བཟའ་བཏུང་གི་གོམས་གཤིས་ལེགས་པོ་འཇགས་སུ་བཅུག་དགོས།
དུས་རྒྱུན་ང་ཚོ་བོད་ཀྱི་གཏམ་དཔེར། མི་ནད་ཐམས་ཅད་ཟོས་ནད་ཡིན། རྟ་ནད་ཐམས་ཅད་རྒྱུགས་ནད་ཡིན། ཞེས་པ་ལྟར་དུས་རྒྱུན་ང་ཚོས་ཟས་ཟ་ལུགས་ཟ་སྟངས་དང་། བཟའ་བྱའི་འཕྲོད་བསྟེན་གྱི་ཐད་ལ་དོ་སྣང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ནད་རིགས་མང་པོ་ཞིག་བཟའ་བཏུང་གཙང་མ་མ་ཡིན་པའི་དབང་གིས་བྱུང་བ་ཡིན་ལ། བཟའ་བཏུང་གི་གོམས་སྲོལ་ངན་པས་ཀྱང་ལུས་པོའི་བདེ་ཐང་ལ་གནོད་སྐྱོན་མང་པོ་བཟོ་སྲིད།
ཟ་མ་ཟ་སྐབས་སྤྱང་ལྟོགས་ཟས་ལ་རྔམ་པ་བཞིན་ཧམ་ཟ་བྱས་བྱེད་མགྱོགས་དྲགས་པ་དེ་ནི་གོམས་སྲོལ་ངན་པ་ཞིག་རེད། ཟས་རིགས་དེ་འཇུ་རྗེས་ད་གཟོད་མིའི་ལུས་ཕུང་གིས་བསྡུ་ལེན་བྱེད་ཀྱིན་ཡོད་པ་དང༌། ཟས་རིགས་དེ་མིའི་ཁ་ནང་དུ་བཞག་པ་ནས་བཟུང་འཇུ་འགོ་རྩོམ་གྱིན་ཡོད། ཟ་མ་ཟ་སྐབས་མཆིལ་མའི་སིང་ཕྱེ་འདུས་པའི་མཆིལ་མ་ཟགས་ཐོན་བྱས་པ་ལས་ཟས་རིགས་འཇུ་རོགས་བྱེད་ཀྱིན་ཡོད་ལ། བལྡད་པའི་དུས་ཡུན་ཇི་ལྟར་རིང་ན་མཆིལ་མ་ཟགས་ཐོན་བྱས་པ་དེ་ལྟར་མང་ཞིང༌ཟས་རིགས་ཡང་བལྡད་པ་དེ་ལྟར་ཞིབ་པས། མིད་རྗེས་འཇུ་ཚད་དང་བསྡུ་ལེན་གྱི་ཚད་དེ་ལྟར་བཟང་བ་རེད། དེའི་རྐྱེན་གྱིས་ཟ་མ་ཟ་སྐབས་ཞིམ་མོར་བལྡད་དེ་དལ་མོར་མིད་དགོས།
གོམས་སྲོལ་ངན་པའི་ནང་གི་གཉིས་པ་ནི་ཟས་རིགས་དེ་ཁུ་བ་དང་ཡང་ན་ཆུ་ཁོལ་གྱི་ནང་དུ་སྦང་ནས་འཐུང་བ་དང༌། ཡང་ན་ཟ་མ་ཟ་ཞོར་དུ་ཆུ་ཁོལ་མང་དུ་འཐུང་བ། འདི་ལྟར་བྱས་ན་ཟ་མ་ཞིབ་མོར་མ་བལྡད་པར་མིད་པ་ཡིན་པས་ཁའི་ནང་གི་འཇུ་བྱེད་ནུས་པ་ཇེ་ཞན་དུ་བཏང་བར་མ་ཟད། ད་དུང་ཕོ་བའི་ནང་དུ་ཆུ་མང་པོ་བསགས་པའི་དབང་གིས་ཕོ་བའི་སྐྱུར་ཆུ་ཇེ་ཉུང་དུ་བཏང་ནས་འཇུ་བྱེད་ནུས་པར་གནོད་འཚེ་ཐེབས་པ་དང༌། ཕོ་བའི་ངལ་རྩོལ་གྱི་ཚད་ཇེ་མང་དུ་བཏང་བས་ཕོ་བར་གནོད་འཚེ་ཐེབས་པར་མ་ཟད། འཇུ་བྱེད་དང་བསྡུ་ལེན་གྱི་ནུས་པར་ཡང་གནོད་འཚེ་ཐེབས་ཀྱི་ཡོད།
ཟ་མ་ཟ་ཞོར་དུ་དཔེ་ཆར་བལྟ་བ་དེ་ཡང་གོམས་སྲོལ་ངན་པ་ཞིག་ཡིན། ཟ་མ་ཟ་བའི་སྐབས་སུ་འཇུ་སྟོབས་ཀྱི་གཙོ་འགན་འཁུར་བའི་ཀླད་ཆེན་པགས་རིམ་གྱི་མངའ་ཁོངས་དེ་ངར་ལངས་པའི་གནས་བབས་སུ་ཡོད་པ་དང་བྲེལ་མྱུར་གྱི་སྒོ་ནས་བྱ་བ་བསྒྲུབ་ཀྱིན་ཡོད། གལ་ཏེ་ཟ་མ་ཟ་སྐབས་དཔེ་ཆར་བལྟ་བའམ་ཡང་ན་གླེང་མོལ་བྱས་ན་བློ་རྩེ་གཅིག་ཏུ་སྒྲིམ་མི་ཐུབ་པས། འཇུ་བྱེད་མ་ལག་གི་ཁྲག་རྒྱུན་འདོན་སྤྲོད་དང་འཇུ་གཤེར་ཟགས་ཐོན་བྱེད་ཚད་ཇེ་ཉུང་དུ་བཏང་བས། ཟས་རིགས་འཇུ་བྱེད་ལ་གནོད་འཚེ་ཐེབས་པ་དང་མཉམ་དུ། ད་རུང་ཟས་རིགས་དབུགས་ལམ་དུ་སོང་ནས་གློ་ལུ་རྒྱག་པ་དང་ཆག་སྒོ་འབྱུང་བའི་ཉེན་ཁའང་ལྡན། བཟའ་བཏུང་གི་གོམས་སྲོལ་བཟང་པོ་ཞེས་པ་ནི་ཚན་རིག་དང་མཐུན་པའི་སྒོ་ནས་ཉིན་གཅིག་གི་ཟས་ཐུན་གསུམ་པོ་བཀོད་སྒྲིག་བྱེད་པ་དང༌། དུས་ཚོད་ལྟར་ཚད་དང་རན་པ་ཟ་བ་ལས་སྔ་མ་མ་ཞུ་ཕྱི་མ་ཟ་བ་དང་རྒྱས་ཟ་རྔམ་འཐུང་བྱེད་མི་རུང༌། འཚོ་བཅུད་དོ་མཉམ་ཡིན་པའི་ཟས་རིགས་སྡེབ་སྒྲིག་བྱེད་དགོས་པ་ལས་ཟ་མར་གདམ་ག་བྱེད་པ་དང་ཞོར་ཟས་མང་པོ་ཟ་མི་རུང་བ་སོགས་ཡིན།
ད་དུང་མཉམ་འཇོག་དགོས་པ་ཞིག་ནི་ཟ་མ་མ་ཟོས་སྔོན་དང་ཟོས་རྗེས་ལམ་སང་འགུལ་སྐྱོད་དྲག་པོ་བྱེད་མི་རུང་བ་དེ་ཡིན། ཟ་མ་མ་ཟོས་སྔོན་ལ་འགུལ་སྐྱོད་དྲག་པོ་བྱས་ན་ཟས་ཀྱི་ཡི་ག་འགག་ཏེ་ཟ་མ་ཟ་མི་འདོད་པ་དང༌། ད་དུང་ལྟོ་སྟོང་དུ་འགུལ་སྐྱོད་དྲག་པོ་བྱས་ན་ཁྲག་གི་མངར་ཆ་དམའ་བའི་དབང་གིས་དྲན་པ་ཤོར་བ་སོགས་ཀྱི་ཉེན་ཁ་འབྱུང་སླ་བ་དང༌། ཟ་མ་ཟོས་རྗེས་འགུལ་སྐྱོད་དྲག་པོ་བྱས་ན་ཕོ་བ་དང་རྒྱུ་མའི་ཁྲག་གི་འདོན་སྤྲོད་ཇེ་ཉུང་དུ་བཏང་ནས། འཇུ་སྟོབས་ལ་གནོད་འཚེ་ཆེན་པོ་ཐེབས་ངེས་ཡིན།