ཨོྃ་ཨཱཿཧཱུྃ་ཧྲཱི༔ ། ། བདེ་ཆེན་འབར་བ་དབང་གི་ཕོ་བྲང་དུ། །བདེ་སྟོང་སོ་སོར་རྟོག་པའི་ཡེ་ཤེས་སྐུ། །
མ་ཆགས་བདེ་ལྡན་པད་མའི་རང་བཞིན་ལས། །རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་དཔལ། །
ཆོས་སྐུ་སྣང་བ་མཐའ་ཡས་རྡོ་རྗེ་ཆོས། །འཇིག་རྟེན་དབང་ཕྱུག་ཐུགས་རྗེས་རྗེས་ཆགས་གཟུགས། །
པད་མ་རྒྱལ་པོས་འཁོར་འདས་མངའ་དབང་བསྒྱུར། །སྣང་སྲིད་ཟིལ་གནོན་དབང་ཆེན་ཧེ་རུ་ཀ ། །
གསང་བ་ཡེ་ཤེས་བཛྲ་ཝ་ར་ཧི། །བདེ་མཆོག་འདོད་པའི་རྒྱལ་པོ་བདེ་ཆེན་གཏེར། །
མ་ལུས་སྐྱེ་རྒུའི་ཡིད་འཕྲོག་རིག་བྱེད་མ། །མཆོག་ཐུན་ཕྱག་རྒྱའི་དབང་ཕྱུག་བདེ་སྟོང་གར། །
དབང་མཛད་རྡོ་རྗེ་དཔའ་བོ་ཌཱ་ཀིའི་ཚོགས། །སྣང་སྟོང་མཉམ་པ་ཆེན་པོའི་ངང་ཉིད་དུ། །
རྡོ་རྗེ་སྐུ་ཡི་གར་གྱིས་སྲིད་གསུམ་གཡོ། ། འགག་མེད་གསུང་གི་བཞད་སྒྲས་ཁམས་གསུམ་འགུགས། །
འོད་ཟེར་དམར་པོས་འཁོར་འདས་ཡོངས་ལ་ཁྱབ། །སྲིད་ཞིའི་དྭངས་བཅུད་གཡོ་ཞིང་སྡུད་པར་བྱེད། །
རྡོ་རྗེ་ཆགས་པ་ཆེན་པོའི་ཐུགས་ཀྱིས་ནི། །རྣམ་གཉིས་དངོས་གྲུབ་འདོད་རྒུའི་མཆོག་སྩོལ་ཞིང༌། །
རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེན་པོ་ཡིས། །སྣང་སྲིད་བདེ་བ་ཆེན་པོར་སྡོམ་བྱེད་པ།།
མཐའ་ཡས་སྒྱུ་འཕྲུལ་དྲ་བའི་རོལ་གར་ཅན། །ཏིལ་གྱི་གོང་བུ་ཕྱེ་བ་བཞིན་བཞུགས་པའི། །
རབ་འབྱམས་རྩ་གསུམ་དབང་གི་ལྷ་ཚོགས་ལ། །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །
མཆོག་མཐུན་དངོས་གྲུབ་འདོད་རྒུའི་དཔལ་མཐའ་དག །ཐོགས་མེད་དབང་དུ་བྱེད་པའི་དངོས་གྲུབ་སྩོལ། ། ཅེས་པའང་རབ་ཚེས་ས་ཡོས་ལོར་ཟླ་༧པའི་ཚེས་༡ ལ་དྷཱི་མིང་པས་སྤེལ་བ། གསོལ་བ་བཏབ་ན་གང་ཟག་སུ་ཡང་རུང་སྟེ། དབང་གི་ལས་ཀུན་ཇི་ལྟར་བསམ་པ་བཞིན་དུ་འགྲུབ་པར་གདོན་མི་ཟའོ། དར་དམར་ལ་བྲིས་ཏེ་འཕྱར་བའམ་མེ་རླུང་ལ་འཁོར་ལོ་བྱས་ཀྱང་འགྲུབ་བོ།
དེ་ལྟར་ལམ་བཟང་བསྟན་པའི་བཤེས་གཉེན་དང་། ། ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང་། །ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིས་གྱིས་བརླབ་ཏུ་གསོལ། །