༄༅།།འཁར་གསིལ་གྱི་མཚོན་དོན་བཀའ་གདམས་
གླེགས་བམ་ལས་ཁོལ་དུ་ཕྱུང་བ།
བྲག་སྒང་བློ་བཟང་རྡོ་རྗེ།
བཀའ་གདམས་བསྟན་པའི་སྒྲོན་མེ་ཇོ་བོ་རྗེ།། བཀའ་བཞིན་སྒྲུབ་ལ་ཟླ་བྲལ་འབྲོམ་སྟོན་རྗེ།། བཀའ་དྲིན་གསུམ་ལྡན་དྲིན་ཅན་བླ་མ་རྗེ།། བཀའ་གདམས་བསྟན་འཛིན་འགྲོ་འདྲེན་རྣམ་གསུམ་ཞབས།། ལན་བརྒྱར་བཏུད་ནས་མཁར་སིལ་མཚོན་དོན་སོགས།། ཨ་ཏི་ཤ་ཡིས་བཀའ་གདམས་གླེགས་བམ་ལས།། ཇི་ལྟར་གསུངས་བཞིན་ཟུར་དུ་འགོད་པ་ལ།། བླ་མ་ལྷ་ཡིས་སྣང་བ་སྩལ་དུ་གསོལ།། ཞེས་ཤིས་བརྗོད་ཀྱི་མེ་ཏོག་ཅུང་ཟད་འཐོར་བ་དང་ཆབས་ཅིག་དཔལ་མར་མེ་མཛད་ཡེ་ཤེས་དང་། འབྲོམ་རྒྱལ་བའི་འབྱུང་གནས་གཉིས་ཀྱིས་དྲི་བ་དྲི་ལན་གྱི་ཚུལ་དུ་འཁར་གསིལ་གྱི་མཚོན་དོན་དང་། འཆང་ཚུལ། འཆང་བའི་ཕན་ཡོད་སོགས་བརྗོད་པ་ལ་ཐོག་མར་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་བཞུགས་གནས་སྙེ་ཐང་འོར་དུ་ནི། ལས་ཅན་ཨུ་པ་སི་ཀ་ཡིས། ཇོ་བོ་རྗེ་ལ་འདི་སྐད་ཞུས། བློ་ལྡན་བླ་མ་དགོངས་སུ་གསོལ། མདུད་པ་གཅིག་དང་དུམ་བུ་གསུམ། བར་ཤིང་གསོམ་དང་སྨད་ཞོགས་བདུན། སྟོད་ཞོགས་བརྒྱད་དང་རྭ་ཆེན་བཞི། མཆོད་རྟེན་གཉིས་དང་འཁོར་ལོ་ཀྱུ། སྦུབས་གཉིས་སྟོང་དང་ཟུང་དུ་འབྲེལ། ཨ་ལོང་བཅུ་གཉིས་ཡོད་པ་འདི། བདག་གི་ཐེ་ཚོམ་བཅད་པའི་ཕྱིར། གང་ལྟར་ལགས་པ་གསུང་དུ་གསོལ། ཞེས་ཞུས་པར་ཇོ་བོ་རྗེ་ཨ་ཏི་ཤས་མཚོན་དོན་གསུངས་པ་ནི་ཇོ་བོའི་ཞལ་ནས་འདི་སྐད་གསུངས། མདུད་པ་གཅིག་ཏུ་ཡོད་པ་ནི། ངན་སོང་སྒོ་བཅོད་མཚོན་པའི་བརྡ། དུམ་བུ་གསུམ་དུ་ཡོད་པ་ནི། ཚུལ་ཁྲིམས་སེམས་དང་ཤེས་རབ་སྟེ། བསླབ་པ་གསུམ་པོ་མཚོན་པའི་བརྡ། བར་ཤིང་གསོམ་དུ་ཡོད་པ་ནི། དགེ་སྦྱོང་སེམས་ནི་ཡང་ཤིང་གསོང་། གཡོ་སྒྱུ་མེད་པར་མཚོན་པའི་བརྡ། སྨད་ཞོགས་བདུན་དུ་ཡོད་པ་ནི། བྱང་ཆུབ་ཡན་ལག་བདུན་པོ་མཚོན། སྟོད་ཞོགས་བརྒྱད་དུ་ཡོད་པ་ནི། འཕགས་ལམ་བརྒྱད་པོ་མཚོན་པའི་བརྡ། རྭ་ཆེན་བཞི་རུ་ཡོད་ནི། འཕགས་པའི་བདེན་བཞི་མཚོན་པའི་བརྡ། མཆོད་རྟེན་གཉིས་སུ་ཡོད་པ་ནི། གཟུགས་སྐུ་རྣམ་གཉིས་མཚོན་པའི་བརྡ། ཆོས་སྐུ་སྤྲོས་བྲལ་བརྗོད་ལས་འདས། འཁོར་ལོ་འདི་ནི་བདེན་བཞི་ཡིས། ཆོས་ཀྱི་འཁོར་ལོ་སྤྲུལ་སྐུ་ཡིས། ཝ་རྭ་ཎ་སིར་ལྔ་སྡེ་དང་། འཁོར་གྱི་ཚོགས་ལ་བསྐོར་བ་མཚོན། ལྕགས་ཀྱུ་འདི་ནི་ཐུགས་རྗེ་ཡིས། འགྲོ་བ་མ་ལུས་འདྲེན་པར་མཚོན། སྟོད་སྦུབས་སྟོང་བར་ཡོད་པ་ནི། ཆོས་བདག་རང་བཞིན་མེད་པའི་བརྡ། སྨད་སྦུབས་སྟོང་བར་ཡོད་པ་ནི། གང་ཟག་བདག་མེད་མཚོན་པའི་བརྡ། སྟོད་སྨད་ཟུང་དུ་འབྲེལ་བ་ནི། ཐབས་དང་ཤེས་རབ་གཉིས་པོ་མཚོན། ཨ་ལོང་བཅུ་གཉིས་ཡོད་པ་ནི། མ་རིག་འདུ་བྱེད་རྣམ་པར་ཤེས། མིང་གཟུགས་སྐྱེ་མཆེད་དྲུག་དང་ནི། རེག་ཚོར་སྲེད་ལེན་སྲིད་སྐྱེ་དང་། རྒ་ཤི་དང་ནི་བཅུ་གཉིས་ཏེ། རྟེན་འབྲེལ་བཅུ་གཉིས་མཚོན་པའི་བརྡ། དུས་གསུམ་རྒྱལ་བ་སྲས་དང་བཅས། ཉན་རང་འཕགས་པའི་ཚོགས་རྣམས་ཀྱིས། ཕྱག་འཁར་མཆོད་རྟེན་བརྡ་མཚོན་ཡིན། མདོ་ནས་གཉིས་བྱེད་བྱ་བར་གསལ། ཞེས་གསུངས་འཁར་གསིལ་གྱི་ཁྱད་པར་སོགས་བསྟན་པ་ནི། སླར་ཡང་ཨུ་པ་སི་ཀ་ཡིས། ཇོ་བོ་རྗེ་ལ་འདི་སྐད་ཞུས། འདི་ལ་ལུགས་ནི་རྣམ་པ་དུ། འདི་ལ་འཆང་ལུགས་ཇི་ལྟར་བགྱི། འདི་ཐོགས་པ་ལ་ཡོན་ཏན་ཅི། འདི་ཐོག་གང་ཟག་སུ་ཞིག་ཡིན། གོང་དུ་གསུངས་པ་ཁོ་ནའམ། འདི་འཆང་རྣམས་ཀྱི་བྱ་བ་ཅི། འདི་ཐོགས་བསོད་སྙོམས་ཇི་ལྟར་རྒྱུ། ཞེས་གསོལ་བར་ཇོ་བོའི་ཞལ་ནས་འདི་སྐད་གསུང་། འདི་ལ་ལུགས་ནི་རྣམ་པ་བཞི། འདས་པའི་ལུགས་དང་མ་འོངས་ལུགས། ད་ལྟར་ལུགས་དང་གསུམ་སྤྱད་ལུགས། མར་མེ་མཛད་དུས་བདེན་པ་གཉིས། ཀུན་རྫོབ་དང་ནི་དོན་དམ་སྟེ། རྭ་ཆེན་གཉིས་ཀྱིས་མཚོན་པ་ཡིན། འདི་ནི་འདས་པའི་སངས་རྒྱས་ལུགས། བྱམས་པ་མགོན་དུས་བདེན་པ་གཅིག མྱ་ངན་འདས་པ་བདེན་གཅིག་པོ། རྭ་ཆེན་གཅིག་གིས་མཚོན་པ་ཡིན། འདི་ནི་མ་འོངས་སངས་རྒྱས་ལུགས། ཤཀྱ་ཐུབ་དུས་བདེན་པ་བཞི། སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ། རྭ་ཆེན་བཞི་ཡིས་མཚོན་པ་ཡིན། འདི་ནི་ད་ལྟར་སངས་རྒྱས་ལུགས། གསུམ་ག་སྤྱོད་ལུགས་ཕར་ཕྱིན་དྲུག སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། བསམ་གཏན་ཤེས་རབ་འདི་དྲུག་གོ། རྭ་ཆེན་དྲུག་གིས་མཚོན་པ་ཡིན། ལུགས་བཞི་འདི་ལ་མཁས་པར་གྱིས། ཞེས་དང་འཁར་གསིལ་འཆང་ཚུལ་ནི། འདི་ལ་འཆང་ལུགས་འདི་ལྟར་བགྱི། མདུང་ཐོགས་བཞིན་དུ་མི་བསླང་ཞིང་། དོང་ཐོགས་བཞིན་དུ་མི་སྐྱེར་རོ། མ་ནི་བུ་གཅེས་འཛིན་པ་བཞིན། སེམས་ཀྱི་བསླབ་པ་ཐུགས་ཀར་བཅང་། ཀུ་ཀུ་ར་ཙ་ལ་སོགས་པ། གང་ན་འཇིགས་པ་ཡོད་པའི་སར། གང་ལྟར་བྱས་ཀྱང་ཉེས་པ་མེད། བསླབ་གསུམ་ཐབས་དང་ཤེས་རབ་ནི། ནམ་ཡང་འབྲལ་བར་མི་བྱའོ། མཆོད་རྟེན་ཡིན་པས་གུས་པར་བཅང་། བརྡ་ཆོས་ཡིན་པས་ཉམས་སུ་བླང་། ཞེས་དང་འཁར་གསིལ་འཆང་བའི་ཕན་ཡོན་ནི། འདི་འཆང་ཡོན་ཏན་བསྟན་པ་འཛིན། མི་ཁོམ་བརྒྱད་སྤངས་སྐམ་སར་གནས། གང་ན་འདི་འཆང་ཡུལ་གྱི་དབུས། མཐའ་འཁོབ་རྣམས་ན་འདི་འཆང་མེད། ཁྱིམ་པ་རྣམས་ཀྱི་སྤྱོད་ཡུལ་མིན། ཁྱིམ་པ་རྣམས་ནི་སྡུལ་བསྔལ་བ། འདི་འཆང་རྣམས་ནི་བདེ་བ་ཡིན། ཁྱིམ་ནས་ཕྱུང་ལ་འདི་ནས་ཆོངས། འདོད་པ་ཆུང་ཞིང་ཆོག་ཤེས་ལ། རབ་ཏུ་དབེན་པ་གང་ཡིན་པ། འདི་འཆང་བ་ཡི་གང་ཟག་ཡིན། སྡེ་སྣོད་གསུམ་ལྡན་སུ་སྤྱོད་པ། འདི་འཆང་བ་ཡི་གང་ཟག་ཡིན། ལྷུང་བཟེད་བཟུང་བ་པོ་ནི། གནག་ལ་ཟླུམ་པ་དྲུང་སྲོང་སྣོད། ཚད་དང་ལྡན་པ་སུས་འཆང་བ། འདི་འཆང་བ་ཡི་གང་ཟག་ཡིན། ཆོས་གོས་གྱོན་པ་པོ་ནི། ངུར་མྲིག་གྲུ་བཞི་ཕུ་དུང་མེད། རུང་བའི་གོས་ནི་སུས་གྱོན་པ། འདི་འཆང་བ་ཡི་གང་ཟག་ཡིན། རྟག་ཏུ་བསོད་སྙོམས་ཟས་འཚོ་བ། འདི་འཆང་བ་ཡི་གང་ཟག་ཡིན། ལྷུང་བཟེད་ཀྱི་ཁྱད་ཆོས་ནི། ལུང་མེད་སྣོད་ནི་འགྲིལ་སྙིང་འདོད། བྱ་བ་མང་པོ་འོང་རེ་སྐན། ཆོས་གོས་དང་བསོད་སྙོམས་ཀྱི་ཁྱད་ཆོས་ནི། གྲུ་བཞི་གོས་ནི་འབུད་སྙིང་འདོད། བྱ་བ་མང་པོ་འོང་རེ་སྐན། ཕོངས་པ་རྣམས་ལ་ཐུགས་བརྩེ་བས། རྟག་ཏུ་བསོད་སྙོམས་ཟས་འཚོལ་བ། བྱ་བ་མང་པོ་འོང་རེ་སྐན། ཕ་ཡུལ་བདུད་ཀྱི་བརྩོན་ཁང་འགྱེལ། མི་ཆོས་ལས་ཀྱི་འཆང་ཐག་ཆད། མཛའ་བའི་བཤེས་དང་ལྡན་པའི་དགྲ། ལས་ངན་ཆགས་སྡང་ཡུལ་ལས་བྲོས། ཞིང་མེད་འབྲོག་དགོན་དེ་ལ་མེད། ནོར་ཚོལ་བཟོ་དང་གཞན་དཔོན་དང་། ཁེ་ཚོལ་གཡོག་ཀྱང་དེས་མི་འོང་། བྱ་བ་མང་པོ་འོང་རེ་སྐན། མི་གྲལ་ནས་བུད་རི་དྭགས་འདྲ། འཕྲལ་ལ་ཟས་ཚོལ་བྱ་དང་འདྲ། གོག་སྟེ་ལངས་པས་གཞིས་རྫོགས་པ། བྱ་བ་མང་པོ་འོང་རེ་སྐན། ས་གཅིག་གནས་གཅིག་མི་བསྟེན་པ། ཉི་ཟླ་བཞིན་དུ་ཀུན་ཏུ་རྒྱུ། ཤེས་རབ་གསུམ་གྱིས་རྒྱུད་སྦྱོང་ཞིང་། བྱ་བ་ངན་པ་མཐའ་དག་སྤོང་། ཤྰཀྱ་སེང་གེའི་རྣམ་ཐར་ལ། བྱ་བ་མང་པོ་འོང་རེ་སྐན། རང་དགའ་མ་ཡིན་མདོ་རྣམས་ལྟོས། ཞིབ་པར་ཡིད་ཀྱིས་དོན་གཉེར་མཛོད། བྱ་བ་མེད་པར་ཐར་ལམ་གནས། རྣམ་མཁྱེན་གོ་འཕང་བརྩོན་པས་བགྲོད། ཅེས་མཁར་གསིལ་ཐོགས་པས་ཁྱིམ་དུ་བྱོན་པའི་ཚེ་ཇི་ལྟར་བྱ་ཚུལ་ནི། འདི་ཐོགས་བསོད་སྙོམས་རྒྱུ་བའི་ཚེ། ཁྱིམ་པ་རྣམས་ཀྱི་སྒོ་དྲུང་དུ་། ངན་སོང་སྒོ་གཅོད་རྒྱ་མདུད་ཀྱིས། ངན་སོང་སྒོ་གཅོད་མཚོན་པའི་ཕྱིར། མ་ཐེམ་ལ་ནི་ལན་གསུམ་དུ། དུས་གསུམ་ལན་གསུམ་བརྡུང་བར་བྱ། དེ་བཞིན་ཡ་ཐེམ་ལོངས་སྐུ་ཡིས། ཆོས་ཀྱི་སྒོ་མོ་འབྱེད་པའི་བརྡར། མི་མཐུན་སྤངས་བྱ་དེ་ཡང་བརྡུང་། བར་དུ་རྟེན་འབྲེལ་བཅུ་གཉིས་སྒྲ། ཁྱིམ་པ་རྣམས་ལ་སིལ་ལི་ལི། སྒྲ་དང་ལྡན་པས་སྐྲག་པར་བྱ། འོ་དོད་རྒྱང་བོས་མི་བྱ་ཞིང་། མི་དད་སྤྱོད་པ་རྣམས་སྤང་སྟེ། བག་ཡོད་སྤྱོད་པས་ལེགས་གནས་ལ། སྙན་པའི་ཚིག་གིས་སྒྲོལ་བར་བྱ། འཚོ་བ་མི་རུང་མ་གཏོགས་པ། དམན་ཡང་གང་ཕུལ་བླང་བར་བྱ། བཟང་ངན་ཆགས་སྡང་རྣམས་སྤང་སྟེ། དགེ་རྩ་བསྔོ་ཞིང་སྨོན་ལས་བཏབ། དམན་ཆ་བླངས་ལ་མཐོ་ས་སྐྱངས། རྟག་ཏུ་བསོད་སྙོམས་དོན་ཡོད་རྒྱུ། ཐུབ་པའི་རྣམ་ཐར་མི་ནུབ་བཟུང་། ལུང་དང་མཐུན་པར་རིག་པས་སྡེབས། དེ་ལྟར་སྐུ་གསུམ་མཉེས་པར་ཤོག འདིས་ཀྱང་བསྟན་འགྲོ་ཡོངས་ལ་ཕན་ཐོགས་འབྱུང་བར་གྱུར་ཅིག ཅེས་གསུངས་པ་ལྟར་རོ།