དགོད་བྲོ་བ་གསུམ་དང་ངུ་བྲོ་བ་གསུམ།
གཏམ་རྒྱུད་འདི་ནི་བོད་ཀྱི་བརྡ་སྤྲོད་སྨྲ་བའམ་པཎྜི་ཏ་ཆེན་པོ་དྲན་པའི་ཡེ་ཤེས་གྲགས་པའི་སྐུ་ཚེའི་ལོ་རྒྱུས་ཀྱི་ནང་བྱུང་བའི་དགོད་བྲོ་བ་གསུམ་དང་ངུ་བྲོ་བ་གསུམ་གྱི་གཏམ་རྒྱུད་དེ་རེད། གཏམ་རྒྱུད་འདི་ཁོ་བོས་ཤེས་འདོད་ཀྱིས་གང་སར་བཙལ་ཡང་རྙེད་ཐབས་མ་བྱུང་བར་ད་བར་དུ་ལྷག་སོང༌། བརྡ་སྤྲོད་རིག་པར་སྦྱང་མྱོང་མཁན་དང་དོ་སྣང་ཡོད་མཁན་ཞིག་ཡིན་ཕྱིན་ཁོང་གི་མཚན་སྙན་ཐོས་མ་མྱོང་མཁན་ཕལ་ཆེར་ཡོད་རྒྱུ་མ་རེད། གང་ལྟར་དེ་རིང་ཁོ་བོས་༢༠༠༩ལོའི་སྦྲང་ཆར་འདོན་ཐེངས་དང་པོའི་ནང་གི་ཤེས་རབ་རྒན་པོའི་འབེལ་གཏམ་གྱི་ལེ་ཚན་ནང་དུ་ལྷོ་ནུབ་མི་རིགས་སློབ་གླིང་གི་པདྨ་བསྟན་འཛིན་གྱིས་དྲི་བ་དྲིས་པ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲའི་དགེ་རྒན་ཆེན་མོ་རྡོ་རྗེ་རྒྱལ་ལགས་ཀྱིས་གསུང་ལན་བསྐྱོན་པ་ཁོ་བོའི་རེ་འདོད་ཀྱི་བདུད་རྩིར་གྱུར་ཅིང་གཞན་ཡང་ང་དང་ང་འདྲ་བའི་ཐོས་རྒྱ་དང་མཐོང་རྒྱ་ཆུང་བའི་རིགས་ལ་གོ་ཐོས་ཙམ་དུ་སྨན་ནོ་སྙམ་པའི་ཀུན་སློང་གིས་བསྐུལ་ཏེ་འདིར་བཀོད་པ་ལགས།
ཇོ་བོ་སྨྲྀ་ཏི་བོད་ལ་ཕེབས་ནས་ངུ་བྲོ་བ་གསུམ་དང་དགོད་བྲོ་བ་གསུམ་བྱུང་བ་དེ་དག་རེ་རེ་གང་ཡིན་གསུང་རོགས་ཞུ།
ཞེས་ལྷོ་ནུབ་མི་རིགས་སློབ་གླིང་གི་པདྨ་བསྟན་འཛིན་གྱིས་ཕུལ།
ཀློག་མཁན་པདྨ་བསྟན་འཛིན་ལགས།
ཁྱེད་ཀྱི་དྲི་བར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་དགེ་རྒན་ཆེན་མོ་རྡོ་རྗེ་རྒྱལ་ལགས་ཀྱིས་ལན་བསྐྱོན་པ་གཤམ་གསལ།
དེ་ཡང《བུ་སྟོན་ཆོས་འབྱུང》ལས། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་པཎྜི་ཏ་སྨྲྀ་ཏི་དང༌། ཕྲ་ལ་རིང་བ་བྱ་བ་གཉིས་བལ་བོ་པད་མ་རུ་རྩེ་བྱ་བས་གདན་དྲངས་འོངས་པས། ལོ་ཙཱ་པ་བལ་བོར་ཕོ་ལོག་གིས་ཤི་སྟེ་པཎྜི་ཏ་གཉིས་པོས་བོད་སྐད་མི་ཤེས་པས་དབུས་གཙང་ནས་མར་འཁྱམས་ཏེ་སྨྲྀ་ཏིས་རྟ་ནག་ཏུ་ལུག་རྫི་མཛད་ཅེས་དང༌། ལོ་རྒྱུས་གཞན་དུ་བལ་བོ་པད་མ་རུ་རྩེ་བྱ་བའི་ལོ་ཙཱ་པ་མཁས་པ་ཞིག་གིས་པཎྜི་ཏ་ཕྲ་ལ་རིང་བ་དང༌། སྨྲྀ་ཏི་གཉིས་གདན་དྲངས་ཏེ་ཕེབས་པའི་ལམ་བར་དུ་ལོ་ཙཱ་པ་སྐུ་འདས། པཎྜི་ཏ་ཕྲ་ལ་རིང་བ་བོད་དུ་གྲོང་འཇུག་མཛད་པ་རོང་ཟོམ་ཆོས་བཟང་ཡིན་པར་བཤད། ཁ་ཅིག་གིས་སྨྲྀ་ཏི་ཁམས་སུ་སྐུ་འདས་ཏེ་གཙང་སྨད་རོང་དུ་སྐུ་འཁྲུངས་པ་རོང་ཟོམ་ཡིན་ཟེར་ཡང༌། བཀའ་འགྱུར་གྱི་ལུང་གི་བརྒྱུད་ཡིག་ཏུ་རོང་ཟོམ་གྱིས་སྨྲྀ་ཏི་ལས་ཆོས་གསན་པར་བཤད་པས་ལོ་རྒྱུས་དེ་མ་དག་པ་འདྲ། གང་ལྟར་པཎྜི་ཏ་སྨྲྀ་ཏི་ཐོག་མར་བོད་ལ་ཕེབས་དུས་བོད་སྐད་མ་མཁྱེན་པར་བོད་མི་དང་སྐད་བརྡ་མ་འཕྲོད་པའི་དབང་གིས་རེ་ཞིག་གཙང་རྟ་ནག་ཏུ་ཁྱིམ་ཚང་ཞིག་གི་ར་ལུག་གི་རྫི་བོ་བྱས། (དེའི་རྒྱུ་མཚན་ཅི་ཞེ་ན། ངག་རྒྱུན་དུ་སྨྲྀ་ཏིའི་མ་ཡུམ་བོད་ཀྱི་ཁྱིམ་ཚང་འདི་བའི་ཐབ་ཀའི་ནང་གི་འབུ་ཞིག་ཏུ་སྐྱེས་པས་ཁོང་ཁྱིམ་དེར་ཕེབས་ནས་གཡོག་བྱས། ཐབ་ཀྱི་ས་བླངས་ནས་ས་ཙྪ་དང་སྐུ་པར་བཏབ། ཕྱུགས་འཚོ་བའི་ཚེ་ཐུར་མའི་རྩེ་ལ་བཙུགས་ནས་བཞག་པས་ཞབས་ན་ཤིང་ཐུར་གྱི་ཤུལ་ཡོད་པ་དེའི་རྟགས་ཡིན་ཟེར་བ་ཐོས)སྐབས་དེར་ངུ་བྲོ་བ་གསུམ་དང་དགོད་བྲོ་བ་གསུམ་གྱི་གཏམ་རྒྱུད་འདི་བྱུང་བར་གྲགས་ཏེ།
དེ་ལ་ངུ་བྲོ་བ་གསུམ་ནི། ཁྱིམ་དེའི་བུད་མེད་ཁྲེལ་མེད་ཁྲོ་གཏུམ་ཅན་ཞིག་ཡིན་པས། ཉིན་ཞིག་འབྲི་དང་མཛོ་མོའི་འོ་མ་བཞོ་དགོས་བྱུང་བས། འདམ་རྫབ་ཏུ་ཁྱིམ་དེའི་བུད་མེད་ཀྱི་བཞོན་སྟེགས་ལ་བཞུགས་དགོས་བྱུང་བས། ཁོང་གི་ཐུགས་ལ་བདག་རྒྱ་གར་དུ་ཡོད་སྐབས་མཁས་དགུའི་གཙུག་ཏུ་བཀུར་ཏེ་པ་ཎྜི་ཏ་མང་བོ་དང་ལྷན་དུ་ཆོས་ཀྱི་དགའ་སྟོན་ལ་རོལ་ནས་ཡོད་མོད། ད་ལྟ་བོད་དུ་བསླེབས་ན་བུད་མེད་ཀྱི་སྟེགས་སུ་འདུག་དགོས་ཏེ་ཞེས་ངུ་བྲོ་བ་དང་པོ་བྱུང༌། ཉིན་མོར་ར་ལུག་འཚོ་བའི་ཚེ། ཁོང་རྣལ་འབྱོར་པ་རྟེན་འབྲེལ་ལ་མངའ་བརྙེས་པ་ཡིན་པས་རྡེའུ་འགའ་ར་ལུག་གཡས་སུ་སོང་ཚེ་གཡོན་དུ་བཀྲམ། གཡོན་དུ་སོང་ཚེ་གཡས་སུ་བཀྲམ་ཞིང་ཕྱོགས་གཅིག་ཏུ་བསྡུས་པས་ཆོག་ལ། ནང་དུ་རྡེའུ་ནག་པོ་རེ་བྱུང་ན་སྤྱང་ཀི་འོང་བའི་རྟགས་ཡིན། དེ་ཉིད་སོར་མོས་མནན་ན་སྤྱང་ཀི་འོང་མི་ནུས། ཁྱིམ་དུ་སླར་ལོག་ནས་མཚན་མོ་ཡང་བཞུགས་ལོང་མེད་པར་ཁྱིམ་དེའི་ཡོས་འཐག་དགོས་པས། ལན་གཅིག་གཉིད་དུ་སོང་སྟེ་མཆི་གུའི་སྟེང་དུ་དབུ་བརྒྱབ་པ་ན། བུད་མེད་དེས་ཡོས་མ་འཕོ་ཨང་ཟེར་བར། ཁོང་གིས་རང་གི་མགོ་དང་ཡོས་གཉིས་ཀྱི་གལ་ཆེ་བ་ཡོས་རེད་གསུངས་ནས་ངུ་བྲོ་བ་གཉིས་པ་བྱུང༌། ཉིན་ཞིག་ར་ལུག་ཀི་རྫི་བོར་སོང་ནས་བཞུགས་ཡོད་སྐབས། བྱ་ཁྲུང་ཁྲུང་ཞིག་གླག་གིས་བསད་ནས་བྱའི་རོ་ཁོང་གི་པང་དུ་ལྷུང་བས་ཁྱོད་ཀྱང་ས་མཐའི་བྱ། ང་ཡང་ས་མཐའི་མི། ངེད་གཉིས་ཀྱི་ལས་འདི་ཅི་འདྲའི་སྡུག་པོ་ཞིག་རེད་ཨང་གསུངས་ནས་ངུ་བྲོ་བ་གསུམ་པ་བྱུང༌། རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན། ། མཚན་མོ་མཁའ་ལ་རྒྱུ་བ་རྣམ་སྤངས་ནས། ། དྭངས་བའི་མཚོ་ནང་འདི་ན་ཟླ་བ་ཞེས། ། དབྱིབས་ལ་ཚད་མར་འཛིན་པ་བྱིས་པའི་བློ། ། ཞེས་པའི་གསུང་ཚིག་གྲགས་ཅན་དེ་འང་སྐབས་དེ་ཤེད་ཅིག་ཏུ་དུ་གསུང་བར་མངོན། །
དགོད་བྲོ་བ་གསུམ་ནི། ཁོང་ར་ལུག་ཀི་རྫི་བོར་སོང་བའི་ཉིན་ཞིག་ནམ་ཟླ་ཧ་ཅང་གྲང་བས་མེ་ཕུང་གཅིག་བསྐྱིལ་ནས་བཞུགས་སྐབས། རི་བོང་ཞིག་ཀྱང་ཁོང་ལ་མི་འཛེམ་པར་མེ་ལ་ལྡེས་ཏེ་བསྡད། དར་ཅིག་གཉིད་ཁུག་སྟེ་མགོ་བོ་མེ་ཕུང་གི་ནང་དུ་ཉུག་པར་བྱས་པས་གདོང་གི་ཁ་སྤུ་ཚིག་ནས་ཕྱོགས་ཕྱོགས་སུ་རྒྱུག་པ་མཐོང་བས་དགོད་བྲོ་བ་དང་པོ་བྱུང༌། ཉིན་ཞིག་ར་ལུག་འཚོ་ཞོར་དུ་མཚོ་ཁ་ཞིག་ལ་བཞུགས་སྐབས། མཚོ་དེར་གནས་པའི་ཀླུ་ཞིག་གིས་ཁོང་མཁས་པ་ཆེན་པོར་ཤེས་ནས་བུད་མེད་ཡིད་དུ་འོང་བ་ཞིག་ཏུ་སྤྲུལ་ཏེ། རི་དྭགས་གཉན་གྱི་རྭ་ཅོ་ཞིག་ཏུ་འོ་མ་བླུགས་ནས་བསྣམས་ཡོད་པ་སར་བཞག ཐོག་མར་ཕྱག་འཚལ་ཏེ་འབུལ་དགོས་སྙམ་པའི་བར་ལ་རྭ་ཅོ་འདྲིལ་ཏེ་འོ་མ་ཐམས་ཅད་ས་ལ་བོ་སོང་བས། ཀླུ་དེ་ངོ་ཚ་སྟེ་ཕྱིར་བཀྱེད་ནས་སྤྲུལ་བ་ཡང་མ་བསྡུས་པར་མཚོ་ནང་དུ་ལྷུང་བས་དགོད་བྲོ་བ་གཉིས་པ་བྱུང༌། ཉིན་ཞིག་ཁོང་རྫི་བོ་བྱེད་པའི་ཚེ། རྒྱ་གར་ན་བཞུགས་དུས་ཀྱི་གཞུང་སྡེ་སྣོད་གསུམ་ལ་ཐོས་བསམ་སྒོམ་གསུམ་བྱས་པའི་ལུང་རྟོགས་ཀྱི་ཡོན་ཏན་རྣམས་བར་སྐབས་སུ་བརྗེད་ཡོད་ལོས་ཆེ་སྙམ་དུ་དཔྱོད་པ་ལ་ཞུགས་པས། ཡོན་ཏན་གྱི་ནོར་བུ་རྣམས་གཅིག་ཀྱང་མ་བརྗེད་པར་ཐུགས་ལ་གསལ་བས་དགོད་བྲོ་བ་གསུམ་པ་བྱུང་བའོ། །
དུང་སེམས་མཚོའི་ཟིན་བྲི ས་ལས།