བོད་ཟླ་༩་ཚེས་ཉེར་གཉིས་ལྷ་བབས་དུས་ཆེན་ནི་དྲིན་ཆེན་ཕ་མར་དྲིན་ལན་འཇལ་བའི་དུས་ཆེན་ཡིན་པ་མ་བརྗེད།
ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་ནི་ཚང་མས་ཤེས་གསལ་ལྟར་ནང་པ་བའི་དུས་ཆེན་གལ་ཆེན་ཞིག་སྟེ་ལྷ་བབས་དུས་ཆེན་རེད། ཉིན་མོ་འདི་ཅིའི་ཕྱིར་ནང་པའི་དུས་ཆེན་གལ་ཆེན་ཞིག་ཏུ་གྱུར་སོང་བ་ཡིན་ནམ། འདི་ལ་དོན་སྙིང་ག་འདྲ་ཡོད་དམ། འདིའི་དྲིས་ལན་ནི་དྲེན་ཆེན་ཕ་མ་ཞེས་པའི་རླབས་ཆེ་བའི་མི་སྣ་འདི་དང་འབྲེལ་ཡོད།
ཉིན་མོ་འདིར་བདག་ཅག་གི་སྟོན་པ་སུམ་ཅུ་རྩ་གསུམ་དུ་ཕེབས་ནས་རང་གི་དྲིན་ཆེན་མ་ལོར་དྲིན་གཟོ་བའི་ཕྱིར་ཆོས་གསུངས་ནས་ཕྱིར་མི་ཡུལ་དུ་ཕེབས་པའི་ཉིན་མོ་རེད། ཉིན་མོ་འདིར་བདག་ཅག་གི་སྟོན་པས་མི་ཚེ་འདིར་ཆེས་གལ་ཆེན་པོའི་ལས་དོན་རླབས་ཆེན་ཞིག་བསྒྲུབས་པ་སྟེ། རང་གི་དྲིན་ཆེན་ཕ་མ་ལ་དྲིན་ལན་འཇལ་ནས་གྲུབ་པའི་ཉིན་མོ་རེད།
མི་ཞིག་ཡིན་ན་དྲིན་ཆེན་ཕ་མར་དྲིན་ལན་འཇལ་བ་མི་ཚེ་འདིར་ཆེས་གལ་ཆེ་བའི་དོན་ཆེན་ཞིག་ཡིན་པ་མི་ཤེས་པ་ག་ལ་སྲིད། གལ་ཏེ། དྲིན་ཆེན་ཨ་མར་དྲིན་ལན་འཇལ་མི་ཤེས་ན་དེ་ནི་དུད་འགྲོ་ཞིག་ལའང་མི་དོ་བའི་གླེན་པ་ཁ་ནག་ཅིག་ཡིན་ངེས། དྲིན་ཆེན་ཕ་མར་བརྩི་བཀུར་མི་ཤེས་ན་དེ་ཁྱི་ལས་ཀྱང་ལོད་པའི་ཀླད་མེད་མགོ་སྟོང་ཞིག་ཡིན་ངེས། རེད་དེ། ཕ་མ་རླབས་ཆེ་བའི་དབང་གིས་དུས་ཆེན་འདི་གཞན་དང་མི་འདྲ་བའི་དོན་སྙིང་ལྡན་པར་གྱུར་ཅིང༌། དྲིན་ཆེན་ཕ་མའི་དྲིན་ལན་འཇལ་བའི་ཆེད་དུ་ང་ཚོས་ནམ་ཡིན་རུང་དྲིན་ཆེན་ཕ་མའི་དུས་ཆེན་འདི་བརྗེད་མི་རུང་བ་ཡིན། དོན་ངོ་མར་བཤད་ན་ཁྱོད་ཀྱིས་དྲིན་ཆེན་ཕ་མའི་དྲིན་ལན་འཇལ་ན་ཁྱོད་ལ་ཡང་དྲིན་ལན་འཇལ་བའི་བུ་ཕྲུག་བཟང་བོ་ཞིག་འབྱུང་ངེས་རེད། དེས་ན་ཁྱོད་ནི་ཕ་མ་བཟང་བོ་ཞིག་ཡིན་ལ་བུ་ཕྲུག་བཟང་བོ་ཞིག་ཀྱང་ཡིན།
ཆེས་དོན་སྙིང་ལྡན་པ་ནི་༢༠༠༦ལོའི༤ཚེས་༢༢ཉིན་མཚོ་སྔོན་ནང་བསྟན་རིག་གནས་ཞབས་ཞུ་ཚོགས་པ་དང༌། ཟི་ལིང་མི་ཉག་སྐྱེ་ཁམས་དང་རིག་གནས་དར་སྤེལ་ཚོགས་པ་གཉིས་ཀྱིས་གཙོ་སྒྲུབ་བྱས་ཏེ་ཉིན་མོ་འདིར་དྲིན་ཆེན་ཕ་མའི་དྲིན་ལན་འཇལ་བའི་བྱ་འགུལ་སྤེལ་ཅིང༌། མཚོ་སྔོན་བོད་རིག་ཞིབ་འཇུག་ཚོགས་པ་དང༌། མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ཚོགས་པ་གཉིས་ཀྱིས་ཞུ་ཡིག་ཕུལ་བ་བཞིན་མཚོ་སྔོན་མི་རིགས་ལས་དོན་ཁང་གིས་ཉིན་མོ་འདི་དྲིན་ཆེན་ཕ་མའི་དྲིན་ལན་འཇལ་བའི་ཉིན་མོ་རུ་གཏན་འཁེལ་བྱས། ཆོག་མཆན་གྱི་ཡིག་ཆས་ཆོས་ལུགས་ཀྱི་དུས་ཆེན་དེ་བོད་ཀྱི་དམངས་ཁྲོད་ཀྱི་དུས་ཆེན་དུ་གྱུར་ཅེས་བཤད་པ་ལྟར་དུས་ཆེན་འདི་ལ་ཆོས་ལུགས་ཀྱི་བཅུད་འདུས་ཤིང༌། དགེ་མཚན་གྱི་མདངས་འབར་བ་རེད། དྲིན་ཆེན་ཕ་མ་ལ་གཅེས་པའི་མི་ཞིག་ཡིན་ན་དུས་ཆེན་འདིའི་རིན་ཐང་ཤེས་ངེས་རེད།
ཉིན་མོ་འདིར། ཡ་རབ་ཀྱི་བུ་ཕྲུག་ཚོས་དྲིན་ཆེན་ཕ་མའི་སེམས་པ་དྲོ་བར་བྱེད་པའི་བྱ་འགུལ་མང་བོ་སྤེལ་བ་དང༌། བྱེས་སུ་ཡོད་པ་དག་གིས་ཀྱང་དྲིན་ཆེན་ཕ་མ་ལ་ཆེད་དུ་མཇལ་བར་ཡོང་བའམ་འཚམས་འདྲིའི་ལེགས་སྐྱེས་བསྐུར་བ། ལོ་ལོན་ཉམ་ཆུང་བདག་མེད་དག་ལ་འཚམས ་འདྲི་དང་རོགས་རམ་བྱེད་པ། དྲིན་ཆེན་ཕ་མའི་ཆེད་དུ་སྡིག་སྤོང་དགེ་སྒྲུབ་བྱེད་པ། དྲིན་ཆེན་ཕ་མར་དྲིན་ལན་འཇལ་བའི་ཆེད་དུ་ཕ་མར ་གཅེས་སྐྱོང་དང་བརྩི་བཀུར་བྱེད་པའི་སྲོལ་བཟང་དར་སྤེལ་གཏོང་བ། བྱིས་པ་དག་ལ་ཕ་མའི་དྲིན་ལན་འཇལ་བའི་སློབ་གསོ་གཏོང་བ་བཅས་བྱས་ན་ད་གཟོད་ཕ་མ་བཟང་པོར་སྐྱེས་པའི་བུ་ཕྲུག་བཟང་བོ་ཞིག་ཏུ་གྱུར་པ་མ་ཡིན་ནམ།
འདི་ལོའི་དྲིན་ཆེན་ཕ་མར་དྲིན་ལན་འཇལ་བའི་དུས་ཆེན་ཏེ། ལྷ་བབས་དུས་ཆེན་ནི་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་(སྤྱི་ཟླ ༡༠ཚེས་༢༩) ལ་འཁེལ་འདུག་པས་ལྷན་རྒྱས་ཚང་མས་གོ་སྐབས་དེ་མ་ཤོར་བར་མཛད་རོགས། །
ཕ་མར་དྲིན་ལན་འཇལ་བའི་དུས་ཆེན།
---ཤེས་རིག་ཡོན་ཏན་གྱི་དྲིན་ལན་ནི་དྲིན་ལན་ཀུན་གྱི་མཆོག་ཡིན།
སྟོན་པ་ལྷ་ཡི་ཡུལ་དུ། ། ཡུམ་ལ་ཆོས་གསུང་ཕེབས་ནས། །
ཕྱིར་ཕེབས་མཛད་པའི་དུས་དེར། ། ལྷ་བབས་དུས་ཆེན་གྲགས་སོ། །
ཨ་་་ ལྷ་བབས་དུས་ཆེན། ཕ་མའི་བཀའ་དྲིན་དྲན་བྱུང་།
ཨ་་་ ཕ་སྐད་མ་ཡིག སྲོག་རྩ་སྙིང་དམར་ཡིན་སོང་།
སྔོན་བྱོན་སྟོན་པའི་རྣམ་ཐར། ། རྗེས་འཇུག་གདུལ་བྱའི་ཉམས་ལེན། །
ཕ་མར་དྲིན་ལན་འཇལ་ཆེད། ། ཕ་སྐད་མ་ཡིག་སྦྱོང་དང་། །
ཨ་་་ ལྷ་བབས་དུས་ཆེན། ལྷ་དར་དཀར་པོ་བསྭོ།
ཨ་་་ དྲིན་ཆེན་ཕ་མར། བཀའ་དྲིན་རྗེས་དྲན་ཞུ།