ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
  གསར་འགྱུར་ཀློག་པ།

སངས་རྒྱས་འཇིག་རྟེན་དུ་བྱོན་ཚུལ་དང་མཛད་པ་ བཅུ་གཉིས།

[རྩོམ་པ་པོ:ཨེ་མ་ཧོ།  ཡོང་ཁུངས:ངེད་དྲབ་  དུས་ཚོད:2011/2/28 0:28:17  བཀླགས་ཐེངས:2131][ཡིག་གཟུགས:ཡིག་གཟུགས་མདོག]
༄༅།།སངས་རྒྱས་འཇིག་རྟེན་དུ་བྱོན་ཚུལ་དང་མཛད་པ་
བཅུ་གཉིས་བསྟན་ཚུལ།

                                    

                                           

མཛད་པ་བཅུ་གཉིས་བསྟན་ཚུལ་ལ་གཉིས་ལས  དང་པོ། དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་འགྲོ་བ་ལྷ་དང་བཅས་པའི་སྐྱབས་དང༌། མགོན་དང༌། དཔུང་གཉེན་གཅིག་པུར་གྱུར་པ། བསྐལ་པ་བཟང་པོའི་རྣམ་འདྲེན་སྟོབས་བཅུ་མངའ་བ་སྟོང་རྩའི་དབུས་ན་སྙིགས་མའི་གདུལ་བྱ་འདུལ་བ་ལ་སྨོན་ལམ་ཆེན་པོ་ལྔ་བརྒྱའི་ཐུགས་དམ་བཅས་པ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་པདྨ་དཀར་པོ་ལྟར་ཡོངས་སུ་བསྔགས་པའི་རྣམ་འདྲེན་བཞི་པ་ཤྭཀྱའི་རྒྱལ་པོ་གང་ཉིད་ནི། ངེས་པའི་དོན་དུ་བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ་རང་དོན་སྤངས་དང་རྟོགས་པའི་ཡོན་ཏན་མཐར་རུ་ཕྱིན་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་བཞིན་གཤེགས་པའི་ཐབས་མཁས་པའི་རྣམ་རོལ་ཚད་མེད་པས་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་དུས་ གསུམ་ རྟག་ཁྱབ་ལྷུན་གྲུབ་ཏུ་གང་འདུལ་འགྲོ་བའི་དོན་མཛད་པ་སྟེ། མདོ་སྡེ་པདྨ་དཀར་པོ་ལས། རིགས་ཀྱི་བུ་དག་ང་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་གོང་རོལ་དུ་ མངོན་པར་རྫོགས་པར་སངས་རྒྱས་སོ། ཞེས་དང༌། ཡབ་སྲས་མཇལ་བའི་མདོ་ལས། སྔོན་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་དུ་འཇིག་རྟེན་གྱི་ཁམས་གང་ གའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་གཅིག་ཏུ་གྱུར་པ་དེར། དེ་བཞིན་གཤེགས་པ་དབང་པོའི་ཏོག་ཏུ་ཅེས་བྱ་བར་སངས་རྒྱས་ནས་སེམས་ཅན་གྱི་དོན་ མཛད་དེ་མྱ་ངན་ལས་འདས་ནས། སླར་ཡང་དེའི་འོག་ཏུ་སངས་རྒྱས་པའི་ཚུལ་བསམ་གྱིས་མི་ཁྱབ་པ་བསྐལ་པ་འདིའི་བར་ དུ་བསྟན་ཅིང༌། ད་དུང་སོ་སོའི་སྐྱེ་བོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་སངས་རྒྱས་པའི་ཚུལ་ འཁོར་བ་མ་སྟོངས་ཀྱི་བར་དུ་སྟོན་པར་མཛད་དོ། ཞེས་དང༌། སེམས་ཅན་རྣམས་ལ་ཐུགས་བརྩེ་ཞིང༌། སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། དཔའ་པོ་ཆེན་པོའི་རྣམ་པར་འཕྲུལ། བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང༌། ད་དུང་ཆོག་པའི་འདུ་ཤེས་བསལ། ཞེས་དང་དམ་ཆོས་པད་དཀར་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ།དེ་ཡི་ཚད་ནི་ནམ་ཡང་མེད་པ་ནས། བྱང་ཆུབ་མཆོག་རབ་འདི་ནི་ངེས་ཐོབ་སྟེ། ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། ཞེས་དང༌། མདོ་སྡེ་ཕལ་པོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ཀྱང༌། སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང༌། མི་འགྲིབ་སྤྱོད་པ་རྒྱ་མཚོ་ཀུན་སྟོན་པ། བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲའོ། ཞེས་དང༌། གསང་བ་ཡིད་བཞིན་རིན་པོ་ཆེ་བཀོད་པའི་རྒྱུད་ལས། ཀུན་གྱི་སྔ་རོལ་སངས་རྒྱས་པ། རྡོ་རྗེ་འཛིན་རྒྱལ་གསང་བ་ཆེ། བསམ་ཡས་ཞིང་དུ་རྣམ་པར་རོལ། གྲངས་མེད་སྔ་ཕྱིའི་དུས་ཀུན་ཏུ། ཞི་དང་ཁྲོ་ཚུལ་དཔག་མེད་ཅིང༌། རྔོན་དང་སྨད་འཚོང་ལ་སོགས་གཟུགས། སྣ་ཚོགས་ཚུལ་གྱིས་དོན་མཛད་ཀྱང༌། ད་དུང་བསྐལ་པ་བཟང་པོ་འདིར། འདྲེན་པ་སྟོང་དུ་སྒྱུར་མཛད་ཅིང༌། དེ་བཞིན་སྣ་ཚོགས་ཚུལ་འཆང་ཞིང༌། དཔག་མེད་འགྲོ་བའི་དོན་མཛད་དོ། ཞེས་པ་ལྟར་གདུལ་བར་བྱ་བའི་སྐྱེ་བོ་སྣ་ཚོགས་པའི་ཁམས་དང༌། དབང་པོ། སྐལ་བ་དང་མཚམས་པར། བཟོ་དང༌། སྐྱེ་བ་དང༌། མཆོག་གི་སྤྲུལ་སྐུའི་རྣམ་རོལ་ཚད་མེད་པ་བསམ་གྱི་མི་ཁྱབ་པར་སྣང་བ་ལས། རེ་ཞིག་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས་ཀྱི་ སྣང་ངོར་ཇི་ལྟར་བྱོན་པའི་ཚུལ་ལ་གྲུབ་མཐའི་བྱེ་བྲག་གིས་བཞེད་པ་མི་མཚུངས་པ་ མང་དུ་སྣང་བ་ལས། དང་པོ་ཉན་ཐོས་ཐེག་པའི་ལུགས་ལྟར་ན། བདག་ཅག་གི་སྟོན་པ་འདི་བསྐལ་པ་གྲང་མེད་གསུམ་འདས་པའི་སྔོན་རོལ་དུ་ཚོགས་ལམ་ གྱིས་བསྡུས་པའི་ཚོགས་བསྐལ་པ་གྲངས་མེད་གསུམ་དུ་བསགས་ཤིང༌། རྒྱལ་བུ་དོན་གྲུབ་སྲིད་པ་ཐ་མ་པའི་སོ་སོའི་སྐྱེ་བོ་འཆིང་བ་ཀུན་ལྡན་ཞིག་གིས་ རྡོ་རྗེ་གདན་དུ་ཚོགས་ལམ་ཆེན་པོའི་རྟེན་དེ་ཉིད་ལ་སྦྱོར་ལམ་མཐོང་ལམ་སྒོམ་ལམ་ མི་སློབ་པ་དང་བཅས་པའི་ལམ་ལྔ་སྟན་ཐོག་གཅིག་ཏུ་བགྲོད་ནས་སངས་རྒྱས་པར་འདོད་དེ། འདུལ་བ་ལུང་ལས། འདྲེན་པ་ཡུལ་འཁོར་སྐྱོང་ནས་ནི། སངས་རྒྱས་རྣམ་གཟིགས་བར་དག་ཏུ། ལྔ་ཁྲི་ལྔ་སྟོང་ཚང་པ་ཡི། སངས་རྒྱས་རྣམས་ནི་ངས་མཆོད་དེ། དེ་ཚེ་ང་ལ་སྐྱོ་སེམས་མེད། སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། དབང་པོའི་རྒྱལ་མཚན་ཐུབ་པའི་བར། དྲུག་ཁྲི་དྲུག་སྟོང་ཚང་པ་ཡི། སངས་རྒྱས་རྣམས་ནི་ངས་མཆོད་དེ། དེ་ཚེ་ང་ལ་སྐྱོ་སེམས་མེད། སངས་རྒྱས་མར་མེ་མཛད་ནས་ནི། རིན་ཆེན་གཙུག་ཏོར་བར་དག་ཏུ། བདུན་ཁྲི་བདུན་སྟོང་ཚང་པ་ཡི། སངས་རྒྱས་རྣམས་ནི་ངས་མཆོད་དེ། དེ་ཚེ་ང་ལ་སྐྱོ་སེམས་མེད། ཅེས་པ་དང༌། མཛོད་ལས། རྣམ་གཟིགས་མར་མེ་གཙུག་ཏོར་ཅན། གྲངས་མེད་གསུམ་གྱི་མཐའ་རུ་བྱུང༌། གོ་རིམ་དེ་ལས་བཟློག་པ་སྟེ། དང་པོ་ཤྭཀྱ་ཐུབ་པ་ཡིན། ཞེས་གྲངས་མེད་དང་པོ་ལ་སངས་རྒྱས་ཤྭཀྱ་ཐུབ་ཆེན་ནས་རིན་ཆེན་གཙུག་ཏོར་ཅན་གྱི་ བར་སངས་རྒྱས་བདུན་ཁྲི་ལྔ་སྟོང་བསྙེན་བཀུར་བ་དང༌། དེ་ནས་མར་མེ་མཛད་ཡན་གྱི་སངས་རྒྱས་བདུན་ཁྲི་དྲུག་སྟོང་བསྙེན་བཀུར་ནས་གཉིས་པ་ དང། དེ་ནས་རྣམ་གཟིགས་ཡན་གྱི་སངས་རྒྱས་བདུན་ཁྲི་བདུན་སྟོང་བསྙེན་བཀུར་ནས་གསུམ་པ་ སྟེ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང༌། དེ་ནས་སངས་རྒྱས་སྐར་རྒྱལ་ལ་ཚིགས་བཅད་གཅིག་གིས་ཞག་བདུན་བར་མ་ཆད་དུ་བསྟོད་པས་ བསྐལ་པ་དགུའི་ཚོགས་འདུམས། དེ་ནས་བསྐལ་པ་འདི་ལ་སངས་རྒྱས་འོད་སྲུང་བསྙེན་བཀུར་བ་ཡན་ལ་བསྐལ་པ་དགུ་བཅུ་ གོ་གཅིག་སྟེ་བསྐལ་ཆེན་བརྒྱར་མཚན་བཟང་གི་རྒྱུ་བསྒྲུབས་ནས་ལྷའི་བུ་དམ་པ་ཏོག་ དཀར་པོར་གྱུར་ཅིང་དགའ་ལྡན་ནས་འཕོ་བ་སོགས་མཛད་པ་བཅུ་གཉིས་སྟོན་པར་བཞེད་ཅིང༌། དེ་འདྲའི་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་དེ་ཉིད་སོ་སོའི་སྐྱེ་བོ་ཡིན་པར་ བཤད་པ་དང༌། དེ་ཉིད་ལས། འཕགས་པ་མིན་ཡང་ཕ་མ་དང༌། ནད་པ་དང་ནི་ཆོས་སྨྲ་དང༌། སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། ཡོན་ནི་གཞལ་དུ་མེད་པར་གསུངས། ཞེས་སོ། ཐེག་ཆེན་ཐུན་མོང་པའི་ལུགས་ལྟར་ན། མདོ་སྡེ་བསྐལ་བཟང་ལས། ང་ནི་སྔོན་ཚེ་དབུལ་པོར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། འཇུམ་གང་དག་གི་དབུལ་བ་བྱས་ནས་ནི། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། ཞེས་རྫ་མཁན་གྱི་བུ་ཁྱེའུ་སྣང་བྱེད་དུ་གྱུར་ཚེ་ཤཱཀྱ་ཐུབ་པ་ཆེན་པོ་ལ་འཇམ་ཐུག་ ཡོལ་གོ་གང་ཕུལ་ནས་སེམས་བསྐྱེད་པ་དང༌། དྲིན་ལན་བསབས་པའི་མདོ་ལས། དམྱལ་བའི་ལྕགས་བསྲེགས་ཀྱི་ས་གཞིར་ཤིང་རྟ་འདྲེན་པའི་གྱད་དུ་གྱུར་ཚེ་ཟླ་བོ་ སྟོབས་ཆུང་བ་ལ་བརྩེ་བ་སྐྱེས་ཏེ་དམྱལ་སྲུང་ཨ་ཝང་ལ་འདི་ལ་སྙིང་རྗེ་ཅུང་ཟད་ སྐྱེད་ཅིག་ཅེས་སྨྲས་པས་དེ་ཤེན་ཏུ་ཁྲོས་ནས་རྩེ་གསུམ་བསྣུན་ཏེ་ཚེའི་དུས་བྱས་ པས་བསྐལ་པ་བརྒྱད་ཀྱི་སྡིག་པ་བྱང་ཞིང་ཐོག་མར་སེམས་བསྐྱེད། དེ་ནས་གྲངས་མེད་གསུམ་དུ་ཚོགས་བསགས་པའི་མཐར་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་ས་ བཅུའི་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དེ་འཛམ་བུ་གླིང་དུ་རྒྱལ་བུ་ དོན་གྲུབ་ཏུ་སྐྱེ་བ་བཞེས་ནས་སངས་རྒྱས་པར་འདོད་དེ། ཡོན་ཏན་ཡོངས་སུ་བཀོད་པའི་མདོ་ལས། ངས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ། བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་བརྩོན་པ་ཆེན་པོས་ཚོགས་བསགས་ཤིང༌། ཚེ་ལོ་བརྒྱ་པའི་ཚེ་སེམས་ཅན་ལོང་བ་འདྲེན་པ་མེད་པ་རྣམས་ལ་གཟིགས་ཏེ་ཛམྦུའི་ གླིང་འདི་ཉིད་དུ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་ བསྐོར་ཏེ། ཞེས་གསུངས་སོ། དེ་ལས་གཞན་ཐེག་ཆེན་ཐུན་མོང་མ་ཡིན་ལྟར་ན། བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཚད་མའི་བདག་ཉིད་དེས་སྔོན་སློབ་པ་ལམ་ གྱི་སྐབས་སུ་གོང་དུ་བཤད་པ་ལྟར་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་སྐྱེ་བ་བཞེས་ཚེ་དེ་ བཞིན་གཤེགས་པ་རིན་ཆེན་སྙིང་པོའི་དྲུང་དུ་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་ཏེ་ སེམས་དང་པོ་བསྐྱེད་པ་དང༌། རྫ་མཁན་གྱི་བུ་ཁྱེའུ་སྣང་བྱེད་དུ་གྱུར་ཚེ་ཐུབ་པ་ཆེན་པོའི་དྲུང་དུ་བྱང་ཆུབ་ མཆོག་ཏུ་ཐུགས་བསྐྱེད་པ་དང༌། ཡང་དམྱལ་བའི་གནས་སུ་ཤིང་རྟ་འདྲེན་པའི་ཚེ་གྲོགས་ལ་ཤིན་ཏུ་བརྩེ་བ་སྐྱེས་ཏེ་ སེམས་བསྐྱེད་པ་སོགས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་དེ་བཞིན་གཤེགས་པ་གངྒའི་ཀླུང་གི་བྱེ་མ་ སྙེད་ལ་བསྙེད་བཀུར་ཏེ་རྫོགས་སྨིན་སྦྱང་པ་མཐའ་རུ་ཕྱིན་ནས་འོག་མིན་སྟུག་པོ་ བཀོད་པའི་ཞིང་དུ་ལྔ་ལྡན་ལོངས་སྐུའི་ངོ་བོར་སངས་རྒྱས། མཐར་སྐུ་དེ་ལས་མ་གཡོས་བཞིན་འཛམ་བུའི་གླིང་འདིར་མཆོག་གི་སྤྲུལ་སྐུའི་ཚུལ་དུ་ ཞིང་འདིར་བྱོན་ཏེ་ཡང་སངས་རྒྱས་པའི་ཚུལ་གྱིས་མཛད་པ་བཅུ་གཉིས་བསྟན་པར་གསུངས་ ཏེ། ཇི་སྐད་དུ། སློབ་དཔོན་ངག་གི་དབང་ཕྱུགས་གྲགས་པའི་ཞལ་ནས། གང་གིས་དཔལ་ལྡན་སྟུག་པོ་བཀོད་པར་དོན་དམ་ཐུགས་ཆུད་ཅིང༌། དགའ་ལྡན་སྐྱེ་བོའི་དོན་མཛད་ཕྱིར་ནི་དམ་པ་ཏོག་དཀར་གྱུར། དེ་ནས་འདིར་ནི་འགྲོ་བའི་དོན་དུ་ཤཱཀྱའི་ཏོག་གྱུར་པ། འཆི་བདག་ལས་རྒྱལ་སྒྱུ་མ་མཐའ་ཡས་སྟོན་དེ་རྒྱལ་གྱུར་ཅིག ། ཞེས་དང༌། ལང་ཀར་གཤེགས་པའི་མདོ་ལས། འདོད་པའི་ཁམས་དང་གཟུགས་མེད་དུ། སངས་རྒྱས་མངོན་པར་འཚང་མི་རྒྱ། གཟིགས་ཀྱི་ཁམས་ཀྱི་འོག་མིན་དུ། འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། ཞེས་དང༌། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཡང་དག་སངས་རྒྱས་བྱང་ཆུབ་ཏུ། འཚང་རྒྱ་འོག་མིན་གནས་མཆོག་ཏུ། སངས་རྒྱས་མ་གྱུར་འདོད་ཁམས་སུ། སངས་རྒྱས་མཛད་པ་མི་མཛད་དེ། དེ་དག་སྟུག་པོའི་ཞིང་གཤེགས་ནས། སངས་རྒྱས་སྤྲུལ་བ་བྱེ་བ་ཡིས། རྟག་ཏུ་རྣལ་འབྱོར་མཉམ་པར་བཞག། སྤྲུལ་པ་དག་དང་ཐབས་གཅིག་རོལ། ཐམས་ཅད་ཞིང་དུ་ཟླ་བ་ལྟར། གང་ལ་གང་གིས་དབང་སྒྱུར་བ། དེ་ལ་དེར་སྟོན་འབྱུང་བ་སྟེ། ཞེས་དང༌། ལང་གཤེགས་ལས། གཙང་མའི་གནས་དག་རྣམ་སྤངས་པའི། འོག་མིན་སྟུག་པོ་ཉམས་དགའ་བར། ཡང་དག་སངས་རྒྱས་དེར་སངས་རྒྱས། སྤྲུལ་བ་པོ་ཞིག་འདིར་འཚང་རྒྱ། ཞེས་དང༌། དཔལ་ལྡན་ཟླ་བས། གང་ཕྱིར་ནམ་མཁའ་དྲི་མ་མེད་ལ་ཟླ་སྣང་གསལ་བར་གྱུར་པའི་ཕྱིར། ཇོན་ཚེ་སྟོབས་བཅུ་བསྐྱེད་པའི་ས་ལ་ཁྱོད་ཀྱིས་སླར་ཡང་འབད་གྱུར་ཅིང༌། འོག་མིན་དུ་ནི་གང་གི་དོན་དུ་འབད་འགྱུར་གོ་འཕང་མཆོག་ཞི་བ། ཡོན་ཏན་མཐར་ཐུག་མཚུངས་པ་མེད་པ་དེ་ནི་ཁྱོད་ཀྱིས་བརྙེས། ཞེས་གསུངས་པ་ལྟར་རོ། །

གཉིས་པ་འཛམ་བུ་གླིང་དུ་མཛད་པ་བཅུ་གཉིས་ཇི་ལྟར་སྟོན་པར་མཛད་པའི་ཚུལ་ནི།

དེ་ཡང་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ན་བྲམ་ཟེ་དང་རྒྱལ་རིགས་ཏེ་རིགས་གཉིས་ལས་ རིགསགཞན་དུ་སྐུ་བལྟམས་མེད་པས། བདག་ཅག་རྣམས་ཀྱི་སྟོན་པ་འདི་ནི་རྒྱལ་རིགས་སུ་སྐུ་འཁྲུངས་པ་ཡིན་པར་གྲགས། དེ་ཡང་ཡབ་རྒྱལ་པོ་ཟས་གཙང་མ་ཡང་འཁོར་ལོས་བསྒྱུར་པའི་རིགས་སུ་སྐྱེས་པ་བསོད་ ནམས་དང་ལྡན་པ། ཀུན་གྱིས་མཆོད་ཅིང་དཔེ་བྱད་བཟང་བ་ནོར་མང་པོ་དང་ལྡན་པའི་ཆོས་ཀྱི་རྒྱལ་པོ་ ཡིན་ལ། དེའི་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ཡང་ཚེ་རབ་ལྔ་བརྒྱར་བྱང་ཆུབ་སེམས་པའི་ཡུམ་ དུ་གྱུར་པ་ཡིན་ཏེ། དེ་ལ་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་བདེ་བར་གཤེགས་ པ་ཐམས་ཅད་མཁྱེན་པ་ཚད་མེད་པའི་ཐུགས་རྗེའི་བདག་ཉིད་ཅན་ནུས་མཐུ་དང་ཕྲིན་ལས་ བསམ་གྱིས་མི་ཁྱབ་པ་མངའ་བ། སྲིད་པ་དང་ཞི་བ་ཀུན་གྱི་སྐྱབས་གནས་གཅིག་པུ་པ། མཉམ་མེད་ཤཱཀྱའི་རྒྱལ་པོ་རྒྱལ་བ་དོན་ཀུན་གྲུབ་པ་འདིས། མཐའ་ཡས་ཤིང་གཏིང་མཐའ་མེད་པའི་འཁོར་བའི་ཆུ་བོ་ཆེན་པོ་འཇིགས་སུ་རུང་བའི་གནས་ སུ་ཉམས་ཉེས་པའི་འགྲོ་བ་ཐོག་མ་མེད་པའི་དུས་ནས་རྟག་ཏུ་རྒྱུ་ཞིང་འཁོར་བའི་ སེམས་ཅན་མ་ལུས་པ་ཤིང་ལུས་པ་མེད་པ་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོས་ཉེ་བར་བཟུང་ སྟེ། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང༌། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྒྱ་མཚོ་ ལྟ་བུ་བསགས་ཏེ། མཐར་བསྐལ་བ་བཟང་པོ་འདི་ལ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་བསྟན་པར་མཛད་དོ། དེའི་ཚུལ་ཡང་མགོན་པོ་བྱམས་པས། ཆོས་ཀྱི་སྐུ་ལས་མ་གཡོས་པར། སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། སྐྱེ་བ་མངོན་པར་སྐྱེ་བ་དང༌། དགའ་ལྡན་གནས་ནས་འཕོ་བ་དང༌། ལྷུམས་སུ་འཇུག་དང་བལྟམས་པ་དང༌། བཟོ་ཡི་གནས་ལ་མཁས་པ་དང༌། བཙུན་མོའི་འཁོར་དགྱེས་རོལ་བ་དང༌། ངེས་འབྱུང་བཀའ་བ་སྤྱད་པ་དང༌། བྱང་ཆུབ་སྙིང་པོར་གཤེགས་པ་དང༌། བདུད་སྡེ་འཇོམས་དང་རྫོགས་པར་ནི། བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། མྱ་ངན་འདས་པར་གཤེགས་མཛད་རྣམས། ཡོངས་སུ་མ་དག་ཞིང་རྣམས་སུ། སྲིད་པ་ཇི་སྲིད་གནས་པར་སྟོན། ཞེས་གསུངས་པ་བཞིན།

དང་པོ་དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ་ནི། སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཐབས་མཁས་ལ་ཐུགས་རྗེ་དཔག་ཏུ་མེད་པའི་བདག་ཉིད་ཅན་ འདི་དགའ་ལྡན་གྱི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོར་སྐྱེ་བ་བཞེས་ཏེ། ལྷའི་འཁོར་དཔག་ཏུ་མེད་པ་ལ་ཆོས་སྟོན་ཅིང་བཞུགས་པ་ལ། འཛམ་བུ་གླིང་པ་རྣམས་གདུལ་པའི་དུས་ལ་བབ་པར་མཁྱེན་ནས་གཟིགས་པ་རྣམ་པ་ལྔ་ལ་ གཟིགས་སོ། གཟིགས་པ་ལྔ་ནི།  དུས་ལ་གཟིགས་པ། ཡུལ་ལ་གཟིགས་པ། རིགས་ལ་གཟིགས་པ། རུས་ལ་གཟིགས་པ། མགོན་པོ་གང་གིས་ཡུམ་བྱེད་པར་ནུས་པའི་བུད་མེད་ལ་གཟིགས་པ་དང་ལྔའོ། དེ་ཡང་རྒྱ་ཆེ་རོལ་པ་ལས། བྱང་ཆུབ་སེམས་དཔའ་ཤར་ལུས་འཕགས་པོར་མི་སྐྱེ། ནུབ་བ་གླང་སྤྱོད་དུ་མི་སྐྱེ། བྱང་སྒྲ་མི་སྙན་དུ་མི་སྐྱེ། ལྷོ་འཛམ་བུ་གླིང་ཁོ་ནར་སྐྱེ། ཞེས་གསུངས་པ་དང༌། གཞན་ཡང་འཛམ་བུ་གླིང་པ་རྣམས་ཆོས་ཉན་ཕྱིར་དགའ་ལྡན་དུ་འགྲོ་མི་ནུས་ལ། ལྷ་རྣམས་ཀྱིས་དེར་འབབ་པར་ནུས་སོ་སྙམ་དུ་དགོངས་ནས་འཛམ་བུ་གླིང་ལ་གཟིགས་སོ། ཞེས་འབྱུང་ངོ༌། དེ་བཞིན་དུ་རིགས་མང་པོས་བཀུར་བའི་རྒྱལ་རྒྱུན་དང༌། དུས་མཐའ་གཉིས་དང་བྲལ་བ་དང༌། བུད་མེད་ཚེ་རབས་མང་པོར་སངས་རྒྱས་ཀྱི་ཡུམ་དུ་སྨོན་ལམ་ཐེབས་པ་སྒྱུ་འཕྲུལ་ལྷ་མོ་དང༌། རུས་སམ་རྒྱུད་ཤཱཀྱའི་རིགས་བདུན་རྒྱུད་ཚུན་ལ་སྐྱོན་མེད་པ་རྣམས་ལ་གཟིགས་ནས། དེའི་ཚེ་བྱང་ཆུབ་སེམས་དཔས། ང་ནི་དགའ་ལྡན་གྱི་ལྷའི་རིགས་འདི་ནས་འཕོས་ཏེ། རྒྱལ་པོ་ཟས་གཙང་གི་བུར་གྱུར་ནས་བདུད་རྩི་རྟོགས་པར་བྱའོ། ཞེས་བསྒྲགས་ནས། རང་ཉིད་ཀྱི་ཅོད་པན་མ་ཕམ་པའི་དབུར་བསྐོན་ཏེ་རྒྱལ་ཚབ་ཏུ་དབང་བསྐུར་ཏོ། དེ་ནས་དུས་ལ་བབས་པ་ན་གཤེགས་པའི་ཚུལ་ཡང༌། ལྷ་རྣམས་ཀྱིས་རང་རང་གི་འདོད་ཚུལ་སྣ་ཚོགས་ཤིག་གསོལ་ཡང༌། བྲམ་ཟེའི་རིག་བྱེད་ལས། གླང་པོ་དམ་པ་ལུས་ཆེན་མཆོག་གྱུར་པ། མཆེ་བ་དྲུག་ལྡན་གསེར་གྱི་དྲྭ་བས་གཡོགས། མགོ་བོ་རབ་དུ་དམར་ཞིང་ཤིན་ཏུ་མཛེས། འགྲམ་བཟང་བྲག་ཅིང་གཟུགས་བཟང་ལྡན་པའོ། ཞེས་འབྱུང་ངོ་ཞེས་ལྷའི་བུ་གཟི་བརྗིད་དམ་པ་ཕྱིར་མི་ལྡོག་པས་གསོལ་བ་ལྟར་སྤྲུལ་ཏེ་གཤེགས་སོ།

གཉིས་པ་ལྷུམས་སུ་ཞུགས་པའི་མཛད་པ་ནི།

དེ་ ནས་ས་ག་ཟླ་བའི་ཚེས་བཅོ་ལྔ་རྒྱུ་སྐར་རྒྱལ་ལ་བབས་པ་ན། ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཡང་བསྙེན་གནས་ཀྱི་སྡོམ་པ་ཡང་དག་པ་བླངས་ཤིང་གནས་པ་ ལ། བྱང་ཆུབ་སེམས་དཔའ་ཡང་ནམ་གྱི་གུང་ལ་གླང་པོའི་ཕྲུ་གུ་དམ་པ་ཁ་བ་དང་དངུལ་དང་ཀུ་ མུ་དཱ་ལྟར་དཀར་བའི་རྣམ་པས་ཡུམ་གྱི་གློ་གཡས་པ་ནས་ལྷུམས་སུ་ཞུགས་སོ། དེའི་ཚེ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་ཤིང་འཇིག་རྟེན་གྱི་ཁམས་ཐམས་ཅད་ འོད་ཀྱི་སྣང་བས་ཁྱབ་ཅིང༌། སྒྱུ་འཕྲུལ་ལྷ་མོའི་རྨི་ལམ་དུའང་གླང་པོ་ཆེ་མཆོག་གཅིག་ཡུམ་ཉིད་ཀྱི་གློ་གཡས་ པའི་ཕྱོགས་ནས་ཞུགས་པར་རྨིས་སོ། དུས་དེ་ནས་བཟུང་ཇི་སྲིད་འཚོ་བའི་བར་དུ་ཡུམ་ཉིད་བསླབ་པའི་གནས་ལྔ་ལ་གནས་ཤིང་ འདོད་པ་ལ་ཡིད་གཏོད་པ་མེད་དོ། བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ན་བཞུགས་པའི་མཐུས། རྒྱ་པོ་ཟས་གཙང་མ་ཡང་གསོ་སྦྱོང་ལ་གནས་ཤིང༌། རྒྱལ་པོའི་བྱ་བ་བཏང་ནས། ཆོས་ལ་རྟག་ཏུ་སྤྱོད་དོ། རྒྱལ་སྲིད་ཀྱང་བདེ་ཞིང་ལོ་ལེགས། འཁྲུག་པ་དང་དགྲ་མེད་པར་ཐམས་ཅད་དགའ་སྤྲོ་དང་ལྡན་པར་གྱུར་ཏོ།

གསུམ་པ་སྐུ་བལྟམས་པའི་མཛད་པ་ནི།

དེ་ ལྟར་ཡུམ་གྱི་ལྷུམས་སུ་ཟླ་བ་བཅུ་རྫོགས་ནས་ལྷ་མོས་བྱང་ཆུབ་སེམས་དཔའ་བཙའ་བའི་ དུས་ལ་བབས་པར་མངོན་པར་རིགས་ནས་རྒྱལ་པོ་ལ་དེའི་རྒྱུ་མཚན་གསོལ་པས། རྒྱལ་པོས་ཀྱང་ཡུམ་གྱི་བསམ་པ་བཞིན་དུ་ལུམྦི་ནིའི་ཚལ་གྱི་ཁོར་ཡུག་ཐམས་ཅད་ཡིད་ དུ་འོང་བའི་རྒྱན་དུ་མས་བརྒྱན་པར་བྱས་ཏེ། རིན་པོ་ཆེ་བརྒྱ་ཕྲག་དུ་མའི་ཕྲེང་བ་དང་ལྷའི་གོས་རིན་ཐང་བྲལ་བ་མང་པོས་ཀུན་ནས་ མཛེས་པར་བྱས་པའི་ཤིང་རྟ་ལ་ལྷ་མོ་སྒྱུ་འཕྲུལ་མ་ཞུགས་ཏེ་ལུམྦི་ནིའི་ཚལ་ག་ལ་བ་ དེར་གཤེགས་སོ། དེའི་ཚེ་འཇིག་རྟེན་སྐྱོང་བ་བཞི་དང༌། ཚངས་པ་དང༌། དབང་པོ་སོགས་ཀྱང་ཕྱི་བཞིན་དུ་འབྲངས་ནས་མཆོད་ཅིང༌། ཤཱཀྱའི་བུ་མོ་སྟོང་ཕྲག་དྲུག་ཁྲི་དང༌། ཤཱཀྱའི་དཔུངས་ཚོགས་ཡན་ལག་བཞི་དང་བཅས་པས་ཡོངས་སུ་བསྐོར་ཞིང༌། ལྷ་ཀླུ་མིའི་གླུ་དབྱངས་དང་རོལ་མོའི་ཚོགས་ཀྱིས་མཆོད་པར་བྱེད་དོ། ནགས་ཚལ་དམ་པ་དེ་ན་སྔོན་གྱི་རྒྱལ་བ་རྣམས་ཀྱི་ཡུམ་གྱིས་ཀྱང་བསྟེན་པའི་ཤིང་སླ་ ཀྵ་ཞེས་བྱ་བ། ལོ་མ་དང༌། མེ་ཏོག་དང༌། འབྲས་བུས་བརྒྱན་པ་ཞིག་གཟིགས་ནས། དེའི་ཡལ་ག་ལ་ཡུམ་གྱིས་ཕྱག་གཡས་པས་བཟུང་སྟེ་ཅུང་ཟད་བཞུགས་པ་ན་གློ་གཡས་ནས་ ཁྱེའུ་བྱང་ཆུབ་སེམས་དཔའ་དེ་ནི་འོད་དང་ཟེར་གྱི་ཕུང་པོ་རབ་ཏུ་དཀྲིགས་པའི་སྣང་ བ་ཆེན་པོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མུ་མཐའ་ཐུགས་པ་མེད་པ་ཐམས་ཅད་ཀྱང་ རྒྱས་པར་འགེངས་པ་དང་བཅས་ཏེ། རྨི་ལམ་གྱི་ལྷ་མོའི་ཡ་མཚན་ཉམས་སུ་མྱོང་བ་བཞིན་དུ་ཡུམ་ལ་གནོད་པ་མེད་པར་ བལྟམས་སོ། དེའི་ཚེ་བལྟམས་པའི་མོད་དེ་ལ་ལྷ་ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་གཉིས་ཀྱིས་ ཀཱ་ཤི་ཀའི་རས་མཆོག་དྲི་མ་མེད་པའི་སླེབ་མོས་བླངས་ཀྱང་བཟུང་མ་ཐུབས་སོ། དེ་ནས་ས་ལ་བབ་མ་ཐག་ཏུ་སའི་ལྷ་མོས་པདྨ་ཤིན་ཏུ་རྒྱས་པ་གདན་དུ་ཕུལ་ལོ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་གཉིས་ཀྱིས་ནམ་མཁའ་ནས་བསིལ་བ་དང་དྲོ་བའི་ ཆུ་རྒྱུན་གྱིས་ཁྲུས་བྱེད་དོ། དེ་ལྟར་བལྟམས་མ་ཐག་ཏུ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་སོ། འོད་ཀྱི་སྣང་བ་ཆེན་པོས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་གྱུར་ཏེ། དེ་ནས་བྱང་ཆུབ་སེམས་དཔས་དེ་མ་ཐག་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བར་མཛད་དེ། འདི་སྐད་ཅེས། འདི་ནི་ཤར་ཕྱོགས་ཡིན་ཏེ་མྱ་ངན་ལས་འདས་པའི་ཐོག་མར་འགྲོ་བར་བྱའོ། འདི་ནི་ལྷོ་ཕྱོགས་ཡིན་ཏེ་འགྲོ་བ་ཐམས་ཅད་ཀྱི་ཡོན་གནས་སུ་འགྱུར་བར་བྱའོ། འདི་ནི་ནུབ་ཕྱོགས་ཡིན་ཏེ་ངའི་སྐྱེ་བའི་ཐ་མ་ཡིན་ནོ། འདི་ནི་བྱང་ཕྱོགས་ཡིན་ཏེ་སྲིད་པའི་མཚོ་ལས་བརྒལ་བར་བྱའོ། ཞེས་གསུངས་སོ། གང་གིཉིན་བྱང་ཆུབ་སེམས་དཔའ་བལྟམས་པ་དེའི་ཉིན་ལ། ཡུལ་ཆེན་པོ་བཞིར་རྒྱལ་པོ་བཞིའི་བུ་ཡང་བཙས་ཏེ། ཡུལ་རྒྱལ་པོའི་ཁབ་ཏུ་གཟུགས་ཅན་སྙིང་པོ། གཉན་ཡོད་དུ་གསལ་རྒྱལ། ཀཽ་ཤམྦིར་ཤར་པ། འཕགས་རྒྱལ་དུ་རབ་སྣང་རྣམས་བཙས་པས་འོད་དང་ཆོ་འཕྲུལ་རྣམས་ཀྱང་དེ་དང་དེ་དག་གི་ མཐུར་སེམས་པར་བྱེད་དོ། བཟང་ལྡན་ལ་སོགས་པའི་ཤཱཀྱའི་བུ་ལྔ་བརྒྱ་དང༌། གྲགས་འཛིན་མ་ལ་སོགས་པའི་ཤཱཀྱའི་བུ་མོ་ལྔ་བརྒྱ་དང༌། འདུན་པ་ལ་སོགས་པའི་བྲན་ལྔ་བརྒྱ་དང༌། བྲན་མོ་འདུན་མ་ལ་སོགས་པའི་བྲན་མོ་ལྔ་བརྒྱ་རྣམས་བཙས་ཤིང་གླང་མོ་ལྔ་བརྒྱ་ཡང་ ཕྲུ་གུ་འབྲངས། རྟ་རྒོད་མ་ལྔ་བརྒྱ་ཡང་རྟེའུ་འབྲངས། གཏེར་ལྔ་བརྒྱ་ཡང་ཁ་ཕྱེ། ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཀྱང་དཔྱ་ཕུལ་ལོ། དེ་ནས་གཞོན་ནུར་མིང་བཏགས་པ་ན་རྒྱལ་པོ་ཟས་གཙང་མས་གཞོན་ནུ་བཙས་པ་ན་དོན་ཐམས་ ཅད་གྲུབ་པར་གྱུར་པས། གཞོན་ནུའི་མཚན་ཡང་དོན་ཐམས་ཅད་གྲུབ་བཏགས་སོ། ཤཱཀྱ་རྣམས་ཀྱིས་རིགས་ཀྱི་ལྷ་གནོད་སྦྱིན་ཤཱཀྱ་འཕེལ་མཆོད་པའི་སར་བྱོན་པས་ གནོད་སྦྱིན་ཤཱཀྱ་འཕེལ་གྱིས་གཞོན་ནུའི་ཞབས་ལ་ཕྱག་བྱས་པས་ལྷའི་ལྷར་བཏགས་སོ། ཤཱཀྱ་བཏུམ་པ་རྩུབ་པ་གཟུ་ལུམ་ཅན་ཅ་ཅོ་ཆེན་པོ་དག་ཀྱང་བྱང་ཆུབ་སེམས་དཔའི་ སྤྱོད་ལམ་དུལ་ཞིང་ཞི་བ་བརྟུལ་ཞུགས་ལ་བྱང་བའི་ཐུབ་པ་བཞིན་དུ་གནས་པར་གྱུར་པས་ ཤཱཀྱ་ཐུབ་པར་བཏགས་སོ། དེ་ནས་གཞོན་ནུ་སྐྱེ་དགུའི་བདག་མོ་གཽ་ཏ་མ་སོགས་མ་མ་སུམ་ཅུ་རྩ་གཉིས་དང་བཅས་ པས་རིམ་གྲོར་བྱེད་ཅིང་སྐྱེད་བསྲིངས་སོ། དེའི་ཚེ་གངས་རིའི་ངོས་ནས་དྲང་སྲོང་ནག་པོ་ཞེས་བྱ་བ་མངོན་པར་ཤེས་པ་ལྔ་དང་ལྡན་ པ་ཞིག་རང་གི་སྣག་གི་ཚ་བོ་མེས་བྱིན་དང་ལྷན་ཅིག་བྱང་ཆུབ་སེམས་དཔའ་བལྟ་བའི་ ཕྱིར་རྫུ་འཕྲུལ་གྱིས་ནམ་མཁའི་ལམ་ལས་འཕུར་ནས་འོད་ཀྱང་སེར་སྐྱ་དང་ཉེ་བ་ན་བྱང་ ཆུབ་སེམས་དཔའི་མཐུས་རྫུ་འཕྲུལ་ཉམས་ཏེ་རྐང་ཐང་གིས་འགྲོད་པས་ཕོ་བྲང་དུ་ཕྱིན་ ཏེ་གཞོན་ནུ་བལྟ་བར་གསོལ་པས། དེའི་ཚེ་གཞོན་ནུ་མནལ་བས་དེ་ཉིད་ལ་དྲང་སྲོང་གིས་བལྟས་ཏེ། རིགས་དང་ལྡན་པའི་རྟ་རྣམས་ནི། མཚན་མོའི་བཞི་ཆ་ཉལ་བ་ལྟར། དགོས་པ་དོན་གཉེར་རྣམས་ཀྱི་གཉིད། མིག་ལ་ཡུན་རིང་གནས་མི་འགྱུར། ཅེས་ཏེ། སྐྱེས་བུ་ཆེན་པོར་མཆོག་ཏུ་རིགས་པར་བྱས་ཤིང་ལེགས་པར་བརྟགས་ནས་སྔོན་ཆད་མཚན་ མཁན་རྣམས་ཀྱིས་གཞོན་ནུ་ཇི་ལྟར་ལུང་བསྟན་ཅེས་དྲིས་པ་ན། འདི་ནི་གཉིས་སུ་འགྱུར་གྱིས་གཞན་དུ་མི་འགྱུར་རོ། གལ་ཏེ་ཁྱིམ་ལ་གནས་ན་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང༌། རབ་ཏུ་བྱུང་ན་རྫོགས་པའི་སངས་རྒྱས་སུ་འགྱུར་བ་སོགས་རྒྱས་པར་བཤད་པས། དྲང་སྲོང་ན་རེ། ས་བདག་རྟོགས་པ་པོ་རྣམས་བློ་འཁྲུལ་ཏེ། རྩོད་པའི་དུས་ན་འཁོར་ལོས་སྒྱུར་མི་འབྱུང༌། བསོད་ནམས་མཆོག་གི་ཆོས་ཀྱི་མཛོད་འདི་ནི། ཉེས་ལས་རྣམ་པར་རྒྱལ་ནས་སངས་རྒྱས་འགྱུར། ཞེས་ལུང་བསྟན་ཏོ།     

བཞི་བ་བཟོའི་གནས་ལ་སྦྱངསས་པ་ནི།

དེ་ ནས་གཞོན་ནུ་དེ་ཅུང་ཟད་ཆེར་སྐྱེས་ཏེ་ནར་སོན་པ་ན་འཇིག་རྟེན་དང་མཐུན་པར་བསྟན་ པའི་ཕྱིར་བྱང་ཆུབ་སེམས་དཔའ་འཁོར་ཤཱཀྱ་གཞོན་ནུ་ལྔ་བརྒྱ་དང་ལྷན་ཏུ། སློབ་དཔོན་ཀུན་གྱི་བཤེས་གཉེན་ལས་ཡི་གེ་དང༌། སྲིད་སྒྲུབ་ལས་རྩིས་སོགས་སྦྱངས་ཏེ། དེའི་ཚེ་ཡི་གེ་དང་རྩིས་ཀྱི་གནས་བསྟན་པ་ཐམས་ཅད་བྱང་ཆུབ་སེམས་དཔས་སྔར་ནས་ མཁྱེན་ཟིན་ཅིང༌། དེས་ཆ་ཙམ་ཡང་མི་རིག་པའི་ཡི་གེ་དང་རྩིས་ཀྱི་གནས་དཔག་ཏུ་མེད་པ་བྱང་ཆུབ་སེམས་ དཔས་གསུངས་ནས་ཐམས་ཅད་ངོ་མཚར་བའི་གནས་ལ་འཀོད་དོ། དེའི་ཚེ་སློབ་དཔོན་གྱིས། སེམས་ཅན་དག་པ་ངོ་མཚར་ཆེ། བསྟན་བཅོས་ཀུན་ལ་བསླབས་གྱུར་ཀྱང༌། འཇིག་རྟེན་འཇིག་རྟེན་རྗེས་བསྙེག་ཕྱིར། ཡི་གེའི་གྲར་ནི་བྱོན་པར་གྱུར། ཞེས་སོགས་ཀྱིས་བསྟོད་དོ། དེ་བཞིན་དུ་ཉིད་ཀྱི་ཞང་པོ་བཟང་ལེན་ལ། གླང་པོ་ཆེའི་གཉར་ཞོན་པ་སོགས་དང༌། ཉིད་ཀྱི་ཞང་པོ་ལྷར་བཅས་ལ་འཕོང་དང་མཚོན་ཆའི་འཕྲུལ་འཁོར་རྣམས་སློབ་པའི་ཚུལ་ མཛད་དེ། བྱང་ཆུབ་སེམས་དཔས་ནི་སློབ་དཔོན་གྱིས་བསྟན་པ་ལ་མ་ལྟོས་པར་རང་མཁྱེན་པ་ཡིན་ལ། ཤཱཀྱ་གཞོན་ནུ་ལྔ་བརྒྱ་རྣམས་ཀྱིས་ནི་བསླབས་ཤིང་བྱང་བར་གྱུར་ཏོ། བྱང་ཆུབ་སེམས་དཔས་ནི་འཕོང་གི་ཐབས་གཞན་མང་པོ་ཡང་བསྟན་ནོ། དེ་ལ་གནས་ལྔ་ནི། རྒྱང་ནས་འཕོག་པ་དང༌། སྒྲ་གྲགས་པར་འཕོག་པ་དང༌། གནད་དུ་འཕོག་པ་དང༌། མི་འཆོར་བར་འཕོག་པ་དང༌། ཚབས་ཆེ་བར་འཕོག་པའོ། འོན་ཀྱང་ལྷ་སྦྱིན་གདུག་སེམས་དང་ལྡན་པས་གནད་དུ་འཕོག་པ་མ་བསྟན་ཟེར་རོ། དེ་ནས་གཞོན་ནུའི་ཚོགས་མང་པོ་དང་ཐབས་ཅིག་ཏུ་ཞིང་པའི་གྲོང་དུ་ལྟ་ཞིང་དོངས་ཏེ། མཐར་གྱིས་བྱང་ཆུབ་སེམས་དཔའ་གཅིག་པུ་ཛམྦུའི་ཤིང་གི་གྲིབ་མ་ལ་བཞུགས་པ་ན་ཤིང་ གི་གྲིབ་མས་མ་སྤངས་པར་བཞུགས་པ་དྲང་སྲོང་རྫུ་འཕྲུལ་ཐོབ་པ་ལྔ་ནམ་མཁའ་ནས་འོངས་ པས་མཐོང་ནས་ཞབས་ལ་ཕྱག་བྱས་སོ།

ལྔ་བ་བཙུན་མོའི་འཁོར་དུ་དགྱེས་པར་རོལ་པ་ནི།

དེའི་ ཚེ་ཤཱཀྱ་རྣམས་ཀྱིས་གཞོན་ནུ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་གདུང་མི་འཆད་པའི་ ཕྱིར་ཁབ་མཛད་པར་གསོལ་བ་ན། བྱང་ཆུབ་སེམས་དཔའ་འདོད་པའི་ཉེས་པ་མཐའ་ཡས་པ་ཇི་བཞིན་དུ་གཟིགས་ཤིང་མཁྱེན་ ཀྱང༌། རེ་ཞིག་རྣམ་པར་བརྟགས་ནས་ཐབས་ལ་མཁས་པ་མངོན་དུ་བྱ་བའི་ཕྱིར་བུད་མེད་ཀྱི་ སྐྱོན་ལྔ་དང་བྲལ་བའི་བཙུན་མོ་དམ་པ་ཁབ་ཏུ་བཞེས་པ་གནང་གི་དེའི་ཕྱིར། ཐོག་མར་སྒྱུ་རྩ་འགྲན་པ་བསྐུལ་བ་ན། སྒྱུ་རྩལ་འགྲན་པའི་ཕྱིར་གཞོན་ནུ་ལྷས་བྱིན་སྒོ་ནས་བྱུང་སྟེ། གླང་པོའི་མཆོག་ཅིག་སྒོ་ན་ཡོད་པ་ཐལ་མོས་བསྣུན་ཏེ་བསད་དོ། གཞོན་ནུ་མཛེས་དགའ་པོས་གླང་པོའི་རོ་དེའི་མཇུག་མ་ནས་བཟུང་སྟེ་གྲོང་ཁྱེར་སྒོ་ ནས་ཕྱི་རོལ་དུ་འཕངས་སོ། དེར་བྱང་ཆུབ་སེམས་དཔའ་ཤིང་རྟ་ལ་བཞུགས་བཞིན་པའི་ཞབས་ཀྱི་མཐེ་བོས་བླངས་ཏེ་ར་ བ་རིམ་པ་བདུན་དང་འོབས་རིམ་པ་བདུན་བརྒལ་བའི་ཕྱི་རོལ་རྒྱང་གྲགས་གཅིག་ཏུ་འཕངས་ པས་ས་ཕྱོགས་དེ་ན་གཤོང་ཆེན་པོ་ཞིག་བྱུང་སྟེ་གླང་པོའི་གཤོང་ཞེས་བྱ་བར་གྲགས་ སོ། དེ་ནས་ཤཱཀྱ་གཞོན་ནུ་དེ་དག་གིས་སྒྱུ་རྩལ་སྟོན་པའི་ས་ཕྱོགས་དེར་གཤེགས་ཏེ། ཏཱ་ལའི་ལྗོན་པ་དང༌། ལྕགས་ཀྱི་ཕག་གུ་དང༌། སླ་ང་རྣམས་བདུན་བདུན་དུ་བརྩིགས་པ་ལ། མདའི་གཅོད་ཚབས་འགྲན་པ་ལ་ཞུགས་པ་ན། ལྷས་བྱིན་གྱིས་གཅིག གཅུང་དགའ་བོས་གཉིས། བྱང་ཆུབ་སེམས་དཔས་ཐམས་ཅད་ལས་འདས་ཏེ་མདའ་ས་ལ་ཟུག་པ་ནས་ཆུ་བྱུང་བར་མདའ་ཆུ་ ཁྲོན་པར་གྲགས་སོ། གཞན་ཡང་ཡི་གེ་དང༌། རྩིས་དང༌། མཆོངས་པ་དང༌། རྐྱལ་དང༌། བང་དང༌། སྟོབས་འགྱེད་པ་ལ་སོགས་པ་སྒྱུ་རྩལ་འགྲན་པ་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་ནི་ འགྲན་ཟླ་མེད་པར་གྱུར་ཏེ་ལྷ་དང་མི་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པ་བརྗོད་པའི་ ག་ཞ་མང་པོ་སྒྲོགས་པ་རྣམ་པར་འཕེལ་ལོ།

སྐྱེས་ བུ་དམ་པ་དེ་ནི་འདོད་ཆགས་དང་བྲལ་ཞིང་བུད་མེད་ལ་མི་སེམས་མོད་ཀྱི། འོན་ཀྱང་ལོག་རྟོག་ཀྱི་ཁ་ན་མ་ཐོ་བ་སྤངས་པ་དང༌། སྔོན་གྱི་སངས་རྒྱས་རྣམས་དང་མཛད་པ་མཐུན་པའི་ཕྱིར་དང༌། སེམས་ཅན་སྨིན་པར་བྱ་བའི་ཕྱིར་བཙུན་མོ་དམ་པ་བཞེས་པར་བཞེད་དེ། དེ་ཡང་བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་ཞིང༌། ཡོན་ཏན་བརྒྱད་དང་ལྡན་པའི་བཙུན་མོའི་མཆོག་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་གྲགས་ འཛིན་མ་དང༌། དྲིལ་བུ་སྒྲའི་བུ་མོ་ས་མཚོ་མ་དང་སྦེད་མའང་ཟེར། དུས་ལེགས་ཀྱི་བུ་མོ་རི་དྭགས་སྐྱེས་རྣམས་འཁོར་མི་ཉིས་ཁྲི་ཉིས་ཁྲི་དང་བཅས་ཁབ་ ཏུ་བཞེས་ཤིང༌། བཙུན་མོའི་འཁོར་བརྒྱད་ཁྲི་བཞི་སྟོང་དང་ཡང་ཐབས་ཅིག་ཏུ་བཞུགས་ཏེ་འདོད་པའི་ ཡོན་ཏན་རྣམས་ལ་སྒྱུ་མ་ལྟ་བུར་གཟིགས་ཀྱང་དགའ་ཞིང་བརྩེ་བའི་རྣམ་པས་བཙུན་མོའི་ འཁོར་རྣམས་ལ་སྔོན་གྱི་རྒྱལ་བ་རྣམས་ཀྱིས་བཙུན་མོའི་འཁོར་སྨིན་པར་མཛད་པའི་ ཚུལ་གྱི་ཆོས་སྒོ་མཐའ་ཡས་པ་གསུངས་ནས་སྨིན་པར་མཛད་ནས་སེམས་ཅན་གྱི་དོན་མཛད་དོ།

དྲུག་པ་ཁབ་ནས་མངོན་པར་བྱུང་བ་ནི།

དེའི་ ཚེ་སིལ་སྙན་ངག་ལས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས། སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི། འགྲོ་བའི་མགོན་དང་སྐྱབས་དང་གནས་འགྱུར་ཞིང༌། ཕན་བྱེད་མཆོག་དང་དཔུང་གཉེན་གྱུར་ཅིག་ཅེས། ཁྱོད་ཀྱིས་སྔོན་ནི་སྨོན་ལམ་དེ་སྐད་བཏབ། དགེ་བ་དཔའ་བོ་སྔོན་གྱི་སྤྱོད་པ་དང༌། འགྲོ་ཕན་བྱ་ཞེས་སྨོན་བཏབ་དྲན་པར་བྱོས། འདི་ནི་ཁྱོད་ཀྱི་དུས་ཡིན་ཚོད་ཡོད་གྱི། དྲང་སྲོང་མཆོག་རབ་མངོན་པར་བྱུང་བར་བྱོས། ཞེས་བྱ་བ་ལ་སོགས་པའི་བསྐུལ་བའི་ཚིག་བརྒྱ་སྟོང་བྱུང་སྟེ་བྱང་ཆུབ་སེམས་དཔའ་ མངོན་པར་བྱུང་བ་ལ་ཐུགས་རྩེ་གཅིག་ཏུ་ཕྱོགས་པར་གྱུར་ཏོ། དེ་ནས་གཞོན་ནུ་ཕྱི་རོལ་གྱི་སྐྱེད་མོས་ཚལ་གཟིགས་པའི་ཕྱིར་གཤེགས་པས། གྲོང་ཁྱེར་ཕྱི་སྒོ་བཞི་ན། ལྷས་སྤྲུལ་པའི། རྒས་པ་དང༌། ནད་པ་དང༌། ཤི་བར་གྱུར་པའི་རོ་དང༌། རབ་ཏུ་བྱུང་བའི་གཟུགས་རྣམས་རིམ་པ་བཞིན་དུ་གཟིགས་པས་ཐུགས་སྐྱོ་སྟེ། རྒ་དང་ན་དང་འཆི་འགྱུར་བ། གལ་ཏེ་འདི་གསུམ་ཡོད་མིན་ན། བདག་ཀྱང་ཤིན་ཏུ་ཡིད་འོང་བའི། ཡུལ་རྣམས་ལ་ནི་དགའ་པར་བྱེད། ཅེས་སོགས་གསུངས་ནས་སླར་གྲོང་ཁྱེར་དུ་བཞུགས་སོ། དེའི་ཚེ་ཟས་གཙང་གིས་གཞོན་ནུ་རབ་ཏུ་བྱུང་བར་འགྱུར་གྱིས་དོགས་ནས་གྲོང་ཁྱེར་ གྱི་ཁོ་ར་ཁོ་ཡུག་ཐམས་ཅད་དུ་མེལ་ཚེ་བས་བསྲུང་བ་ལ་བརྩོན་པར་བྱེད་དེ།

དེ་ནས་བྱང་ཆུབ་སེམས་དཔས་ཡབ་ལ་རབ་ཏུ་བྱུང་བའི་ཚུལ་གསོལ་པས་ཡབ་ཀྱིས་རྣམ་པ་དུ་མས་ལན་གསུམ་བཤོལ་ཡང་བཟློག་པར་མ་སྤོབས་ཏེ། མཐར་ཁྱོད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་གནང་ངོ༌། དེ་ནས་བྱང་ཆུབ་སེམས་དཔའ་བཙུན་མོའི་འཁོར་རྣམས་གཉིད་དུ་སོང་བས་ཀྱང་མི་སྡུག་པའི་རྣམ་པར་གཟིགས་པས་ཐུགས་མངོན་པར་སྐྱོ་ཞིང༌། འདུན་པ་ཉལ་བ་གཉིད་ལས་བསླངས་ནས། ང་ཡི་བཀྲ་ཤིས་འདི་ནི་དོན་ཀུན་གྲུབ། དོ་ནུབ་གདོད་མི་ཟ་བར་དོན་གྲུབ་ཀྱིས། འདུན་པ་ཕྱི་བཤོལ་མ་བྱེད་ལ་འུར་དུ། རྟ་རྒྱལ་རྒྱན་གྱིས་བརྒྱན་པའང་ང་ལ་བྱིན། ཞེས་གསུངས་པས་དེས་ཀྱང་རྟ་རྒྱལ་དམ་པ་བསྔགས་ལྡན་ཞེས་བྱ་བ་རྒྱན་གྱིས་བརྒྱན་ཏེ་ཕུལ་ལོ། དེ་ནས་ཆིབས་ཀྱི་སྟེང་ན་ལྷའི་ཚོགས་མང་པོ་དང་རྒྱལ་པོ་ཆེན་པོ་བཞིའི་སྲིད་ཞུ་དང་བཅས་ནམ་མཁའི་དབྱིངས་ནས་གཤེགས་སོ། དེའི་ཚེ་གླང་པོ་ཆེའི་ལྟ་སྟངས་ཀྱིས་སེར་སྐྱའི་གྲོང་ལ་ཕྱིར་གཟིགས་ཏེ། སངས་རྒྱས་རྣམས་ཀྱིས་བསྟན་པ་ཡི། ལམ་གྱི་མཆོག་ནི་མ་ཐོབ་པར། གྲོང་ཁྱེར་སེར་སྐྱའི་གཞིར་ནི་སླར། ང་ནི་འཇུག་པར་མི་བྱའོ། ཞེས་གསུངས་སོ། དེ་ལྟར་མངོན་པར་བྱུང་ནས། མེ་ནེ་ཡའི་ཡུལ་གྱི་གྲོང་བརྡལ་རྗེས་སུ་དཔག་པ་ཞེས་བྱ་བ་ནས། དཔག་ཚད་དྲུག་ཏུ་ཕྱིན་པ་ན་ནམ་ལངས་ཏེ། ཡུལ་དེ་དང་ཤཱཀྱའི་ཡུལ་གྱི་བར་ཡང་དཔག་ཚད་དྲུག་ཡོད་དེ། དྲིལ་བས་དཔག་ཚད་བཅུ་གཉིས་ཀྱི་ཕ་རོལ་དུ་བྱོན་ནོ། དེ་ནས་རྟ་ལས་བབས་ནས་འདུན་པ་ཕྱིར་བཏང་ནས། མཆོད་རྟེན་རྣམ་དག་གི་དྲུང་དུ་རལ་གྲི་ཨུཏྤ་ལ་མཐིང་ག་འདྲ་བས་བདག་གི་གཙུག་ཕུད་བཅད་དེ། ནམ་མཁར་བོར་བ་ལྷ་རྣམས་ཀྱིས་མཆོད་པའི་ཕྱིར་ཁྱེར་རོ། ལྷའི་བུ་རྔོན་པའི་གཟུགས་སུ་སྤྲུལ་པས་ངུར་སྨྲིག་གི་གོས་ཕུལ་བ་བླངས་ཏེ་རང་གི་ན་བཟའ་དེ་ལ་བྱིན་ནོ། ངུར་སྨྲིག་གི་གོས་དེ་སྐུ་ལ་གསོལ་ནས་བདག་ཉིད་རང་གིས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་མཛད་དོ།

བདུན་པ་དཀའ་བ་སྤྱད་པའི་མཛད་པ་ནི།

དེ་ ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་དྲི་མ་མེད་པར་འཇུག་པའི་གདུལ་བྱ་རྣམས་ལ་བྱང་ ཆུབ་དམ་པ་ནི་དཀའ་པ་དཔག་ཏུ་མེད་པས་བསྒྲུབ་དགོས་ཞེས་བསྟན་པའི་ཕྱིར། ཡངས་པ་ཅན་དུ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང༌། རྒྱལ་པོའི་ཁབ་ན་རེངས་བྱེད་ཀྱི་བུ་ལྷག་སྤྱོད་དག་གིས་ཅི་ཡང་མེད་པའི་སྐྱེ་ མཆེད་དང༌། སྲིད་རྩེའི་སེམས་སྟོན་པ་རྣམས་སུ་བྱོན་ཏེ། དེ་དག་གི་ཚུལ་མྱུར་བར་ཁོང་དུ་ཆུད་པར་མཛད་ཀྱང༌། ཏིང་འཛིན་དང་ཀུན་ཏུ་སྤྱོད་པ་དེ་དག་ནི་སྲིད་པའི་ཉེས་དམིགས་ལས་གྲོལ་བའི་ལམ་མ་ ཡིན་པར་གཟིགས་ནས་ཆུ་ཀླུང་ཆེན་པོ་ནཻ་རཉྫ་ན་དལ་གྱིས་འབབ་པའི་འགྲམ་པའི་ཕྱོགས་ ཁོད་མཉམ་ཞིང་ཉམས་དགའ་བ་དེར་བཞུགས་སོ། དེའི་ཚེ་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་འཛམ་བུའི་གླིང་འདིར་སྙིགས་མ་ལྔའི་དུས་ལ་བབས། སེམས་ཅན་དམན་པ་ལ་མོས་པ། མུ་སྟེགས་ཅན་གྱི་སྡེས་གང་བ། ལྟ་བ་སྣ་ཚོགས་ལ་ཞུགས་པ། སྐྱབས་མ་ཡིན་པ་ལ་སྐྱབས་སུ་འདུ་ཤེས་པ། བཀྲ་ཤིས་པ་མ་ཡིན་པར་བཀྲ་ཤིས་སུ་འདུ་ཤེས་པ། དག་པ་མ་ཡིན་པ་ལ་དག་པར་འདུ་ཤེས་ཁོ་ན་སྟེ། འདི་དག་རྣམས་ཡང་དག་པའི་ལམ་དུ་བསྲང་པའི་ཕྱིར་དང༌། ལས་དང་བྱ་བ་ཆུད་གསོན་པ་རྣམས་ཆུད་མི་འཛའ་བར་བསྟན་པའི་ཕྱིར་དང༌། བརྟུལ་ཞུགས་ངན་པ་དང་དཀའ་ཐུབ་ངན་པས་དག་པར་འཛིན་པ་རྣམས་སུན་དབྱུང་བའི་ཕྱིར་ བརྟུལ་ཞུགས་དང་དཀའ་ཐུབ་ཀྱི་ཁྱད་པར་བརྩམ་པར་བཞེད་ནས་ལོ་དྲུག་ཏུ་མཁའ་ཁྱབ་ཀྱི་ ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ། དེའི་ཚེ་ལྔ་སྡེ་བཟང་པོས་རིམ་གྲོ་བྱས་ཤིང༌། ཏིལ་འབྲུ་གཅིག་དང༌། འབྲས་འབྲུ་གཅིག་དང༌། རྒྱ་ཤུག་འབྲུ་གཅིག་རྣམས་ཕུལ་བ་བཞེས་སོ། དེ་ལྟར་ཡང་ལོ་དང་པོ་གཉིས་ལ་འབྲས་ཉག་མ་རེ། བར་པ་གཉིས་ལ་ཆུ་ཐིགས་པ་རེ། ཐ་མ་གཉིས་ལ་ཅི་ཡང་མི་གསོལ་བའི་དཀའ་ཐུབ་ཀྱི་ཏིང་ངེ་འཛིན་ལོ་དྲུག་ཏུ་བསྟེན་ ནོ། དེ་ཚེ་ལྷ་རྣམས་ཀྱིས་ཚིགས་སུ་བཅད་པས་ནི་བསྐུལ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་ནི་ལམ་དམན་པ་ལས་སད་པར་བྱས་ནས་བྱང་ཆུབ་ སྙིང་པོར་རབ་ཏུ་བསྐུལ་ལོ། དེར་ངལ་ཞིང་དུབ་པའི་མཐའ་བསལ་བའི་ཕྱིར་རགས་པའི་ཟས་ལ་ཅུང་ཟད་སྤྱད་པས་ལྔ་སྡེ་ བཟང་པོ་མི་མོས་པར་གྱུར་ཏེ་ཝཱ་རཱ་ཎ་སཱིར་སོང་ངོ༌། དེ་ནས་ཕྱག་དར་ཁྲོད་པའི་གོས་འགའ་ཞིག་རྙེད་ན་སྙམ་སྟེ་སེམས་བཏུད་པ་ན། གྲོང་པའི་བུ་མོ་ལེགས་སྐྱེས་མའི་བྲན་མོ་བྲུབ་མ་ཞེས་བྱ་བ་ཤི་བ་ཤ་ནའི་རས་ཀྱིས་ དཀྲིས་ཏེ་དུར་ཁྲོད་དུ་བོར་བར་གྱུར་པ་དེ་བླངས་ཏེ་བརྒྱ་བྱིན་གྱིས་རྒྱལ་བའི་ རྡོ་ལ་བཞག་སྟེ་ལག་པའི་རྫིང་ཞེས་པའི་རྫིང་དུ་བཀྲུས་པ་ལས་སྣམ་སྦྱར་དྲུབ་པ་ ཞིག་དང༌། ལྷའི་བུ་དྲི་མ་མེད་པ་ཞེས་བྱ་བས་ལྷའི་གོས་ངུར་སྨྲིག་གི་ཚོན་དུ་བཙོས་པ་ཕུལ་བ་ དག་གསོལ་ཏེ། སྔ་དྲོར་སྤྱོད་ཡུལ་གྱི་གྲོང་དུ་ཕྱོགས་པ་དང༌། སྔོན་དུ་ལྷ་རྣམས་ཀྱིས་གྲོང་པའི་བུ་མོ་ལེགས་སྐྱེས་མ་ལ་ཇི་ལྟར་སྤྲན་པ་ལྟར། དེས་བ་སྟོང་གི་འོ་མ་ལན་བཅུ་དྲུག་ཏུ་ཉིང་ཁུར་བྱས་པ་ཤེལ་གྱི་སྣོད་དུ་གསེར་ གྱི་ཡོལ་གོའི་ནང་དུ་བླུགས་ནས་འོ་ཐུག་སྦྲང་རྩི་ཅན་གྱིས་བཀང་སྟེ་ཕུལ་ལོ། དེར་གསུངས་པ། སྦྱིན་པ་འདིའི་ཅི་ཞིག་དོན་དུ་གཉེར། དེས་གསོལ། རྒྱལ་བུ་དོན་གྲུབ་འཁོར་ལོས་སྒྱུར་བར་ལུང་བསྟན་པ་དེ་བདག་ཅག་ཁྱིམ་ཐབ་ཏུ་གྱུར་ ཅིག་གསུངས་པ། དེ་འདོད་པ་དོན་དུ་མི་གཉེར་གྱི་བར་ཏུ་བྱུང་ཟིན་ཏོ། གསོལ་བ། བསོད་པ་ཕུལ་བའི་བསོད་ནམས་ཅི་མཆིས་པས། གྲགས་དང་ལྡན་པ་དོན་རྣམས་ཀུན་གྲུབ་པ། མི་ཡི་མཆོག་གྱུར་བློ་མཆོག་ལྡན་པ་དེའི། དོན་ཀུན་མྱུར་དུ་ཤིན་ཏུ་གྲུབ་གྱུར་ཅིག། ཅེས་གསོལ་པ་དང༌། བྱང་ཆུབ་སེམས་དཔས་དེ་བཞིན་དུ་གྱུར་ཅིག། ཅེས་གསུངས་ནས། འོ་ཐུགས་བསྣམས་ཏེ་ནཻ་རཉྫ་ནའི་འགྲམ་དུ་གཤེགས་ནས་སྔ་དྲོའི་དུས་སུ་མོ་གཉིས་ ཀྱི་བྱང་ཆུབ་ཀྱི་ཆོས་རྫོགས་པར་བྱ་པའི་ཕྱིར་འོ་ཐུག་ལེགས་པར་བཞེས་ནས་གསེར་ གྱི་གཞོང་པ་ཆུ་བོ་ལ་བསྐྱུར་བ་ཀླུའི་རྒྱལ་པོ་རྒྱ་མཚོས་མཆོད་པའི་ཕྱིར་ཁྱེར་བ། བརྒྱ་བྱིན་གྱིས་མཁའ་ལྡིང་དུ་སྤྲུལ་ནས་འཕྲོགས་ཏེ་རང་གི་གཟུགས་ཀྱིས་སུམ་ཅུ་ རྩ་གསུམ་དུ་ཁྱེར་རོ། བྱང་ཆུབ་སེམས་དཔའ་བསོད་ནམས་དང་ཤེས་རབ་ཀྱི་སྟོབས་ཀྱིས་འོ་ཐུགས་གསོལ་མ་ཐག སྐུ་སྔ་མ་ཁོ་ན་ལྟར་ཁ་དོག་བཟང་པོ་རྒྱས་པ་དང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ དཔེ་བྱད་བཟང་པོ་བརྒྱད་ཅུ་དང་འོད་འདོམ་གང་བ་རྣམས་ཀྱིས་བརྒྱད་པར་གྱུར་ཏོ།

བརྒྱད་པ་བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་ནི།

དེ་ ལྟར་བུའི་རགས་པའི་ཟས་ཀྱིས་བྱང་ཆུབ་སེམས་དཔའི་སྐུ་ལུས་སྟོབས་དང་ལྡན་པར་ བསྐྱེད་དེ། དེ་ནས་བྲག་རི་མེ་ཏོག་དང་འབྲས་བུས་བརྒྱན་པ་ཞིག་ཏུ་བཞུགས་པས་དེ་མ་ཐག་ཏུ་རི་ དེ་ཉིལ་ལོ། ལྷ་རྣམས་ཀྱིས་གསོལ་པ། དགེ་བའི་རྩ་བ་ཡོངས་སུ་སྦྱངས་པ་མཐར་ཕྱིན་པ་ནི་ས་གཞན་གྱིས་བཟུང་མི་ནུས་ཏེ། འདི་དང་ཉེ་བ་ནུབ་ཕྱོགས་ན་རྡོ་རྗེ་གདན་མཆིས་པས་དེར་གཤེགས་པར་འཚལ། ཞེས་གསོལ་པ་གསན་ནས་རྡོ་རྗེ་གདན་དུ། ཤིང་གི་རྒྱལ་པོའི་དྲུང་དུ་གཤེགས་སོ། དེར་ལྷས་ལམ་བསྟན་པ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་དུ་གཤེགས་པའི་ལམ་དུ། ཞབས་གང་དུ་བཞག་པར་པདྨ་དག་བྱུང་ངོ༌། ས་ཆེན་པོ་སྒྲ་ཡིད་འཕྲོག་པ་དག་འབྱིན་ནོ། རྒྱ་མཚོ་ཆེན་པོ་བཞི་ལས་ཆུ་བབས་ཏེ་པདྨའི་རྫིང་དུ་གྱུར་ཏོ། དེ་ནས་ཆུ་ཀླུང་ནཻ་རཉྫ་ནར་ཀླུ་དུག་ཅན་ནམ་ནག་པོ་ཟེར་བ་དུས་གཞན་དུ་ལོང་བ་ལས་ སངས་རྒྱས་འཇིག་རྟེན་དུ་བྱོན་དུས་མིག་ཐོབ་པ་ཞིག་ཡོད་དེ། སྔོན་གྱི་སངས་རྒྱས་འཁོར་པ་འཇིག་ལ་སོགས་པ་མཐོང་བ་དེ། དེ་བཞིན་དུ་སྐབས་དེར་མིག་ཐོབ་ནས་བྱང་ཆུབ་སེམས་དཔའ་མཐོང་བས། བདག་གི་སྔོན་ནི་མཐོང་བ་ཡི། སངས་རྒྱས་མཐུ་ཆེན་དེ་རྣམས་དང༌། ཐུབ་པ་ཁྱོད་ནི་མཐོང་གྱུར་ན།དེ་དག་ཐ་དད་དབྱེར་མ་མཆིས། ཞེས་པ་སོགས་ཀྱིས་བསྟོད་ཅིང་མཆོད་པར་བྱས་སོ། ཡང་གཤེགས་པ་ན། རྩྭ་ཚོང་བཀྲ་ཤིས་དང་མཇལ་ཏེ། རི་སྤོས་ངད་ལྡན་ལས་བླངས་པའི་རྩྭ་འཇམ་ཞིང་དགེ་ལ་བདེ་བ་ཁུར་གཅིག་ཐོགས་པ་ གཟིགས་ནས་བྱང་ཆུབ་སེམས་དཔས་རྩྭ་དེ་བསླངས་ཏེ། བཀྲ་ཤིས་རྩྭ་དག་ང་ལ་མྱུར་དུ་བྱིན། དེ་རིང་ང་ལ་རྩྭས་ནི་དོན་ཆེན་འགྱུར། དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། བྱང་ཆུབ་དམ་པ་ཞི་ལ་རེག་བར་འགྱུར། ཞེས་གསུངས་པས། དེས་ཀྱང་གུས་པ་དང་བཅས་པས་ཕུལ་ཏེ། རྩྭ་ཡིས་བྱང་ཆུབ་འཆི་མེད་པ། སྔོན་གྱི་རྒྱལ་བའི་ལམ་ཐོབ་ན། ཡོན་ཏན་རྒྱ་མཚོ་ཁྱོད་བཞེས་ཤིག བདག་ཀྱང་ཐོག་མར་འཚང་རྒྱ་གྱིས། ཞེས་གསོལ་ཏེ། དེ་ནས་བྱང་ཆུབ་སྙིང་པོར་གཤེགས་ཏེ་རྡོ་རྗེའི་གདན་ལ་འཛེགས་ནས། བྱང་ཆུབ་ཤིང་དྲུང་དེར་བཞུགས་ནས་རྩྭའི་བམ་པོ་དེ་བསྐྱུར་སྟབས་སུ་བོར་བ་ན། སྲབ་འཐུག་མེད་པར་གཡས་ཕྱོགས་སུ་འཁྱིལ་ཏེ་འདུག་གོ། ལྟས་འདི་དག་ལས་ནི་གདོད་མི་ཟ་བ་བླ་ན་མེད་པའི་ཡེ་ཤེས་རྟོགས་པར་འགྱུར་རོ་སྙམ་ དུ་དགོངས་ནས་སྐྱིལ་ཀྲུང་བཅས་ཏེ་སྐུ་དྲང་པོར་བསྲངས་ནས་དྲན་པ་མངོན་དུ་བཞག་ནས་ བཞུགས་ཏེ། སྟན་འདིར་བདག་གི་ལུས་ནི་སྐབས་ཀྱང་རུང༌། པགས་པ་རུས་པ་ཤ་རྣམས་ཤིག་ཀྱང་རུང༌། བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། ཞེས་འབྱུང་བ་ལྟར། ཇི་སྲིད་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱིལ་ཀྲུང་ཞིག་པར་མི་བྱའོ་ ཞེས་དམ་འཅའ་བར་མཛད་དོ།

དགུ་པ་བདུད་བཏུལ་བའི་མཛད་པ་ནི།

དེ་ ནས་བྱང་ཆུབ་སེམས་དཔས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཞིང་གི་བྱང་ཆུབ་ཀྱི་ སྙིང་པོའི་རྒྱན་བཀོད་པ་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་འདིར་བསྟན་ནས། གླིང་བཞི་པའི་འདོད་པའི་ཁམས་ཀྱི་དབང་ཕྱུགས་ནི་གཞན་འཕྲུལ་དབང་བྱེད་ཀྱི་བདག་ པོ་བདུད་སྡིག་ཅན་ཡིན་པར་དགོངས་ནས། དེ་ལ་མ་སྦྲན་པར་བདུད་ལས་རྣམ་པར་རྒྱལ་བའི་གོ་འཕང་མངོན་དུ་མི་འགྱུར་བར་དགོངས་ ནས། བྱང་ཆུབ་སེམས་དཔའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་བདུད་བསྐུལ་བར་བྱེད་པ་དང༌། བདུད་འཇོམས་པར་བྱེད་པའི་འོད་ཟེར་བྱུང་སྟེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་ཀྱི་གནས་ ཐམས་ཅད་དུ་སྣང་པར་བྱས་ནས་དེའི་གནས་ཐམས་ཅད་མོག་མོག་པོར་གྱུར་ཅིང་སྤུ་ཟིང་ བྱེད་པར་གྱུར་ཏོ། འོད་དེ་ལས་སྒྲ་བྱུང་བ། ཟས་གཙང་སྲས་པོས་རྒྱལ་སྲིད་དག་ནི་ཡོངས་སྤསང་ཏེ། ཕན་བྱེད་དེ་ནི་བདུད་རྩི་མངོན་པར་འདོད་པས་བྱུང༌། བྱང་ཆུབ་ཤིང་དྲུང་འོངས་ཀྱིས་དེ་དང་བསྒྲིམ་པར་གྱིས། དེས་ནི་བདག་ཀྱང་བརྒལ་ལ་གཞན་ཡང་སྒྲོལ་པར་བྱེད། ཅེས་བྱ་བ་ལ་སོགས་པའི་སྒྲ་བྱུང་བ་དང༌། བདུད་སྡིག་ཅན་རྔོན་པའི་ཆ་བྱད་དུ་བརྫུས་ནས་འོངས་ཏེ། སེར་སྐྱའི་གྲོང་ནི་ལྷས་བྱིན་གྱིས་མནན། ཕོ་བྲང་ནི་བཅོམ། ཤཱཀྱ་རྣམས་ནི་ཁ་བཏགས་ན། ཁྱོད་འདི་ན་ཅིའི་ཕྱིར་འདུག་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔས། བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རོ། ཞེས་བཀའ་སྩལ་པ་དང༌། བདུད་ཀྱིས་སྨྲས་པ། མངོན་པར་རྫོགས་པར་འཚང་རྒྱ་བ་ནི་ཚོགས་དཔག་ཏུ་མེད་པའི་འབྲས་བུ་ཡིན་ན། ཁྱོད་ཀྱི་བསོད་ནམས་དེ་ཙམ་གྱིས་ཐར་པ་ག་ལ་ཐོབ། ཅེས་སྨྲས་པ་དང༌། བཀའ་སྩལ་པ། སྡིག་ཅན་ཁྱོད་ཀྱིས་མཆོད་སྦྱིན་གཏན་པ་མེད་པ་གཅིག་བྱས་པས་འདོད་པ་ཁམས་ཀྱི་དབང་ ཕྱུགས་ཏུ་གྱུར་ན། ངས་བསྐལ་པ་གྲངས་མེད་གསུམ་དུ་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བྱས་ ཤིང་ཡོངས་སུ་བཏང་བར་དཀའ་བ་རྣམས་བཏང་བས། བླ་ན་མེད་པའི་ཡི་ཤེས་ཐོབ་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། བདུད་ཀྱི་སྨྲས་པ། ཁོ་བོས་མཆོད་སྦྱིན་བཏན་པ་མེད་པ་བགྱིས་པའི་དཔང་པོ་ནི་ཁྱོད་ཉིད་ཡོད་ན། ཁྱོད་ལ་ནི་དཔང་པོ་སུ་ཡང་མེད་དོ། དེ་ནས་བྱང་ཆུབ་སེམས་དཔའི་ཕྱག་གཡས་བསོད་ནམས་བརྒྱ་ཕྲག་དུ་མས་བསྐྱེད་པ་ས་ལ་ རེག་པར་མཛད་དེ། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། འདི་ནི་བདག་གི་དཔང་སྟེ་བདག་རྫུན་མེད། འདི་ལ་ཁྱོད་ནི་བདག་གི་དཔང་བྱོས་ཤིག ཅེས་གསུངས་མ་ཐག་ཏུ་ས་རྣམ་པ་དྲུག་ཏུ་གཡོས་པའི་རྒྱུ་ནས་སའི་ལྷ་མོ་བསྟན་མ་ལུས་ ཕྱེད་རྒྱན་གྱིས་སྤྲས་པ་མངོན་པར་བྱུང་སྟེ། སྐྱེས་བུ་ཆེན་པོ་དེ་དེ་བཞིན་ནོ། ཁྱོད་ཀྱིས་ཇི་སྐད་གསུངས་པ་བཞིན་ཏེ། འདི་ནི་བདག་ལ་མངོན་སུམ་མོ། འོན་ཀྱང་བཅོམ་ལྡན་འདས་ཉིད་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་དཔང་དུ་གྱུར་པ་ དང་ཚད་མར་གྱུར་པ་དམ་པའོ་ཞེས་བརྗོད་དེ་མི་སྣང་པར་གྱུར་ཏོ།། དེ་ནས་བདུད་སྡིག་ཅན་གྱིས་རྗེས་སུ་ཆགས་པས་བསླུ་བར་ནུས་སམ་མི་ནུས་སད་པར་བྱའོ་ སྙམས་ན། རང་གི་བུ་མོ་སྲེད་མ་དང༌། དགའ་བྱེད་མ་དང༌། དགའ་སྤྱོད་མ་རྣམས་བཏང་སྟེ་མུད་མེད་ཀྱི་གཡོ་སྒྱུ་སུམ་ཅུ་རྩ་གཉིས་ཀྱིས་བསླུ་ བར་བརྩམས་པ་ན། དེ་དག་རྒན་མོར་འགྱུར་བར་བྱིན་གྱིས་བརླབས། སླར་སྟོན་པ་ལ་མོས་པ་བསྐྱེད་པས་གྲོལ་ལོ། དེ་ནས་སྡིག་ཅན་བག་འཁུམས་སེམས་ཁོང་དུ་ཆད་པས་སོང་སྟེ། བདུད་སྡིག་ཅན་གྱིས་བདུད་ཀྱི་རིགས་ཀྱི་འབྱུང་པོ་ཐམས་ཅད་སྦྲན་ཏེ། བདུད་ཀྱི་དཔུང་ཆེན་པོ་གདོང་གཟུགས་སྣ་ཚོགས་པ་འཛིན་པ་མཚོན་ཆ་སྣ་ཚོགས་པ་འཛིན་ པ་དཔའ་ཞིང་གཏུམ་ལ་མི་སྲུན་པ། བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་དང་བཅས་ཏེ་གཡུལ་བཤམས་པ་ན། བྱང་ཆུབ་སེམས་དཔའ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་འབྱུང་པོ་རྣམས་ ཀྱིས་མཚོན་ཆ་སྣ་ཚོགས་པའི་ཆར་དུ་ཕབ་ཀྱང༌། ཇི་སྙེད་ཕོབ་པའི་མཚོན་ཆ་ཐམས་ཅད་ཀྱང་སྐད་ཅིག་གཅིག་གིས་མེ་ཏོག་གི་ཕྲེང་བ་དང༌། མེ་ཏོག་གི་བླ་རེ་དང༌། བྱང་ཆུབ་ཀྱི་ཤིང་མཛེས་པར་བྱེད་པའི་རྒྱན་དུ་གྱུར་ཏོ། དེ་ནས་བདུད་ཀྱི་དཔུང་རྣམས་མགོ་རྨོངས་ཏེ་གྱེས་པར་གྱུར་ཀྱང་ལམ་སྟོར་ནས་ཞག་ གདུན་དུ་འཕྲད་པ་མེད་པར་མཐོར་ཞིང་བྱེར་བར་གྱུར་ཏོ། །

བཅུ་པ་མངོན་པར་བྱང་ཆུབ་པའི་མཛད་པ་ནི།

དེ་ ནས་བྱང་ཆུབ་སེམས་དཔས་བདུད་ཀྱི་དཔུང་ཆེན་པོ་བཏུལ་ནས་གཡུལ་ལས་རྣམ་པར་རྒྱལ་ པའི་རྒྱལ་མཚན་ཐོབ་སྟེ། ནམ་གྱི་ཆ་སྟོད་ལ་ནི་བསམ་གཏན་བཞི་མངོན་པར་མཛད་དོ། གུང་ཐུན་ལ་ནི་རིག་པ་གསུམ་བསྐྱེད་དོ། ནམ་གྱི་ཆ་སྨད་སྐྱ་རིངས་འཆར་བ་རྔ་བརྡུང་བའི་ཚོད་ཙམ་ལ་རྟེན་ཅིང་འབྲེལ་བར་ འབྱུང་བ་བཅུ་གཉིས་དང༌། བདེན་པ་བཞི་མངོན་དུ་བྱས་ནས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་ རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་དེ་བཞིན་གཤེགས་པའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ ལ་བཞུགས་སོ། དེ་ནས་ཚངས་པ་དང༌། བརྒྱ་བྱིན་དང༌། འོག་མིན་ཀྱི་བར་གྱི་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་ཤིང་རྒྱལ་བ་རྒྱལ་བ་ ཞེས་བསྔགས་སོ། དེའི་ཚེ་ཟླ་བ་ལ་ཡང་སྒྲ་གཅན་ཞུགས། གྲགས་འཛིན་མའི་སྲས་སྒྲ་གཅན་འཛིན་ཡང་བཙས་ཤིང༌། བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོ་ཡང་བཙས་སོ། ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་ཤིང་ཕྱོགས་ཐམས་ཅད་ནི་འོད་ཀྱི་སྣང་བས་ཁྱབ་ པར་གྱུར་ཏོ། དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་ལ་རིམ་པ་ལྟར་བདུན་ ཕྲག་དང་པོ་ལ་སྐྱིལ་མོ་ཀྲུང་མ་བཤིག་པར་ཤིང་གི་རྒྱལ་པོ་ལ་སྤྱན་མི་འཛུམ་པར་ གཟིགས་ནས་དགའ་བའི་ཟས་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བདེ་བ་མྱོང་བར་མཛད་ དོ། དེ་ལྟར་ཆོས་ཀྱི་རོས་བདེ་བ་དང་དགའ་བ་དང་བདེ་བ་བླ་ན་མེད་པའི་བདུད་རྩིས་སྐུ་ བརྟན་པར་མཛད་ནས། བདུན་ཕྲག་གཉིས་པ་ལ། རྒ་ཤི་མཐའ་མར་མ་ཕྱིན་བར། སྐྱིལ་མོ་ཀྲུང་ནི་མི་བཤིག་ཅེས། སྡེར་བཅས་པ་ཡི་འདུད་མདུན་འདིར། ང་ཡི་ཚིག་ནི་གང་སྨྲས་པ། ཡེ་ཤེས་རྡོ་རྗེ་བརྟན་པ་བས། ང་ཡིས་མ་རིག་པ་ཡང་བཅོམ། སྟོབས་བཅུ་ཉིད་ནི་ཐོབ་པར་གྱུར། དེ་ལྟར་བས་ན་སྐྱིལ་ཀྲུང་གཞིག ཅེས་བཀའ་སྩལ་ནས་དལ་གྱིས་བཞེངས་པས་ས་ཆེན་པོ་ཡང་གཡོས་སོ། འགའ་ཞིག་ཏུ་བདུན་ཕྲག་གཉིས་པ་ལ་ཡང་སྐྱིལ་ཀྲུང་མ་བཤིག་པར་བཞུགས་བཞིན་པས། གཞན་འཕྲུལ་བདག་པོའི་གནས་སུ་གཤེགས་ཞེས་འབྱུང་ངོ༌། གཞན་ཡང་འཇིག་རྟེན་འདོད་པའི་བདེ་བ་གང༌། ལྷ་ཡུལ་བྱུང་བདེ་གང་ཡིན་པ། སྲིད་པ་ཟད་པའི་བདེ་རེ་ལ། བཅུ་དྲུག་ཆར་ཡང་མི་ཕོད་དོ། ཞེས་རྣམ་པར་གྲོལ་པའི་བདེ་བས་དགྱེས་པའི་གསུང་ཡང་སྩལ་ཏོ། དེ་ནས་བདུན་ཕྲག་གསུམ་པ་ལ་ང་སངས་རྒྱས་ནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མཐའ་ འབྱུང་ངོ་ཞེས་བྱང་ཆུབ་ཀྱི་ཤིང་ལ་གཟིགས། བདུན་ཕྲག་བཞི་པ་ལ་ཤར་ནུབ་རྒྱ་མཚོའི་བར་གྱི་འཛམ་བུ་གླིང་ལ་འཆད་པར་མཛད་དེ། བོད་ཡུལ་ཀྱང་ཞབས་ཀྱིས་བཅག་པར་འདོད་དེ། བདུན་ཕྲག་ལྔ་པ་ལ་ཡུལ་ངན་གྱི་ཚེ་ན་ཀླུ་བཏང་བཟུང་གི་གནས་སུ་བཞུགས་ཤིང་ཀླུ་ རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་ལ་དཀྲིས་ཤིང་ཡུལ་ངན་གྲོལ་ནས་ལྷའི་ལུས་སུ་ བསྒྱུར་ནས་མཆོད་ཅིང་བསྙུན་གསོལ་ཏོ། བདུན་ཕྲག་དྲུག་པ་ལ་ནཻ་རཱཉྫ་ནའི་ངོགས་ཤིང་ནྱ་གྲོ་དྷའི་དྲུང་དུ་རྩྭའི་གདིང་བ་ ལ་བཞུགས་ནས་ཀླུ་དེ་དག་དང་ཀུན་ཏུ་གཅེར་བུ་བ་རྣམས་སྙུན་འདྲིའི་ཚིག་བཅད་གསུངས། དེའི་ཚེ་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དང་ལུགས་ལྡོག་ལ་གཟིགས་སོ། བདུན་ཕྲག་བདུན་པ་ལ་ཤིང་སྒྲོལ་རྒྱུའི་ཚལ་དུ་ཚོང་པ་ངག་གོན་དང་བཟང་པོ་གཉིས་ ཀྱིས་སྦྲང་རྩི་ཕུལ་བ། རྒྱལ་ཆེན་བཞིས་རིན་པོ་ཆེ་ནས་རྡོ་བའི་བར་གྱི་ལྷུང་བཟེད་ཕུལ་བ་གཅིག་ཏུ་བྱིན་ གྱིས་བརླབས་ནས་བཞེས་ཏེ་ཚོང་དཔོན་དེ་གཉིས་ལ་བཀྲ་ཤིས་ཚིགས་སུ་བཅད་པ་རྣམས་ གསུངས་ནས་ཚོང་དཔོན་གཉིས་ལུང་བསྟན། དེའི་ཚེ་དེ་བཞིན་གཤེགས་པ་ཅུང་ཟད་བསྙུན་པའི་ཚུལ་བསྟན་པ་ན། བདུད་སྡིག་ཅན་གྱིས་མྱ་ངན་ལས་འདའ་བར་གསོལ་བས། འཁོར་རྣམ་པ་བཞི་ལ་ཆོས་སྟོན་པར་མ་གྱུར་བར་མྱ་ངན་ལས་མི་འདའ་བར་གསུངས་པས། བདུད་སྡིག་ཅན་ཡི་མི་བདེ་བར་གྱུར་ཏོ། དེ་ནས་བདག་གིས་རྟོགས་པའི་ཆོས་ཟབ་མོ་འདི་ནི་གཞན་གྱི་ཁོང་དུ་ཆུད་པར་དཀའ་སྟེ། གལ་ཏེ་བདག་གིས་གཞན་ལ་བསྟན་པར་བྱས་ཀྱང་དེས་མི་རྟོགས་པས། བདག་བདག་ཉིད་ཙམ་དུ་ཟད་ཀྱི། དེ་བས་ན་བདག་གཅིག་པུ་དགོན་པར་གནས་པར་བྱའོ་སྙམ་དུ་དགོངས་ཏེ། ཟབ་ཞི་རྡུལ་བྲལ་འོད་གསལ་འདུས་མ་བྱས། བདུད་རྩིའི་ཆོས་ནི་བདག་གི་ཐོབ་པར་གྱུར། བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ། མི་སྨྲ་ནགས་འདབས་གནས་པར་བྱ་བ་སྙམ། ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་སོ།

༡༡བཅུ་གཅིག་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི།

དེ་ བཞིན་གཤེགས་པ་སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བ་མི་མངའ་བ་མ་ཡིན་ཀྱང༌། མ་བསྐུལ་བར་ཆོས་ཀྱི་འཁོར་ལོ་མི་བསྐོར་བ་དང༌། འཁོར་ལོ་བསྐོར་བ་བསྐུར་བ་པོའི་བསོད་ནམས་ཀྱི་ཁྱད་པར་ལ་དགོངས་པའི་ཚེ། མི་མཇེད་ཀྱི་བདག་པོ་ཚངས་པས་དེ་ཤེས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་སོང་སྟེ། གསོལ་པ། མ་ག་རྡར་ནི་སྔོན་ཆད་ཆོས་བྱུང་བ། རག་པ་མ་ལགས་དྲི་མར་བཅས་པས་རྟོགས། བདུད་རྩི་ཆོས་ཀྱི་སྒོ་ནི་ཕྱེ་མཛོད་ལ། དྲི་མ་མེད་པས་རྟོགས་པ་བཤད་པར་མཛོད། ཅེས་པ་ལ། བདུད་རྩིའི་སྒོ་མོ་དག་ནི་དབྱེ་བར་བྱ། ཉན་པར་སུ་འདོད་སོམ་ཉི་སོལ་ཞིག་དང༌། ཚངས་པ་མི་རྣམས་ལ་ནི་གྱ་ནོམ་ཆོས། ཀླན་ཀ་མི་བཙོལ་མདོ་ཙམ་བཤད་པར་བྱ། ཞེས་ཞལ་གྱིས་བཞེས་སོ། དེ་ནས་བཅོམ་ལྡན་འདས་ཀྱིས་འདིར་ལྟར་ཐོག་མར་སུ་ལ་ཆོས་བསྟན་པར་བྱ། སེམས་ཅན་དབང་པོ་རྣོན་པོ་གདུལ་སླ་བ་ནི་གང་ཞིག་ཡིན། དེ་ཡང་རིང་འཕུར་དང་ལྷག་སྤྱོད་ལ་དགོངས་ཀྱང་དེ་གཉིས་གུམ་པར་མཁྱེན་ནས། དེ་ནས་སེམས་ཅན་དག་པ་འདུལ་སླ་བ་ནི། ལྔ་སྡེ་ཡིན་པར་དགོངས་ནས་ཝཱ་རཱ་ཎ་སཱིར་གཤེགས་པའི་ལམ་དུ་ཀུན་ཏུ་རྒྱུ་ཉེར་ འགྲོ་དང་མཇལ་ཏེ། དེས་གཽ་ཏ་མ་ཁྱོད་ཀྱི་དབང་པོ་རྣམས་ཤིན་ཏུ་གསལ་ན་སུ་ལས་ཚངས་པར་སྤྱད་པ་སྤྱོད་ ཅེས་དྲིས་པས། བཀའ་སྩལ་པ། ང་ལ་སློབ་དཔོན་གང་ཡང་མེད། ང་དང་འདྲ་བ་ཡོད་མ་ཡིན། ང་ནི་གཅིག་པུ་རྫོགས་སངས་རྒྱས། བསིལ་གྱུར་ཟག་པ་མེད་པ་ཡིན། གསོལ་པ། གཽ་ཏ་མ་སངས་རྒྱས་སུ་ཞལ་གྱིས་འཆེས་སམ། དེ་བཞིན་ནོ། གར་བཞུད། ང་ནི་ཝཱ་རཱ་ཎ་སཱིར་འགྲོ། གྲོང་ཁྱེར་གསལ་ལྡན་སོང་ནས་ནི། ལོང་བ་ལྟ་བུའི་འཇིག་རྟེན་ལ། མཚུངས་པ་མེད་པའི་འོད་བྱའོ། ཞེས་གསུངས་སོ། དེ་ནས་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བྱོན་པ་ན། ལྔ་སྡེས་རྒྱང་རིང་པོ་ནས་གཤེགས་པར་མཐོང་སྟེ། དགེ་སྦྱོང་གཽ་ཏ་མ་ལྷོད་པ་མང་དུ་ཟ་བ་སྤང་བ་ལས་ཉམས་པ་འདི་འོངས་ན་བདག་ཅག་རྣམས་ ཀྱིས་འདི་ལ་སྨྲ་བར་མི་བྱ། ལྡང་བར་མི་བྱ། ཕྱག་མི་བྱ། སྟན་སྟོབས་པར་མི་བྱ་ཞེས་འོག་ཁྲིམས་བཅས་པ་ལ་ཀཽཎྜི་ནྱས་ནི་སེམས་ཀྱིས་ཁས་མ་ བླངས་སོ། དེ་ནས་ལྔ་སྡེའི་གནས་སུ་བྱོན་མ་ཐག་བཅོམ་ལྡན་འདས་ཀྱི་དཔལ་དང་གཟི་བརྗིད་མ་ བཟོད་ནས་སྟན་གྱི་སྟེང་ནས་འདར་ཞིང་ཀུན་གྱིས་འོག་ཁྲིམས་དྲལ་ཏེ་སྟན་ལས་ལངས་ནས་ ཀཽཎྜི་ནྱས་ནི་རིམ་གྲོ་བྱེད། རྟ་ཐུལ་གྱིས་ནི་བསུས། རླུངས་པས་ནི་གདན་བཤམས། མིང་ཆེན་གྱིས་ནི་ཞབས་སྟན་སྟོབས། བཟང་ལྡན་གྱིས་ནི་ཞབས་བསིལ་ཕུལ་ཏེ། ཚེ་དང་ལྡན་པ་གཽ་ཏ་མ་ཁྱོད་བྱོན་པ་ལེགས་སོ། བདན་བཤམས་པ་ལ་བཞུགས་ཤིག་ཅེས་གསོལ་བ་དང༌། སྟོན་པས་གདན་ལ་བཞུགས་ནས་ལྔ་སྡེ་དག་དགའ་བ་དང་མགུ་པར་བྱ་བའི་གཏམ་མང་པོ་མཛད་ དོ། ལྔ་སྡེས་ཚེ་དང་ལྡན་པ་གཽ་ཏ་མའི་དབང་པོ་ནི་གསལ་ལོ། པགས་པ་ནི་ཡོངས་སུ་དག་ན་ཡེ་ཤེས་མཐོང་བའི་ཁྱད་པར་ཅུང་ཟད་མཛད་དམ། བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་ཞེས་མ་བརྗོད་ཅིག ཁྱེད་ལ་ཡུན་རིང་པོར་གནོངས་དང་མི་ཕན་པ་དང་མི་བདེ་བ་གྱུར་ཏ་རེ། དགེ་སློང་དག་ངས་ནི་བདུད་རྩི་ཐོབ་བོ། འཆི་བ་མེད་པར་འགྱུར་བའི་ལམ་མངོན་དུ་བྱས་སོ། ང་ནི་སངས་རྒྱས་སོ། ཐམས་ཅད་མཁྱེན་པའོ། ཐམས་ཅད་གཟིགས་པའོ། བསིལ་པར་གྱུར་པའོ། ཟག་པ་ཟད་པའོ། ཆོས་ཐམས་ཅད་ལ་དབང་བའོ། དགེ་སློང་དག་ངས་ཁྱེད་ལ་ཆོས་བཤད་ཀྱི་ཚུར་ཤོག ཉོན་ཅིག ནན་ཏན་གྱིས་ཤིག་ལ་སོགས་པ་འཀའ་སྩལ་པ་དང༌། དེ་དག་གི་མུ་སྟེགས་ཀྱི་རྟགས་རྣམས་སྐད་ཅིག་དེ་ཉིད་ལ་མེད་པར་གྱུར་ཏེ་དགེ་ སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟར་བུར་གྱུར་ཏོ། དེའི་ཚེ་གང་དུ་སྔོན་གྱི་རྒྱལ་བ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་དགོངས་པ་ན། དེའི་ཕྱོགས་དེར་རིན་པོ་ཆེ་སྣ་བདུན་གྱི་ཁྲི་སྟོང་བྱུང་སྟེ། སྟོན་པས་ཁྲི་སྔ་མ་གསུམ་ལ་འདས་པའི་སངས་རྒྱས་རྣམས་ལ་གུས་པ་བསྐྱེད་པའི་ཕྱག་དང་ སྐོར་བ་མཛད་དེ། ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་བཅས་ནས་སེང་གེ་ལྟར་བག་ཚ་བ་མེད་པར་བཞུགས་པ་ན་ཁྲི་ གཞན་རྣམས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། དེའི་ཚེ་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་བཀྱེ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ ཁྱབ་པར་བྱས་སོ། ལྟས་ཆེན་པོ་རྣམ་པ་བཅོ་བརྒྱད་བྱུང་ཞིང༌། འོད་དེ་ལས་ཚིགས་སུ་བཅད་པའི་སྒྲ་བྱུང་བ། འཇིག་རྟེན་ཐུགས་རྗེ་བསྐྱེད་ནས་སུ། ཐུབ་པ་ཡིས་ནི་སྣང་བ་མཛད། དེ་ནི་ཐུགས་དམ་བརྟན་པ་སྟེ། ཝཱ་རཱ་ཎ་སཱི་རི་དྭགས་ནགས། གཤེགས་ཏེ་འཁོར་ལོ་བླ་མེད་པ། ཤིན་ཏུ་རྨད་བྱུང་དཔལ་ལྡན་བསྐོར། རྒྱལ་བས་བསྐལ་པ་ཁྲག་ཁྲིག་བསྒྲུབས། ཆོས་དེ་ཉན་པར་གང་འདོད་པ། དེས་ན་རིངས་པར་ལ་འུར་དུ། ཆོས་ཉན་པ་ཡི་ཕྱིར་ཤོག་ཅིག ཅེས་བྱ་བ་ལ་སོགས་པའི་སྒྲས་བསྐུལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ ན་གང་དག་ཡོད་པའི་བྱང་ཆུབ་སེམས་དཔའ་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་ལ་སོགས་པའི་ལྷའི་འཁོར་དཔག་ཏུ་མེད་པ་འདུས་ཏེ་ཐམས་ཅད་ཀྱང་ ཆོས་ཀྱི་འཁོར་ལོ་བསྐོར་བར་མགྲིན་གཅིག་ཏུ་གསོལ་བ་འདེབས་སོ། ས་བླའི་ལྷ་རྣམས་ཀྱིས་ཆོས་ཀྱི་ཁྱམས་དཔག་ཚད་བདུན་ཡོད་པར་སྤྲུལ་ཏེ༌། ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ལོ། དེ་ནས་བཅོམ་ལྡན་འདས་ནམ་གྱི་ཆ་སྟོད་ལ་ཅང་མི་གསུང་བར་བཞུགས་སོ། གུང་ཐུན་ལ་ཡང་དག་པར་འཆག་པར་འགྱུར་བའི་གཏམ་རྣམས་གསུངས་སོ། ཆ་སྨད་ལ་ལྔ་སྡེ་ལ། དགེ་སློང་དག་མཐའ་གཉིས་པོ་འདི་དག་ནི་རབ་ཏུ་བྱུང་བས་འཇུག་པར་བྱ་བ་མ་ཡིན་ཏེ། འདོད་པ་བསོད་སྙོམས་ཀྱི་མཐའ་དང༌། ངལ་ཞིང་དུབ་པའི་མཐའ་འོ། དེ་བས་ན་མཐའ་གཉིས་སྤངས་ནས་དབུ་མའི་ལམ་གྱི་དེ་བཞིན་གཤེགས་པས་ཆོས་སྟོན་ཏོ། དེ་ནི་འདི་ལྟ་སྟེ་འཕགས་པའི་ལམ་ཡན་ལག་བརྒྱད་དོ། དགེ་སློང་དག་བཞི་པོ་འདི་དག་ནི་འཕགས་པའི་བདེན་པ་སྟེ་གང་ཞེ་ན། སྡུགས་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་མོ་ཞེས། ལན་དང་པོའི་བདེན་པ་བཞིའི་ངོ་བོ་དང༌། ཡང་དགེ་སློང་དག་སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ། ཀུན་འབྱུང་སྤངས་བར་བྱའོ། འགོག་པ་མངོན་དུ་བྱའོ། ལམ་བསྟན་པར་བྱའོ་ཞེས། ལན་གཉིས་པས་བདེན་པ་བཞིའི་བྱ་བ་དང༌། ཡང་དགེ་སློང་དག་སྡུག་བསྔལ་ཡོངས་སུ་ཤེས་སོ། ཀུན་འབྱུང་སྤངས་སོ། འགོག་པ་མངོན་དུ་བྱས་སོ། ལམ་བསྟན་ནོ་ཞེས། ལན་གསུམ་པ་བདེན་པ་བཞི་མཐར་ཕྱིན་པར་ལན་བཅུ་གཉིས་སུ་བཟླས་ཏེ་འཁོར་ལོ་བསྐོར་ བས། དང་པོས་ཀཽཎྜི་ནྱི་དང་ལྷ་མང་པོ་ལ་མཐོང་ལམ་སྐྱེས། གཉིས་པ་ལ་ཀཽཎྜི་ནྱི་དགྲ་བཅོམ་པ་ཐོབ། གཞན་བཞི་ལ་མཐོང་ལམ་སྐྱེས། གསུམ་པ་ལ་བཞི་པོས་ཀྱང་དགྲ་བཅོམ་པ་ཐོབ་བོ། ལྷ་བྱེ་བ་ཕྲག་བརྒྱ་བཞི་བཅུ་དང་མི་བརྒྱད་ཁྲི་བཞི་སྟོང་གིས་བདེན་པ་མཐོང་ངོ༌། བཅོམ་ལྡན་འདས་ཀྱིས་དང་པོར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་སེམས་ཅན་གྱི་དོན་ མཛད་པ་གང་ཡིན་པ་དེ་ནི་ཤཱ་རི་བུས་ཀྱང་ལོ་བརྒྱར་རྟོགས་པར་མི་ནུས་སོ། དེ་བཞིན་དུ་གདུལ་བྱ་སོ་སོའི་བསམ་པ་དང་མཐུན་པར། བར་པ་མཚད་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང༌། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་རྣམས་བསྐོར་བར་མཛད་དེ། དེ་དག་ཀྱང་རིམ་ཅན་དུ་བསྐོར་པར་འདོད་པ་དང་ཅིག་ཅར་བསྐོར་བར་འདོད་པའི་ཕྱོགས་ གཉིས་ཀྱི། དང་པོ་ལྟར་ན་མདོ་སྡེ་བདུན་བརྒྱ་པ་ལས། ཐུབ་པས་ཆོས་ཀྱི་ཕུང་པོ་རྣམས། སེམས་ཅན་དོན་དུ་རབ་གསུངས་པ། གནས་དང་དུས་སོགས་རིམ་གྱིས་ནི། ཚངས་པའི་དབྱངས་ཀྱིས་བཀའ་སྩལ་ཏེ། ཞེས་གསུངས་པ་ལྟར། གནས་བྱ་རྒོད་ཕུང་པོའི་རི་ལ། ཐུན་མོང་གི་འཁོར་བཞི་དང༌། ཐུན་མོང་མ་ཡིན་པ་ས་ཆེན་པོ་རབ་ཏུ་འཐོབ་པའི་འཁོར་རྣམས་ལ་བཀའ་བར་པ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་ཆོས་འཁོར་བསྐོར་བ་དང༌། ལྷ་ཀླུ་མིའི་གནས་ངེས་པ་མེད་པ་རྣམས་སུ་བཀའ་ཐ་མ་ངེས་པ་དོན་གྱི་ཆོས་འཁོར་ བསྐོར་བ་སྟེ། ཕྱི་མ་ལྟར་ན། དེ་དག་ཀྱང་བྱ་བ་རྫོགས་པའི་དུས་གཅིག་ལ་བསྟན་པ་ལྟར་སྣང་སྟེ། མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ་ལས། ང་ཡི་ཅི་ཡང་མ་གསུངས་པར། སེམས་ཅན་རྣམས་ལ་ཁྱབ་བདལ་སྣང༌། གང་ཚེ་རིམ་གྱིས་མངོན་འདོད་པ། དེ་དག་ཀུན་ལ་དེ་བཞིན་ཏེ། དུས་གཅིག་ཉིད་དུ་འཇུག་པ་ལ། ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང༌། ཡིད་བཞིན་རེ་བ་རྣམས་བསྐོང་བའི། གསུང་གི་ཆེ་བ་དེ་ཉིད་དོ། ཞེས་དབང་པོའི་རིམ་པས་འཁོར་ལོ་གསུམ་ཅིག་ཅར་དུ་ཐོབ་པ་དང༌། རིམ་གྱིས་འཇུག་པའི་ལས་ཅན་རྣམས་ལ་རིམ་པས་ཐོས་པ་གསུང་སྒྲ་ཚིག་དང་མཚན་མ་ལས་ འདས་པའི་ཁྱད་ཆོས་ཡིན་ནོ། གཞན་ཡང་སྐབས་དེ་དག་དང་དུས་གཞན་ལའང་རུང་སྟེ། གྲགས་པ་ལ་སོགས་པའི་ཉེ་བའི་ལྔ་སྡེ་དང༌། གྲོང་པའི་ཁྱེའུ་ལྔ་བཅུས་ཀྱང་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་མཛད། སླར་གྲོང་ཁྱེར་བདེ་ལྡན་དུ་གཤེགས་ཏེ་དགའ་མོ་དང་དགའ་སྟོབས་མ་བདེན་པ་ལ་བཀོད། དེ་ནས་ནཻ་རཱཉྫ་ནའི་འགྲམ་ན་གནས་པའི་སྟེང་རྒྱས་འོད་སྲུངས་རལ་པ་ཅན་འཁོར་ལྔ་ བརྒྱ་དང༌། ཆུ་ཀླུང་འོད་སྲུངས་དང་ག་ཡ་འོད་སྲུངས་གཉིས་འཁོར་ཉིས་བརྒྱ་ལྔ་བཅུ་རེ་དང་བཅས་ པ་སྟེ། སྟོང་པོ་ཐམས་ཅད་རབ་ཏུ་བྱུང་ནས་རིམ་པར་གཤེགས་ཏེ། ཆོ་འཕྲུལ་གསུམ་གྱི་མཛད་པས་ཐམས་ཅད་ཀྱི་དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། དེ་ནས་མ་གྷ་དྷར་བཏང་བྲང་གི་ཚལ་དུ་གཤེགས་ཏེ། དེར་གཟུགས་ཅན་སྙིང་པོ་མི་འབུམ་ཕྲག་དུ་མ་དང་བཅས་པ་དང་ལྷ་བརྒྱད་ཁྲི་དང་བཅས་པ་ བདེན་པ་ལ་བཀོད་དོ། དེ་ནས་རྒྱལ་པོའི་ཁབ་ཏུ་གཤེགས་ཏེ། ཤཱ་རིའི་བུ་དང་མཽཀལ་གྱི་བུ་འཁོར་ཉིས་བརྒྱ་ལྔ་བཅུ་དང་བཅས་པ་དགྲ་བཅོམ་པ་ལ་ བཀོད་དོ། དེ་ནས་འོད་སྲུངས་ཀྱི་ཚོགས་དང་བཅས་པས་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་ འདུན་ཞེས་གྲགས་སོ། དེ་ནས་མགོན་མེད་ཟས་སྦྱིན་གྱིས་སྤྱན་དྲངས་པས། རྒྱལ་པོའི་ཁབ་ནས་གཉན་ཡོད་དུ་གཤེགས་སོ། དེའི་ཚེ་ཟས་གཙང་གིས་སེར་སྐྱར་སྤྱན་དྲངས་ནས། སེར་སྐྱའི་ནྱ་གྲོ་དྷའི་གཙུག་ཁང་བྱས་ཏེ་དེར་བཞུགས། ཤཱཀྱ་མང་པོ་བདེན་པ་ལ་བཀོད་དོ། དེ་བཞིན་དུ་གཉན་དུ་ཡོད་པ་དང༌། ཡངས་པ་ཅན་དང༌། རྒྱལ་པོའི་ཁབ་དང༌། ཀཽ་ཤམྦྷི་དང་གནས་བཅས་དང༌། ཆུ་སྲིན་བྱིས་པ་བསོད་པ་ལ་སོགས་པར་བསྟན་པ་རྒྱས་པར་མཛད་ཅིང༌། སུམ་ཅུ་རྩ་གསུམ་གནས་སུ་ཡུམ་གྱི་དོན་དུ་དབྱར་གནས་པ་་དང༌། དེ་ནས་ཡུལ་ཀ་ཤིར་ལྷ་ལས་བབས་པ་ལ་སོགས་པ་མཛད་དོ།

བཅུ་གཉིས་པ་མྱ་ངན་ལས་འདས་པའི་མཛད་པ་ནི།

 སྤྱིར་ བཅོམ་ལྡན་འདས་ནི་བསྐལ་པ་དཔག་ཏུ་མེད་པར་བདུད་བཞི་ལས་རྣམ་པར་རྒྱལ་བའི་གོ་འཕང་ ལ་གནས་པས་མྱ་ངན་ལས་འདའ་བར་མེད་ཀྱང༌། གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་རྟག་པར་འཛིན་པ་བཟློག་པའི་ཕྱིར་དང༌། ཚུལ་དེས་སེམས་ཅན་མང་པོ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མྱ་ངན་ལས་འདའ་བར་སྟོན་ པར་མཛད་དོ། དེ་ནས་དེ་བཞིན་གཤེགས་པས་སངས་རྒྱས་གྱི་བསྟན་པ་འཁོར་རྣམ་པ་བཞི་དང་བཅས་པ་གནས་ བསྟན་འོད་སྲུང་ཆེན་པོ་ལ་གཏད་དེ། དེ་ནས་ཀྱང་གྲོང་ཁྱེར་རྩྭ་ཅན་དུ་གྱད་ཀྱི་ཡུལ་དང་ལྟ་བ་ཤིང་སཱ་ལ་ཟུང་གི་ཚུལ་ དུ་བྱོན་ཏེ་མྱ་ངན་ལས་འདའ་བའི་དགོངས་པ་ཉེར་བར་བཞག་གོ། སྐབས་འདིར་བཅོམ་ལྡན་འདས་སྐུ་དངོས་ཀྱིས་གདུལ་བྱ་མཐའ་མར་གྱུར་པ་དྲི་ཟའི་རྒྱལ་ པོ་རབ་དགའ་དང་ཀུན་ཏུ་རྒྱུ་རབ་བཟང་ཡང་བཏུལ་ལོ། དེ་ནས་ཀུན་དགའ་བོས། སྐུ་གདུང་ལ་ཇི་ལྟར་བགྱི་ཞུས་པས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་བྱ་བ་བཞིན་བྱོས་ཤིག་ཅེས་གསུངས་སོ། དགེ་སློང་དག་ཐེ་ཚོམ་ཡོད་པ་དག་དྲིས་ཤིག་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་འོ། ཞེས་ཀྱང་གསུངས་ཤིང་སེང་གེའི་ཁྲི་ལ་བཞུགས་ཏེ། སྐུའི་སྟོད་གཡོགས་བསལ་ཏེ། དགེ་སློང་དག དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ཤིག དེ་བཞིན་གཤེགས་པར་ལྟ་བ་ནི་རྙེད་པར་དཀའ་སྟེ་མེ་ཏོག་ཨུ་དུམྦཱར་བཞིན་ནོ། དགེ་སློང་དག་ཅང་མ་སྨྲ་ཞིག་དང༌། འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ནོ་ཞེས་པ་གསུང་གི་ཐ་མ་ཉིད་སྩལ་ ཏོ། གནས་དེ་ཉིད་དུ་སྟན་བདུན་གྱི་ཁྲི་ལ་གློ་གཡས་ཕབ་ནས། སེང་གེའི་སྟབས་ཀྱིས་གཟིམས་སོ། དེ་ནས་བསམ་གཏན་བཞི་དང་གཟུགས་མེད་བཞི་དང་འགོག་སྙོམས་ལུགས་འབྱུང་ལུགས་ལྡོག་ལ་ མཉམ་པར་བཞག་ནས། དཔྱིད་ཟླ་ཐ་ཆུང་ཉའི་གུང་ཐུན་ལ་སླར་ཡང་བསམ་གཏན་བཞི་ལ་བཞུགས་ཏེ་རབ་མཐའ་ལ་མྱ་ ངན་ལས་འདའ་བའི་ཚུལ་བསྟན་ཏོ། དེ་མ་ཐག་ཏུ་ས་གཡོ་བ་ལ་སོགས་པའི་ལྟས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་འདི་དག་ནི་འཁྲུགས་པར་གྱུར་ཏོ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དང་མཉམ་དུ་དགྲ་བཅོམ་པ་ཁྲི་བརྒྱད་སྟོང་ ཡང་མྱ་ངན་ལས་འདས་སོ། དེ་ནས་ཀུན་དགའ་བོ་དང་རྩྭ་ཅན་གྱི་གྱད་རྣམས་ཀྱིས་ཞག་བདུན་བར་དུ་སྐུ་གདུང་ མཆོད་ཅིང༌། བདུན་པ་ལ་གཞོན་ནུ་རྣམས་ཀྱི་ཁྱོགས་བཏེག་སྟེ། གྱད་ཀྱི་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་དྲངས་ནས། སྐུ་གདུང་ཤིང་བལ་དང༌། རས་ཟུང་ལྔ་བརྒྱས་གཡོགས་ཏེ་ལྕགས་ཀྱི་སྒྲོམ་བུར་བཅུག་ནས་འབྲུ་མར་གྱིས་བཀང་བ་ ཁ་བཀབ་སྟེ་དྲི་ཞིམ་པོའི་ཤིང་སྤང་པ་དང་ལྷན་ཅིག་ཏུ་ཞུགས་ལ་བཞེན་པར་བརྩམས་ཀྱི་ མེ་འབར་པར་མ་གྱུར་ཏོ། དེའི་ཚེ་རྒྱལ་པོའི་ཁབ་ནས་གནས་བརྟན་འོད་སྲུངས་ཆེན་པོ་འཁོར་ལྔ་བརྒྱ་དང་བཅས་ བྱོན་ནས་སྒྲོམ་གྱི་ཁ་ཕྱེ་ཞིང་ཤིང་དང་རས་བལ་རྣམས་ལེགས་པར་བསལ་ནས་སྐུ་གདུང་མ་ ཉམས་པ་ལ་ཕྱག་བྱས་ཏེ། སླར་སྔ་མ་ཇི་ལྟ་བ་བཞིན་དུ་བྱས་ནས་བཞག་པ་ན་མེ་རང་འབར་དུ་བྱུང་སྟེ་ཞུགས་བཞེས་ པར་གྱུར་ཏོ། དེ་ནས་སྒྲོམ་བུ་ཁ་ཕྱེ་ནས་བལྟས་པས། གདུང་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་གྱི་ཕུང་པོར་གྱུར་པ་དང༌། རས་ཕྱི་མ་དང་ནང་མ་གཉིས་པོ་མ་ཚིག་པར་གནས་པ་དང་བཅས་པ་གྱད་རྣམས་ཀྱིས་གྲོང་ ཁྱེར་གྱི་དབུས་སུ་སྤྱན་དྲངས་སོ། དེ་ནས་དགུང་བདུན་ལོན་པ་དང༌། ཕྱོགས་ཀྱི་རྒྱལ་པོ་རྣམས་ཀྱིས་ཀྱང་སྐུ་གདུང་རིང་བསྲེལ་གྱི་སྐལ་བ་ལེན་པའི་ ཕྱིར་དཔུང་ཡན་ལག་བཞི་གོ་བགོས་ཏེ་རྩྭ་ཅན་དུ་ཕྱིན་ནས། ངེད་ལ་གདུང་གི་སྐལ་བ་བྱིན་ཅིག མི་སྟེར་ན་དམག་གིས་འཕྲོག་གོ་བྱས་པས། རྩྭ་ཅན་གྱི་གྱད་རྣམས་ཀྱིས་ཀྱང༌། དེ་བཞིན་བྱའོ་ཟེར་ནས་གདུང་མ་སྟེར་བས་མཁོན་པར་གྱུར་པའི་ཚེ། སྐབས་དེར་བྲམ་ཟེ་བྲེ་བོ་དང་མཉམ་པ་ཞེས་བྱ་བ་བསོད་ནམས་དང་ལྡན་ཅིང་ཚིག་བཙན་ལ་ དགེ་ཞིང་དྲང་ལ་བློ་གྲོས་ཆེ་བ་ཞིག་ཡོད་པ་དེས། ཤེས་ལྡན་དག་ཉོན་ཅིག བཅོམ་ལྡན་འདས་ནི་ཡུན་རིང་པོ་ནས་བཟོད་པ་དང་ལྡན་ཞིང་བཟོད་པའི་བསྔགས་པ་བརྗོད་ པ་ཡིན་ན། དེའི་སྐུ་གདུང་གི་ཕྱིར་རྩོད་པར་མི་རིགས་པས། ངས་གདུང་ཆ་བརྒྱད་དུ་བགོ་བཤའ་བྱ་ཡི། སྣོད་དེ་ཁོ་བོ་ལ་བྱིན་ཅིག་ཅེས་སྨྲས་པས། ཐམས་ཅད་མཁོན་ཞི་ནས་བློ་གྲོས་གཅིག་ཏུ་གྱུར་ནས་ཀུན་གྱིས་ཁས་བླངས་སོ། དེ་ནས་བྲམ་ཟེ་དེས་ཕྱོགས་ཀྱི་རྒྱལ་པོ་རྣམས་ལ་སོ་སོའི་གནས་སུ་སྐུ་གདུང་གི་ མཆོད་རྟེན་དག་བརྩིགས་པའི་ཕྱིར་རིང་བསྲེལ་རྣམས་ཆ་བརྒྱད་དུ་བགོས་ཏེ་སོ་སོར་ བྱིན་ཏེ། སྐུ་གདུང་ཆ་བརྒྱད་ཀྱི་དང་ཀོ་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་བྱིན། གཉིས་པ་ཡུལ་སྡིག་པ་ཅན་གྱི་གྱད་ལ་བྱིན། གསུང་པ་ཡུལ་རྟོགས་པ་གཡོ་བའི་རྒྱལ་རིགས་བུ་ལུ་ཀ་ཆེན་པོ་ལ་བྱིན། བཞི་པ་གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་རིགས་ཀྲོ་ཏྱ་པ་ལ་བྱིན། ལྔ་པ་ཁྱབ་འཇུག་གི་གླིང་གི་བྲམ་ཟེ་ལ་བྱིན། དྲུག་པ་སེར་སྐྱའི་རྒྱལ་རིགས་ཤཱཀྱ་བར་གཏོགས་པ་རི་བྲག་པ་རྣམས་ལ་བྱིན། བདུན་པ་ཡངས་པ་ཅན་གྱི་ལི་ཙྪ་བའི་རྣམས་ལ་བྱིན། བརྒྱད་པ་གྲོང་ཁྱེར་མ་ག་དྷའི་ནང་ཟན་ལ་གཏོགས་པ་བྲམ་ཟེ་དབྱ, ར་བྱེད་ལ་བྱིན། གདུང་བཅུག་པའི་བུམ་པ་བ, ྲམ་ཟེ་བྲེ་བོ་དང་མཉམ་པར་རང་གིས་བགྱིས། གདུང་བསྲེགས་པའི་སོལ་བ་རྣམས་བྲམ་ཟེའི་ཁྱེའུ་ནྱ་གྲོ་རྡ་ལ་བྱིན་ཏེ་སོ་སོ་ནས་ མཆོད་རྟེན་རེ་རེ་བཞེངས་སོ། དེ་ལྟར་ཡང་ལུང་ལས། , སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། བདུན་, ནི་འཛམ་བུ་གླིང་པའི་མཆོད་པར་ཐོབ། སྐྱེས་མཆོག་དེ་ཡི་བྲེ་བོ་གང་ཞིག་ནི། གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད། གཉིས་པ་ཚིག་འཛིན་གྲོང་ཁྱེར་ཡིད་འོང་ན། གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི། གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། མྱ་ངན་མེད་རྒྱལ་སྐྱ་སྣར་བུར་གནས་པས། མཆོད་རྟེན་བདུན་པོ་རྒྱ་ཆེར་སྤེལ་བྱས་ཏེ།དེ་ཡི་མཐུ་ཡིས་དབྱིགས་འཛིན་འདིར་ཡང་ ནི། སྨོན་ལམ་དངོས་པོས་མངོན་པར་བརྒྱན་གྱུར་ཏེ། འདི་ལྟར་སྤྱན་ལྡན་སྐུ་གདུང་དེ་ལ་ནི། ལྷ་དབང་ཀླུ་དབང་མི་ཡི་དབང་པོ་དང༌། མི་དང་ཀླུ་དང་གནོད་སྦྱིན་བདག་པོ་ཡིས། རབ་ཏ, , ུ་བཀུར་ནས་བཀུར་སྟི་མཆོད་པར་བྱས། རབ་མཁྱེན་ཐུགས་རྗེ་ལྡན་པ་སྟོབས་མངའ་བ། ཤཱཀྱའི་རིགས་འཁྲུངས་མ་ག་རྡར་བྱང་ཆུབ། ཀཱ་ཤིར་ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཏེ། གྲོང་ཁྱེར་རྩྭ་ཅན་བརྟེན་ནས་མྱ་ངན་འདས། ཞེས་འབྱུང་ངོ༌། དེ་ཡང་སྤྱིར་མྱ་ངན་ལས་འདའ་ཞེས་པ་ནི། ཇི་སྐད་དུ། ལུས་ཞིག་ཚེར་བ་བསིལ་བར་གྱུར། འདུ་ཤེས་འགགས་ཤིང་འདུ་བྱེད་ཞི། རྣམ་པར་ཤེས་པ་ནུབ་འགྱུར་བ། གང་ཡིན་དེ་ནི་སྡུག་བསྔལ་མཐའ། ཞེས་ཟེར་མོད་ཀྱི་དེ་བཞིན་གཤེགས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་འཁོར་བར་མི་གནས་ལ། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཡོངས་སུ་མི་བཏང་བས་ཞི་བར་མི་གནས་པའི་ཕྱིར་ རོ། དེས་ན་ཉེས་པ་བག་ཆགས་དང་བཅས་སྤངས་པས་སྡུག་བསྔལ་གྱི་ལྷག་མ་མེད་པ། འཁོར་བ་ཇི་སྲིད་བར་སྐུ་དང་ཡེ་ཤེས་ཕྲིན་ལས་རྒྱུན་མི་འཆད་པས་ལྷག་མ་མེད་པའང་མ་ ཡིན་ནོ། དེས་ན་ཉན་ཐོས་རྣམས་ཡང་སྲིད་ལེན་པའི་རྒྱུ་ཟད་ནས་མར་མེ་ཤི་བའམ་བུད་ཤིང་ཟད་ པའི་མེ་བཞིན་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདའ་བར་བཞེད་པ་དང་ཁྱད་པར་ཆེ་བའང་ ཡིན་ནོ། དེ་ལྟར་སྟོན་པ་བྱོན་ཚུལ་ཐེག་པ་ཐུན་མོང་བར་གྲགས་པ་ལྟར་ཏེ། སྤྱིར་ཐེག་པ་ཆེ་ཆུང་དང་སྔགས་ཀྱི་ལུགས་དང་ཐེག་མཆོག་རྫོགས་པ་ཆེན་པོའི་ལུགས་ སོགས་གང་ཡང་རྒྱལ་བའི་བཀའ་ཡིན་མཉམ་ལས་མ་འདས་མོད། འོན་ཀྱང་དེ་བཞིན་གཤེགས་པའི་མཛད་པ་འགྲོ་བ་ཕལ་པ་ཐམས་ཅད་ཀྱི་མཐུན་སྣང་དུ་གྱུར་ པ་ནི་ཐེག་པ་ཐུན་མོང་བའི་ལུགས་ཉིད་གཙོ་ཆེ་ཞིང་གང་ཟག་མཆོག་རྣམས་ཀྱི་ངོར་ནི་ ཐེག་པ་ཆེན་པོའི་ཚུལ་དང་གསང་བ་སྔགས་ཀྱི་ཚུལ་རྒྱ་ཆེ་ཞིང་བསམས་ཀྱིས་མི་ཁྱབ་ པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། ཀུན་གྱི་ཐུན་མོང་དུ་མ་གྱུར་པའི་གསང་བ་ཆེན་པོའི་རྣམ་པར་ཐར་པ་བླ་ན་མེད་པ་ཡིན་ མོད་ཀྱི། དེ་ལྟ་ནའང་ཡོངས་སུ་གྲགས་པ་ཉིད་གཙོ་ཆེ་བའི་དབང་དུ་བྱས་ཤིང༌། སྐུ་ཚེ་དང་མཛད་འཕྲིན་ཕལ་ཆེར་དེའི་རྗེས་སུ་འགྲོ་དགོས་པའི་ཕྱིར་དང༌། བསྟན་པའི་གོ་རིམ་དང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ་སོགས་ཤེས་སླ་བའི་ཕྱིར་ཅུང་ཟད་ རྒྱས་པར་བསྙད་པར་བྱས་པ་ཡིན་ནོ། །


·གསར་འགྱུར་གོང་མ:ལག་འཁྱེར་ཁ་པར་ཀྱིས་ཀླད་པ་ལ་གནོད།
·གསར་འགྱུར་འོག་མ:གློག་བརྙན་གསར་པ་གླིང་དཀར་སྟོད་ཀྱི་བྱམས་པ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 0:10:47 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:28:53 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 2:39:32 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS