བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད།
དེང་དུས་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་འཕྲིན་ལས་ཆོས་གྲགས་ལགས་ཀྱིས་བརྩམས་པའི་བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས་ཞེས་བྱ་བ་དེ་ཁ་སྔོན་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་འགྲེམ་བྱས་ཏེ་ཕྱོགས་ཡར་མར་གྱི་དཔེ་ཚོང་ཁང་དུ་ཉོ་རྒྱུ་ཡོད་འདུག མཚོ་སྔོན་ཨ་མདོ་སོགས་ཁུལ་དུའང་སླེབས་ཡོད་རྒྱུ་རེད།
ལོ་ཙཱའི་རིགས་ལམ་རྣམ་བཤད་འདི་ནི་རྒན་ཁོང་གིས་བོད་ལྗོངས་སློབ་ཆེན་གྱི་ལོ་ཙཱ་ཆེད་གཉེར་ཤེས་རམས་ཞིབ་འཇུག་སློབ་མ་ཚོར་བཤད་ཁྲིད་བྱས་པའི་ཟིན་ཐོ་ལ་གཞིར་བཟུང་ནས་བརྩམ་གནང་བ་ཞིག་ཡིན་འདུག དེའི་ནང་གནའ་ནས་བོད་ཁ་བ་ཅན་འདིར་ཤེས་རིག་དཔལ་ཡོན་ཇི་ལྟར་དར་བའི་སྐོར་བཤད་པ་དང་། སྔ་ཕྱིར་བོད་དུ་ལོ་ཙཱའི་སྲོལ་ཇི་ལྟར་དར་བའི་སྐོར་བཤད་པ། འཕགས་བོད་བརྡ་སྤྲོད་རིག་པ་བྱུང་འཕེལ་གྱི་སྐོར་བཤད་པ། སམ་བོད་ལོ་ཙཱའི་གཞུང་ལུགས་གྲུབ་ཚུལ་གྱི་སྐོར་བཤད་པ། བསྟན་པ་ཕྱི་དར་སྐབས་ཀྱི་བོད་ཀྱི་ལོ་ཙཱའི་རིགས་ལམ་ཐད་མཛད་རྗེས་ཆེ་བའི་ལོ་པཎ་འགའི་རྟོགས་པ་བརྗོད་པ། དེང་རབས་ལོ་ཙཱའི་རིགས་ལམ་རྣམ་བཤད། ལོ་ཙཱའི་དཔྱད་བརྗོད་སྐོར་མདོ་ཙམ་གླེང་བ་བཅས་རབ་བྱེད་ཆེན་པོ་དྲུག་ཙམ་གྱི་ཐོག་ནས་བོད་ཀྱི་གནའ་དེང་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་རིགས་ལམ་སོགས་ཐད་རྒྱས་བཤད་ཁ་གསལ་གནད་འཕིགས་གནང་ཡོད་པས། དེང་གི་སྐབས་སུ་ལོ་ཙཱའི་བྱ་བ་གཉེར་མཁན་ཚོར་བློ་སྒོ་གསར་དུ་འབྱེད་རྒྱུར་དཔྱད་གཞིའི་རིན་ཐང་ཧ་ཅང་ཆེ་བར་བསམ་ནས་ད་ལམ་འདིར་ཆེད་དུ་འོས་སྦྱོར་ཞུས་པ་ལགས།