུད་ཁག་ལ་ཡོད་ངེས་པས། བཻ་དཀར་དུ་གོང་ཞུས་ལྟར། བྱི་ནལ་བྱི་དཀར་བྱི་ནག་བྱི་ཁྲ་ལྟ་བུ་འདི་རིགས་རུས་ཁམས་ནང་ཚན་ཉེར་འབྲེལ་ནང་སྡེབ་མི་རུང་བའི་མི་དེ་རིགས་དང༌། གསོན་ཚེ་དུ་བ་མཉམ་དུ་མི་གཏོང་རྒྱུ་དང༌། ཤི་ཚེ་དུར་ས་མཉམ་དུ་མི་སྡེབ་རྒྱུ་ལྟས་ངན་པའི་གཉེན་སྒྲིག་ཡིན་ཚུལ་ཡང་རྩིས་གཞུང་ལས་ཤེས་དགོས་པ་སོགས་ལེགས་བཤད་དེ་དང་དེ་འདྲ་བའི་རྒྱུ་མཚན་མང་དུ་ལྡན་པའི་མི་རིགས་ཀྱི་སྲོལ་རྒྱུན་ཉམས་ཆགས་འགྲོ་བ་ནི། སྤྱིར་དགོན་སྡེ་ཁག་དང༌། དགོས་ཁྱད་པར་དུ་མཁས་དབང་སྤྱི་དོན་གཉེར་མཁན་རྣམས་ཀྱིས་ཐུགས་ལ་བཞག་པ་འཚལ། བཻ་དཀར་ལས། རྟོག་པའི་དྲ་བས་བཅིངས་པའི་སྐྱེ་རྒུ་རྣམས་མ་དག་འཁྲུལ་སྣང་དགག་ཏུ་མ་ནུས་པར་གཟའ་སྐར་གཙུག་ལག་གི་སྐོར་འགོ་བླང་དོར་ལོག་པར་སྟོན་པའི་ཉེས་དམིགས་ཀྱིས་འཕྲལ་ཡུན་མི་དགེ་བར་འགྱུར་བ་རྣམས་བསྟན་བཅོས་འདི་དོན་ཉམས་སུ་བླངས་པས་ཐར་ཏེ་རྫོགས་ལྡན་གྱི་དགའ་སྟོན་དཔལ་ལ་ལོངས་སུ་སྤྱོད་པར་གྱུར་ཅིག །ཅེས་གསུངས་པ་ལྟར། མདོ་སྡེ་རྒྱ་ཆེ་རོལ་པ་ནས། ཀུན་ཀྱང་རྩིས་ཀྱི་ལམ་ལ་ཐུག །དེ་ཡི་ཤེས་རབ་འདི་འདྲ་སྟེ། །ཡེ་ཤེས་བློ་གྲོས་དྲན་དབང་ཡང༌།  རྩིས་ཀྱི་མཁྱེན་པ་རྒྱ་མཚོ་སྟེ། །ད་དུང་སྦྱོངས་ཤིག་སློབ་པར་མཛོད། །ཅེས་དང༌།    རྨ་བྱ་
ཆེན་མོ་ལས། ཉི་སྙིང་ལ་སོགས་མདོ་ཡི་སྡེ། །འཇམ་དཔལ་རྩ་རྒྱུད་དུས་འཁོར་ལོ། །མཁའ་འགྲོ་རྒྱ་མཚོ་གདན་བཞི་དང༌། །སྟག་སྣའི་རྟོགས་པ་བརྗོད་ལ་སོགས། ། མདོ་རྒྱུད་བཀའ་བསྟན་རྣམས་ལས་གསུངས། །གཞན་ཡང་འཕགས་པ་ཀླུ་སྒྲུབ་ཀྱིས། ཤེས་རབ་སྡོང་བུར་འདི་གསུངས་ཏེ། །སྐར་རྩིས་དེ་བཞིན་གྲུབ་མཐའ་དང༌། །མཁའ་ལྡིང་སྔགས་དང་སྔགས་སྨྲ་བ། །དོན་གྱི་དེ་ཉིད་གཟུང་བྱ་ཡིན། །ཞེས་དང༌།     རྒྱུད་འགྲེལ་མན་ངག་རྒྱ་མཚོ་ལས། །བླ་མ་མཆོག་གི་དེད་དཔོན་དང༌། །ཕུན་ཚོགས་རྣམ་དཔྱོད་གྲུ་ཡི་གཟིངས། །བརྩོན་པའི་རླུང་གིས་བསྐུལ་བའི་མཐུས། །བདག་གིས་རྩིས་རིག་རིན་ཆེན་རྙེད། །དིང་སང་གངས་རིའི་ཁྲོད་འདི་ན།   །རྩིས་ཀྱི་ཚུལ་ལ་རྨོངས་གྱུར་ཀྱང༌། །མཁས་པར་ཁས་ལེན་མང་པའི་ཕྱིར། །དེ་དག་དོན་དུ་ཚུལ་འདི་བྲིས། །ཟབ་མོའི་ལམ་ལ་འཇུག་པ་ཡི། །སྒོ་འཕར་འབྱེད་པའི་ལྡེ་མིག་མཆོག   །ཕྱི་རོལ་སྣང་བ་ཤེས་པའི་ཐབས། །རྩིས་ཚུལ་མི་སློབ་དུད་འགྲོའི་བློ། །ཞེས་དང༌། བཻ་དཀར་ལས། དེ་འཛིན་རྩིས་མཁན་དེ་ཡི་མིང༌། །མདོ་ལུགས་དུས་གསུམ་མིང་ལྡན་དང༌།  །ལྷ་ཤེས་ཞེས་སུ་གྲགས་པ་དེ།   །དེ་ཡང་དུས་ཀྱི་འཁོར་ལོ་ལ།   །བརྟེན་ནས་སྐུ་གསུམ་གོ་འཕངས་ཡང༌།   །འགྲུབ་པའི་མཐར་ཐུག་སྙིང་པོ་ཆེ།  །ཞེས། རིན་ཆེན་སྤུངས་རྒྱུད་ལས། །བརྩིས་པའི་ཡོན་ཏན་མ་བརྩིས་སྐྱོན། །ཁང་ས་བཟང་པོ་བཙལ་བས་ན།  །དབུལ་ལས་མི་དར་ནོར་འཕེལ་འགྱུར། །བག་མའི་གཉེན་སྦྱོར་བརྩིས་པ་ཡིས། །སྲིད་འཕེལ་ཉེ་བ་དགྲར་མི་ལྡང༌། །གཤིན་པོ་འདུར་ལེགས་ཤི་སྒབ་ཆད། །གཟའ་སྐར་བརྩིས་པས་བྱས་དགུ་འགྲུབ། །གྱིམ་ཤང་བརྩིས་པས་དགྲས་མི་ཐིབ།    །ཀེག་ལམ་བརྩིས་པས་རྐྱེན་ལས་ཐར། །བཅོས་ཐབས་གཏོ་ཡིས་འཆི་བ་བཤོལ།  །དེ་ལས་ལྡོག་སྟེ་མ་བརྩིས་སྐྱོན། །འཆི་བ་རྣམ་པ་བཅུ་གཉིས་ལས།   །ཚེ་ཟད་འཆི་བ་གཅིག་ལས་མེད།   །བཅུ་གཅིག་རྐྱེན་ཁར་འཆི་བ་ཡིན།  །དེ་བས་ཀུན་རྫོབ་རྒྱུ་འབྲས་བདེན། །འདིའི་སྒོ་ཞུགས་རིགས་ཀྱི་བུ། ཞེས་གསུངས་པ་ལྟར་རོ།
    བདུན་པ། རྩིས་རིག་ལ་འཇུག་ཚུལ་ཟུར་ཙམ་ཞུས་ན། སྐར་ནག་རྩིས་ཀྱི་གཞུང་ལུགས་ཚུལ་བཞིན་ཤེས་དགོས་ན་ཐོག་མར་ངག་དགུ་མཐའ་དང་མ་བྲལ།   ལག་ས་རིས་དང་མ་བྲལ་ཞེས་པ་ལྟར་མ་བྲལ་བ་གཉིས་ཀྱི་རྩ་དོན་ནས་དགུ་མཐའ་ནས་བསྒྱུར་བགོད་འཕྲི་སོགས་བྱང་ཞིང་ཆུབ་ནས་རིམ་བཞིན་ལོ་ཐོའི་ཤེས་བྱ་གཙོ་བོ་ཤེས་དགོས་པ་ནི། བྱེད་གྲུབ་གཟའ་ལྔ་ལྔ་བསྡུས་ཉི་ཟླ་གཟའ་འཛིན་བརྩི་རྒྱུ་དང། ནག་རྩིས་ཀེག་རྩིས་གཙོས་པའི་ཉི་མ་ས་བདག་ཐེབས་ལྡོག་གནམ་སྒོ་དྲང་སྲོང་ཡན་ཀཱོང་ལོ་ཟླ་ཞག་ནག་འཕྲོད་སྦྱོར་གྱི་གཟའ་སྐར་ཆུ་ཚོད་འདས་པ་དང་མ་འོངས་འཕོ་འགྱུར་གྱི་དུས། འཕྲོད་ཆེ་ཆུང་དང་འཕྲོད་བཟང་ངན་བྱེད་པ་སྦྱོར་བ་རྟེན་འབྲེལ་སྨེ་བ་སྤར་ཁ་ཉི་མ་དབུགས་སྒང་ཁྱིམ་སླེབས་རྒྱ་སྒང་རྒྱ་དབུགས་རི་ཥི་ཕག་ཞག་དབྱར་དགུན་ཉི་ལྡོག་སྒྲ་གཅན་གདོང་མཇུག་ཁྱུད་པ་བི་ཊི་ལོ་རྒན་དྲུག་བཅུའི་དུས་གཟེར་བདུད་རྩི་རིགས་ལྡན་རྒྱ་ནག་གླང་རྩིས་སོགས་དང༌། ལོ་ཐོའི་ཚེས་ཁང་ནང་གི་དེ་ཉིན་གྱི་དུས་ཚོད་ག་དུས་འཕོ་འགྱུར་བྱས་པའི་ལེགས་ཉེས་བླང་དོར་སྟོན་དགོས་པ་ལས། ཚེས་གྲངས་དང་འཕྲོད་སྦྱོར་ཙམ་གྱི་གཟའ་སྐར་རྩིས་པ་བྱེད་པ་ནི་རང་མགོར་རང་གིས་ཆུ་འདྲེན་པའི་ལེགས་ཉེས་ཚུལ་བཞིན་མ་རྟོགས་པ་ས་བདག་སོགས་ཀྱི་སྐར་ངན་དང་ཐུག་ཚེ་རྩིས་པ་རང་ཉིད་འཆི་ཟེར་བ་སྣང་བས་ཐོག་མར་སློབ་བྱ་དེ་ཉིད་ལ་སྦྱངས་བ་རིགས་སོ། མང་དུ་རྩིས་ལ་ཉུང་དུ་ཤོད།    རྩིས་པས་མ་རྩིས་པ་ཡི་སྐྱོན་ཞེས་པ་ལྟར་རོ།  བོད་ཀྱི་སྐར་ནག་བརྩིས་ཀྱི་རིག་གཞུང་གི་སློབ་གསོའི་ལྟེ་གནས་བོད་ལྗོངས་ལྷ་ས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་གཅིག་བུ་ཙམ་ལས་རྒྱལ་ཁབ་ཀྱི་འགྲོ་སོང་བཏང་བའི་ཆེད་གཉེར་བྱས་པའི་ལས་ཁུངས་ནི། སྤྱིར་མེད་པས། བར་སྐབས་ཤིག་ལ་རྒྱལ་ཁབ་ཀྱིས་མི་རིགས་སྲིད་ཇུས་ལག་བསྟར་དང་མི་རིགས་ཀྱི་རིག་གནས་མྱུར་སྐྱབ་གང་ལེགས་བྱས་པའི་འབྲེལ་ཡོད་ས་གནས་ཁག་གི་སྨན་རྩིས་ཁང་དང་ལྗོངས་སྨན་རྩིས་ཁང་གཙོས་པའི་སྦྱོང་སྤྱོད་སྤེལ་གསུམ་གྱི་འགོ་ཚུགས་ཙམ་བྱུང་ཡོད་ཀྱང༌།   མིག་སྔར་ལྗོངས་ནང་ཁུལ་དུ་ས་གནས་སྨན་རྩིས་ཁང་ཕལ་ཆེར་བ་རྣམས་འགལ་རྐྱེན་མང་པོ་ལ་བརྟེན་ནས་འཚམས་འཇོག་ཟིན་པ་རེད།   བོད་མི་རིགས་ཀྱི་རིག་གནས་འདི་ཉིད་ལ་དོ་སྣང་མི་བྱེད་པ་དང༌། ཕྱོགས་ཞེན་སོགས་ཀྱི་ལྟ་བ་ཁྱེར་ཏེ་སྣང་ཆུང་ཁྱད་བསད་ཀྱི་གནས་ལ་གྱུར་ནས་སྨན་རྩིས་གཉིས་ཀྱི་ཤེས་བྱ་གཞུང་ལུགས་ཡང་ཁ་བྲལ་ཡ་བྲལ་དུ་འགྲོ་ཉེན་ཆེ་འདུག་པས།   དེར་བརྟེན་འོ་ཅག་སྨན་རྩིས་ཆེད་ལས་རྣམས་ཀྱིས་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་འགན་ལྩི་པོ་ཞིག་ཕྲག་ཏུ་བབས་པའི་ལས་འགན་ཞིག་ལ་ངོས་འཛིན་དགོས་པའི་མྱོང་གོམས་དང་ཞེན་ཆགས་ལྷག་བསམ་བཟང་པོས་དྲན་སྐུལ་ཚུལ་དུ་ཁ་སྣར་གང་ཟིན་གྱིས་ཞུས་པའོ། སྨྲས་པ། ཕྱི་ནང་སྣོད་བཅུད་ཁམས་ཀྱི་རྒྱུད་ཀྱི་རྒྱལ། །སྒྱུ་འཕྲུལ་བླ་མེད་དུས་ཀྱི་འཁོར་ལོའི་ཞིང༌། །ཕྱི་ནང་འབྱུང་འགྱུར་ཁམས་ཀྱི་མཚན་ཉིད་དང༌། །གཞལ་བྱ་ཉིན་ཞག་ཁྱིམ་དང་དབུ་རྐྱང་རོ། །ཉི་ཟླ་སྒྲ་གཅན་རྩ་རླུང་ཐིག་ལེའི་འགྲོས། །ཕྱི་ནང་བདག་ཉིད་རྟོགས་པའི་གདེང་ཐོབ་ཤོག །གསལ་སྒྲིབ་ལྩི་ཡང་མེད་པའི་ཞིང་མཆོག་ན། །ཐབས་ཤེས་ཟུང་འཇུག་འོད་ཁྱིམ་ཕོ་བྲང་དུ། །རིགས་དྲུག་སྐྱེ་སྒོའི་བུ་ག་རབ་བཅོམ་ནས། །སྐྱེས་རྫོགས་བརྟན་པས་ཁྱབ་བདག་ཞིང་ཁམས་སྤྲུལ། །མ་བྱས་སེམས་ཅན་འགྲོ་བའི་དོན་བྱེད་ནས། །འཛིན་ཞེན་མེད་པ་རྟོག་གྲོལ་དུས་མཉམ་ཤོག །རིས་མེད་ཐུབ་བསྟན་འཛིན་མཁས་བསྟན་པའི་བདག །དྲི་མེད་ངུར་སྨྲིག་རྒྱལ་མཚན་འཆང་བའི་སྡེ། །ཐུགས་མཐུན་ཁྲིམས་གཙང་བདག་འཛིན་རབ་སྟོང་ནས། །ཉིན་མཚན་དབྱེ་མེད་རིག་བཅུ་དོན་བྱེད་ཤོག །ང་རྒྱལ་ཚིག་གི་ཟུར་མདའ་འོལ་ཚོད་དང༌། །མ་རྟོའགས་ལོག་རྟོག་འཁྲུལ་རྙོགས་ཅི་མཆིས་པ། །མཁས་པའི་དབང་ལྔའི་ཡུལ་དུ་ཉེས་པ་ན། །གཟུར་གནས་མཁྱེན་སྤྱན་སྙིང་རྗེའི་བཀའ་སློབ་སྩོལ།།  ཆབ་མདོ་ས་ཁུལ་སྨན་རྩིས་ཞིབ་འཇུག་སྡེ་ཚན་ནས། གོ་འཇོའི་སྨན་རྩིས་མིང་འཛིན་ནོར་ལྷ་བསོད་ནམས་དཔལ་ལྡན་གྱིས། བོད་རབ་བྱུང་བཅུ་བདུན་པའི་ཆུ་མོ་བྱའི་ལོའི་དབོ་ཟླའི་དཀར་ཕྱོགས་ཉིན་ནས་སྦྱར་བའོ། ། 
·གསར་འགྱུར་གོང་མ:དཔའ་རིས་བོད་ཀྱི་དམངས་གླུའི་ཤུལ་འཛིན་བརྒྱུད་ཁྲིད་བྱེད་སྒོ་སྤེལ་བ།
·གསར་འགྱུར་འོག་མ:ཡུལ་མི་ཚོས་འཚང་ཁ་བརྒྱབ་ནས་ཏེན་ཚྭ་ཉོ་དགོས་དོན་མེད།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 1:11:43 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 2:39:32 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 4:20:25 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 61 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS