རྟེན་འབྲེལ་ཞུ་ཡིག
༄༅། །རྟེན་འབྲེལ་ཞུ་ཡིག་ཅེས་པ་ནི་ཐུན་མོང་ངམ་མི་སྒེར་ལ་གྲུབ་འབྲས་དང་རྒྱལ་ཁ་གསར་པ་ཐོབ་པའམ་ཡང་ན་ཚོགས་འདུ་གལ་ཆེན་འཚོགས་པ་དང་རྟེན་འབྲེལ་གྱི་བྱེད་སྒོ་སྤེལ་བ་སོགས་ཀྱི་སྐབས་སུ་འགོ་ཁྲིད་ཚན་པ་དང༌། སྤུན་ཟླའི་སྡེ་ཚན། ཡང་ན་མི་སྒེར་བཅས་ཀྱིས་རྟེན་འབྲེལ་མཚོན་བྱེད་དུ་བྲིས་པའི་ཡིག་རིགས་ཤིག་ཡིན། དེང་སྐབས་མི་མང་པོས་ཤོག་བུ་དམར་པོའི་ཐོག་བྲིས་ནས་འབུལ་སྲོལ་འདུག གལ་སྲིད་གློག་འཕྲིན་བརྒྱུད་ནས་གཏོང་དགོས་ཚེ་རྟེན་འབྲེལ་གློག་འཕྲིན་ཞེས་བྲིས་ན་འགྲིག
རྟེན་འབྲེལ་ཞུ་ཡིག་གི་ནང་དོན་དུ་ཕར་ཕྱོགས་ཀྱི་གྲུབ་འབྲས་ཁས་ལེན་དང་གདེང་འཇོག་ཡང་དག་པ་བྱེད་དགོས་པ་དང༌། ཕྱོགས་མཚུངས་ཕར་ཕྱོགས་ཀྱི་བྱ་སྤྱོད་ལ་རྒྱབ་སྐྱོར་དང་བཀྲ་ཤིས་བདེ་ལེགས་ཞུས་ཏེ་གཞེན་སྐུལ་བྱེད་དགོས་པ་མ་ཟད། ཕར་ཕྱོགས་ཀྱི་ཉམས་མྱོང་དང་སྙིང་སྟོབས་སོགས་ལ་སེམས་ཆུང་གིས་སློབ་སྦྱོང་བྱ་རྒྱུའི་འདོད་ཚུལ་ཡང་བསྟན་དགོས། ཡིག་རིགས་དེའི་འབྲི་སྟངས་རྣམ་གཞག་ནི་གོང་གི་ཡིག་རིགས་དང་མཚུངས་པས་འདིར་བསྐྱར་ཟློས་མི་ཞུ།
དཔེ་གཞི།
༄༅། ། ××××ལྕགས་ལམ་བཟོ་སྐྲུན་ནང་ཞུགས་མཁན་དཔོན་དམག་ཡོངས་དང་མི་རིགས་ཁག་གི་ལས་བཟོ་བ་ཡོངས་ལ།
ཟླ××ཚེས××ཉིན××××ལྕགས་ལམ་དེ××ས་ཁུལ་བར་བཏིང་ཚར་བའི་གཏམ་བཟང་འདི་གར་འབྱོར་རྗེས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་དགའ་སྤྲོ་རབ་ཏུ་འཁོལ་བའི་རྣམ་པས་ཁེངས་ཤིང༌། འདིར་ང་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་ཚབ་ཞུས་ཏེ××××ལྕགས་ལམ་བཟོ་སྐྲུན་གྱི་ལས་གྲྭའི་ནང་ཞུགས་མཁན་ལྕགས་ལམ་དམག་གི་དཔོན་དམག་ཡོངས་དང༌། མི་རིགས་ཁག་གི་ལས་བཟོ་བ་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་འཚམས་འདྲི་ཞུ་རྒྱུ་ཡིན།
ལྕགས་ལམ་དེ་ནི་སྤྱི་ལོ××××ལོ་ནས་བཟོ་སྐྲུན་གྱི་འགོ་བཙུགས་ཏེ་ད་བར་ལོ་གཉིས་ལྷག་ཙམ་རིང་ཁྱོན་བསྡོམས་ལེ་དབར××བཏིང་ཟིན་པས་གྲུབ་འབྲས་རླབས་ཆེན་ཐོབ་ཡོད་པ་རེད། ལོ་ཤས་རིང་ལྕགས་ལམ་དམག་གི་དཔོན་དམག་ཡོངས་དང༌། མི་རིགས་ཁག་གི་ལས་བཟོ་བ་ཚོས་གྲང་ངར་དང༌། བྱེ་རླུང༌། ངལ་དུབ་བཅས་ལ་མ་འཛེམས་པར་རི་བོ་དུ་མ་གཤགས་པ་དང༌། དཀའ་ཁྲི་ཁྱད་བསད་བྱས་ནས་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་བྱས་རྗེས་གསར་པ་བཞག་ཡོད།
××××ལྕགས་ལམ་དེ་ནི་རང་ལྗོངས་ཀྱི་ལྷོ་བྱང་གཅིག་ཏུ་འབྲེལ་བའི་གཙོ་བོའི་ལམ་ཞིག་ཡིན་ལ། ཕྱིས་འབྱུང××ལྕགས་ལམ་རྒྱལ་ནང་དུ་མཐུད་རྒྱུའི་གཙོ་བོའི་ལྕགས་ལམ་གྱི་གྲས་ཤིག་ཀྱང་ཡིན། ××××ལྕགས་ལམ་བཏིང་ཚར་བ་དེས་རང་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་གོམ་སྟབས་མྱུར་དུ་གཏོང་རྒྱུ་དང༌། བཟོ་ལས་དང་ཞིང་ལས་སོགས་གོང་འཕེལ་གཏོང་རྒྱུ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཚང་མར་གལ་ཆེའི་དོན་སྙིང་ལྡན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་མི་དམངས་སྲིད་གཞུང་གིས་ཁྱེད་ཚོས་མུ་མཐུད་འབད་བརྩོན་བྱས་ནས××××ལྕགས་ལམ་གྱི་བཟོ་སྐྲུན་ལས་གྲྭ་ཡོངས་རྫོགས་ལེགས་གྲུབ་ཡོང་བ་དང༌། གང་མགྱོགས་བེད་སྤྱོད་བྱ་རྒྱུར་རྩིས་སྤྲོད་ཐུབ་པ་བྱས་ཏེ་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་འཛུགས་སྐྲུན་མྱུར་ཚད་མགྱོགས་སུ་གཏོང་ཕྱིར་ནུས་ཤུགས་ཡོད་ཚད་བཏོན་ནས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་དང་བཅས།
ཀྲུང་གུང××ཨུ་ཡོན་ལྷན་ཁང་དང××རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས།
××××ལོའི་ཟླ××ཚེས××ལ།