ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
  གསར་འགྱུར་ཀློག་པ།

བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ།

[རྩོམ་པ་པོ:ཡོངས་ཚེ།  ཡོང་ཁུངས:ཚངས་དབྱངས་དྲ་བ།  དུས་ཚོད:2016/11/6 15:52:45  བཀླགས་ཐེངས:12672][ཡིག་གཟུགས:ཡིག་གཟུགས་མདོག]
བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་ཡོངས་འཛིན་འཚོལ་བཤེར་གྱི་ཆེད་ཞུས་པ་རྒན་བཀྲ་ཤིས་རྒྱལ་ལགས་སྐུ་གཤེགས་པར་མྱ་ངན་ཞུ།
 
   བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེ་མོ་བ་གཞོན་པ་རྒན་བཀྲ་ཤིས་རྒྱལ་ལགས་མི་འདོད་ནད་ཀྱི་དབང་གིས་བཅོས་ཐབས་བྲལ་ཏེ་སྤྱི་ལོ2016 ལོའི་ཟླ10 པའི་ཚེས28 ཉིན་མཚོ་སྔོན་ཞིང་ཆེན་མནའ་མཁར་ཟི་ལིང་དུ་སྐུ་འདས། 
     དགེ་རྒན་བཀྲ་ཤིས་རྒྱལ་ལགས་ནི་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་ཡོངས་འཛིན་འཚོལ་བཤེར་ཞིབ་འཇུག་དང་འདོན་སྤེལ་གྱི་ལས་གཞི་འཛུགས་སྐྲུན་བྱེད་ཆེད་དུ་གདན་ཞུ་གནང་བའི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ཐད་ཀྱི་ཆེད་མཁས་པ་དང་། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་རྩ་གནད་ལག་རྩལ་ཞིབ་འཇུག་ཐད་ཀྱི་མི་སྣ་གཙོ་གྲས་ཡིན། 
     ཁོང་ཉིད་ནི་སྤྱི་ལོ1977 ལོར་མདོ་སྨད་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཏེ་མཚོ་ལྷོ་ཁུལ་མང་རྫོང་སུམ་མདོ་ཡུལ་ཚོ་ཆུ་མགོ་གཞུང་སྡེ་བའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་པ་དང་། སྤྱི་ལོ2001 ལོར་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་ནས་མཐར་ཕྱིན། སྤྱི་ལོ2006 ལོར་ནུབ་བྱང་མི་རིགས་སློབ་ཆེན་ཀྲུང་གོའི་མི་རིགས་བརྡ་འཕྲིན་ལག་རྩལ་ཞིབ་འཇུག་གླིང་དུ་སྐབས་དང་པོའི་བོད་ཡིག་ཡིག་ཆ་འཕྲིན་ལག་རྩལ་གྱི་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས་ཏེ། ལོ་དེར་བོད་ལྗོངས་སློབ་ཆེན་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་རིག་གཞུང་ཞིབ་འཇུག་དང་། སློབ་གསོའི་སློབ་ཁྲིད་ཀྱི་ལས་ཀར་ཤ་ཐང་ཐང་གིས་དུས་ད་ཐུག་བར་དུ་འབད་པ་བྱས། སྤྱི་ལོ2012 ལོར་པེ་ཅིང་སློབ་གྲྭ་ཆེན་མོའི་སྐད་རྩིས་རིག་པའི་ཞིབ་འཇུག་ཁང་དུ་ལོ་ཕྱེད་རིང་རྒྱལ་ཁབ་ཕྱི་ནང་གི་སྐད་རྩིས་རིག་པའི་གཞུང་ལུགས་ལ་ཡང་བསྐྱར་སློབ་གཉེར་བྱས།
     ཁོང་གིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེ་མོ་བ་གཞོན་པ་དང་། ཀྲུང་གོའི་སྐད་ཡིག་ཆ་འཕྲིན་མཐུན་ཚོགས་ཀྱི་ཚོགས་མི། བོད་ཡིག་ཆ་འཕྲིན་ལག་རྩལ་ཐད་ཀྱི་རྒྱལ་ཁབ་རིམ་པའི་ཚད་གཞི་གསུམ་གཏན་ལ་འབེབས་པར་ལག་བསྟར་འགན་འཛིན་མི་སྣ་དང་ཞིབ་འཇུག་གཙོ་སྐྱོང་གནང་མཁན། དེ་མིན་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ཁང་གི་ཆེད་ཞུས་དགེ་རྒན་ཆེན་མོ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཐོག ཁོང་ལ་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཇོ་མོ་བླ་རི་ཆེད་མཁས་པ་ཞེས་པའི་མཚན་བཏགས་ཐོབ་ཡོད།
     དགེ་རྒན་བཀྲ་ཤིས་རྒྱལ་ལགས་ནི་བོད་སྐད་སྐད་རྩིས་རིག་པའི་རིག་ཚན་གྱི་རྨང་འདིང་མཁན་ཡིན་ལ། ཁོང་ཉིད་འཚོ་བཞེས་གནང་བའི་དུས་ཡུན་རིང་བོ་མིན་ཀྱང་། བོད་ཀྱི་རིག་གནས་དང་བོད་ཀྱི་སྐད་ཡིག་གི་ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་ཐད་ཉམས་མེད་ཀྱི་མཛད་རྗེས་རླབས་པོ་ཆེ་བསྐྲུན་ཡོད་པ་སྟེ། ཁོང་གིས་བརྩམས་པའི《བོད་སྐད་སྐད་རྩིས་རིག་པ》ཞེས་པས་བོད་སྐད་སྐད་རྩིས་རིག་པའི་རིག་གཞུང་གསར་བའི་སྒོ་འཕར་ཐོག་མར་ཕྱེ་ཞིང་གངས་ལྗོངས་སུ་སྐྱ་རེངས་འཆར་ཏུ་བཅུག དེང་རབས་སྐད་བརྡ་རིག་པའི་ངོས་ནས་བོད་ཀྱི་ཡི་གེའི་ཚོགས་གསུམ་ལ་ཞིབ་འཇུག་གནད་དུ་ཐིངས་པ་གང་མང་མཛད་ཡོད་པར་མ་ཟད། སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གཉིས་ཀྱི་རིག་ཚན་བར་ཐོད་བརྒལ་གྱིས་རྩིས་འཁོར་གྱི་བོད་འགྱུར་དཔེ་ལེགས《རྩིས་འཁོར་བཀོལ་སྤྱོད་རྒྱུད་ཁོངས》དང་། 《Cསྐད་བརྡའི་བྱ་རིམ་ཇུས་འགོད》《Windows Vista འཇུག་ངོགས》བཅས་སྒྲིག་སྒྱུར་བྱས་ཤིང་། མིང་མཛོད《བོད་ཡིག་ཚེག་ཁྱིམ་བང་མཛོད》མཉམ་སྒྲུབ་མཛད། 《བོད་སྐད་ཀྱི་ཚིག་གི་གྲུབ་ཚུལ་ལ་བརྟག་པའི་ཐབས་ཤིག》བཅས་ཀྱིས་མཚོན་པའི་རིག་གཞུང་དཔྱད་རྩོམ་ཉི་ཤུ་ལྷག་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་འགྲེམས་སྤེལ་བྱས་པ་དང་། རྒྱལ་ཁབ་རང་བྱུང་ཚན་རིག་གི་ལས་གཞི་སྟེ་བོད་སྐད་ཚིག་གི་རྣམ་གཞག་གི་སྡོང་འགྲེམས་ཞེས་པའི་བྱ་བའི་ལས་ཀའི་འགན་ཁུར་ཡོངས་སུ་གྲུབ་ལ། སྤྱི་ལོ2015 ལོ་ནས་བཟུང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ལས་གཞི་འགངས་ཆེན་ཏེ་བོད་ཀྱི་ཡུལ་སྐད་རིག་མཛོད་ཞིབ་འཇུག་དང་འཛུགས་སྐྲུན་ཞེས་པར་ཞིབ་འཇུག་བྱེད་འགོ་བརྩམས་པ་དང་བཅས་བོད་ཡིག་ཆ་འཕྲིན་ལག་རྩལ་གོང་སྤེལ་གྱི་བྱ་གཞག་སྤྱིའི་ཁྲོད་ཕྱག་རྗེས་འཛད་མེད་བསྐྲུན་ཡོད། 
     བྱེ་བྲག་ཏུ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་འདོན་སྤེལ་བྱེད་པའི་ལས་གཞིའི་མགོ་མཇུག་བར་གསུམ་དུ། ཁོང་གིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་གསུང་རབ་རྩིས་འཕྲུལ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་རྡོ་ལྷ་ལགས་ལ་རམ་འདེགས་བྱས་ནས་གདུང་འདེགས་ཀྱི་ནུས་པ་གལ་ཆེན་བཏོན་ཡོད་པ་སྟེ། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འདོན་སྤེལ་བྱེད་པའི་དུས་སྔོན་གྱི་ཞིབ་འཇུག་གི་ལས་ཀའི་ཁྲོད་ཞུགས་ནས་རྒྱལ་ཁབ་ཕྱི་ནང་གི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ཁྱབ་ཁོངས་ཀྱི་དཔྱད་འབྲས་དང་གནས་བབ། བོད་ཡིག་འཚོལ་བཤེར་མ་ལག་འདོན་སྤེལ་གྱི་ལག་རྩལ་གྱི་དཀའ་གནད་དང་རྩ་གནད་སོགས་ཀྱི་གནས་ཚུལ་མང་པོ་གསུངས་ནས་ང་ཚོར་ཡོངས་འཛིན་འཚོལ་བཤེར་འདོན་སྤེལ་གྱི་ཁ་ཕྱོགས་གསལ་བོ་ཞིག་བསྟན་སོང་། དེ་ནས་ལས་གཞི་དེ་ལག་ལེན་དངོས་སུ་སྦྱར་པའི་ལོ་ངོ་དེ་དག་གི་རིང་ལ། ཁོང་དང་རྒན་རྡོ་ལྷ་ལགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཡོངས་འཛིན་འཚོལ་བཤེར་འདོན་སྤེལ་ལས་གཞིའི་འཕེལ་རྒྱས་ཀྱི་གོམ་པ་རེ་རེ་དང་འགྱུར་ལྡོག་གི་རྣམ་པ་སོ་སོའི་ཁྲོད་སེམས་ཤུགས་ཡོད་དགུ་བཏོན་པར་བརྟེན། བོད་ཡིག་མིང་མཚམས་འབྱེད་པ་དང་རྟགས་མཚན་འགོད་པ། བོད་ཡིག་གི་རྩིས་འཁོར་མིང་བརྡ་ངོས་འཛིན་སོགས་འཚོལ་བཤེར་མ་ལག་འདོན་སྤེལ་བྱེད་པའི་ལག་རྩལ་གྱི་དཀའ་གནད་གང་མང་མང་ཞིག་བསལ་ཐུབ་པ་བྱུང་། ད་ལོར་ཡོངས་འཛིན་བོད་ཡིག་འཚོག་བཤེར་ཚོད་གཏོང་དང་ཤར་གཏོང་བྱེད་པའི་གནད་འགག་གི་དུས་སུ། ཏག་ཏག་ལ་ཁོང་ཉིད་ནད་གཞི་ལྕི་མོས་མནར་པས་སྐུ་དངོས་སུ་ཕེབས་ནས་ལས་གཞི་ལ་མཛུབ་སྟོན་བྱེད་མ་ཐུབ་ཀྱང་། སྨན་བཅོས་བྱེད་པའི་ཞོར་དུ་རང་ཉིད་ཀྱི་བདེ་བ་དང་དཀའ་ཁག་སོགས་ཐེད་དུ་བསྐྱུར་ནས་ཡོངས་འཛིན་འཚོལ་བཤེར་དུ་མཆིས་པའི་ལག་རྩལ་གྱི་གནད་དོན་ཐག་གཅོད་པའི་ལས་ལ་གཞོལ། དེ་བས། ཡོངས་འཛིན་འཚོལ་བཤེར་ལ་མཚོན་ན་ཁོང་ཉིད་ནི་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་མ་ཐུབ་ཀྱང་སྡུག་གི་ཁུར་པོ་མཉམ་དུ་ཁུར་མྱོང་བའི་གྲོགས་མཆོག་དམ་པ་ཞིག་ག་ནས་མིན། ཁོང་ཉིད་ཀྱི་ཚེ་ཡི་མཐར་ཐུག་པའི་དུས་དེའང་བོད་ཀྱི་བརྡ་འཕྲིན་ལག་རྩལ་ཞིབ་འཇུག་གི་སྤྱི་དོན་དུ་བཞུད་སོང་བས། ཁོང་ཉིད་གློ་བུར་དུ་གྱེས་པ་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ལས་དོན་གོང་སྤེལ་དང་དབྱངས་གསལ་སོ་བཞི་ཆ་འཕྲིན་ཅན་གྱི་གླིང་དུ་བགྲོད་པའི་ཐད་ཀྱི་གྱོང་གུན་ཚད་ལས་འདས་པ་ཞིག་ཡིན་པ་མ་ཟད། ངེད་ཚངས་དབྱངས་དྲ་བ་ལ་ཆ་མཚོན་ནའང་སྐྱབས་མེད་མགོན་མེད་དུ་གྱུར་པའི་གྱོང་གུན་ཧ་ཅང་ཆེན་པོ་ཞིག་ཡིན།  
  ཚངས་དབྱངས་དྲ་བ་དང་དགེན་བཀྲ་ཤིས་རྒྱལ་ཁོང་གི་བར་ལ་དམིགས་བསལ་གྱི་འབྲེལ་བ་ཟབ་མོ་ཞིག་ཡོད་པ་ནི་དགེན་ཁོང་གིས་གླ་རིན་གང་མི་དགོས་པར་དྲ་བ་བཟོ་འགོད་གནང་རོགས་མཛད་པ་རེད། དེ་ཡང་སྤྱི་ལོ་༢༠༠༨ཡས་མས་ཤིག་ལ་དགེན་བྱ་གཞུང་དབྱངས་བྷ་བརྒྱུད་དགེན་དམ་པ་དེ་ངོ་ཤེས་བྱུང་། དེ་དུས་ང་ལ་བོད་ཡིག་གི་དྲ་བ་ཆུང་ཆུང་ཞིག་བཟོ་རྒྱུའི་བསམ་འདུན་ཡོད་པ་ཁོང་གིས་མཁྱེན་རྗེས་ལྷག་བསམ་བཟང་པོས་རིན་མེད་ཐོག་བཟོ་འགོད་གནང་རྒྱུ་ཞལ་གྱིས་བཞེས་ཏེ་ཚངས་དབྱངས་དྲ་བ་དེ་༢༠༠༩ལོའི་ཟླ་དགུ་པའི་ནང་ཤར་གཏོང་ཐུབ་པ་བྱུང་།  དེའི་རྗེས་སུ་དྲ་བའི་བྱེད་ནུས་ཁ་ཤས་དུས་ཚོད་ཡོལ་ཏེ་མཉེན་ཆས་གཞན་དག་དང་མཉམ་སྦྱོར་མི་ཐུབ་པའི་དཀའ་ངལ་བྱུང་སྟེ་དེའི་ཐད་ཁོང་ལ་བཀའ་འདྲི་ཞུས་པས། ཁོང་གིས་ད་ལྟའི་དྲ་བ་རིམ་པ་སྤར་བདེ་པོ་མེད།   དེ་ལས་ཁོང་ལ་དྲ་བའི་སྒྲོམ་གཞི་ཞིག་ཡོད་པ་དེ་ངེད་ལ་སྦྱིན་ཆོག ། ལོ་གསར་པ་ཤར་བ་ནས་མགོ་བཙུག་ངོས་སྒྲོམ་དེའི་ཐོག་གསར་དུ་བཟོ་འགོད་བྱ་གི་ཡིན། ད་ལྟ་ཡོངས་འཛིན་འཚོལ་བཤེར་མ་ལག་སོགས་ཀྱི་ལས་སྒོ་མང་པོ་ཡོད་པས་དུས་ཁོམ་མེད། ངེད་ནས་དྲ་བ་རྙིང་པའི་ནང་གི་རྩོམ་ཡིག་དང་རྒྱུ་ཆ་དག་ཚུར་བླངས་ཏེ་ཟུར་དུ་ཉར་འཇོག་གྱིས་ཤོག་གསུང་བྱུང་། དེ་དུས་༢༠༡༥ལོའི་ལོ་མཇུག་རེད།  དེ་ནས་ད་ལྟའི་བར་དུ་དྲ་བའི་ནང་རྩོམ་ཡིག་གསར་བསྒྱུར་བྱ་རྒྱུ་མང་པོ་དེ་ཙམ་བྱུང་མེད། ཁོང་དུས་རྒྱུན་ཕྱག་ལས་མཛད་བྲེལ་ཆེ་བས་ཐུགས་སུན་བཟོ་དོགས་དང་ཞུ་ཧམ་དུ་འགྲོ་བར་དོགས་ཏེ། དྲ་བ་ཇི་ཙམ་བཟོ་ཚར་ཡོད་མེད་དང་འཕེལ་རིམ་ཇི་འདྲ་བྱུང་ཡོད་མེད་ཐད་བཀའ་དྲི་ཞུ་མ་ཕོད་པར་ད་ལྟའི་ཆ་བར་ལུས་པས་དེ་ནི་ཕངས་སེམས་སྐྱེ་གཞི་ཞིག་ཏུ་གྱུར།
  ཁོང་ལ་ང་ཚོས་ཐུགས་སུན་དང་སྐུ་ལས་ལྷག་མ་མང་པོ་བཟོས་སོང་། ཁོང་ནི་ཚངས་དབྱངས་དྲ་བ་ལ་ཐོག་མཐའ་བར་གསུམ་དུ་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན། ཁོང་གི་བཀའ་དྲིན་རྗེས་དྲན་ཞུ་ཆེད་ང་ཚོས་འདིར་གསོལ་བ་བསྔོ་སྨོན་གང་ཤེས་བྱ་རྒྱུ་དང་གདུང་ཤུགས་དྲག་པོས་མྱ་ངན་ཞུ་གི་ཡིན།
མི་བུ་སྒལ་ཚིགས་ཅན་ཞིག་གཤེགས་ནས་ཐལ། །མཁའ་ལ་གསེར་གྱི་ཡིག་རིས་བྲིས་ནས་ཐལ། །
རྟ་ཕོ་བྱས་པ་ཅན་ཞིག་བཞུད་ནས་ཐལ། །ཞབས་རྗེས་གངས་ཀྱི་ཡུལ་ལ་བཞག་ནས་ཐལ། །
དེང་དུས་བོད་ཡིག་ཤེས་མཁན་མཁྱེན་ལྡན་དཀོན། །བརྡ་འཕྲིན་ལག་རྩལ་ཤེས་མཁན་ཤིན་ཏུ་དཀོན། །
ལྷག་བསམ་འགན་འཁྲི་ལྡན་པ་དེ་བས་དཀོན། །དེ་གསུམ་ཆ་འཛོམས་མཛངས་མི་ཁྱེད་འདྲ་དཀོན། །
ལྷག་བསམ་སྤོབས་པས་བཏེགས་པའི་ཡུན་ཐུང་གི། །མི་ཚེ་དོན་ལྡན་བྱ་བས་བྲེལ་གྱུར་ཏེ། །
གློ་བུར་སྐུ་ཚེ་རྫོགས་འདི་ཕངས་ན་ཡང་།  །ཕལ་ལས་འགོངས་པའི་བྱས་བཟང་བསྐྲུན་འདི་རྨད། །
དགེན་ཁྱེད་ཐུགས་བསྐྱེད་མཛད་པས་ཉེར་ལེན་ལས། །ཆོས་ལྡན་ཞིང་འདིར་དལ་རྟེན་རིམ་པར་བརྒྱུད། །
རིག་འཕྲུལ་གསར་པའི་འདུ་འགོད་སྤེལ་བ་ལ། །སླར་ཡང་རྣམ་དཔྱོད་ལྷག་བསམ་འབར་གྱུར་ཅིག
སློབ་ཚོགས་གྲངས་མང་བསྐྱངས་བའི་མིག་ལྟོས་ལས། །གངས་རིའི་ལྗོངས་ཀྱི་ཆ་འཕྲིན་ལག་རྩལ་གྱི། །
རྒྱུན་འཛིན་གསར་པ་ཟམ་མི་ཆད་འཁྲུངས་ཏེ། ཤེས་རིག་དགའ་སྟོན་ཉམས་མེད་དར་གྱུར་ཅིག 
                                             ༢༠༡༦ ལོའི་ཟླ་༡༡པའི་ཚེས་༣ ལ། ཚངས་དབྱངས་དྲ་བ་ནས།
·གསར་འགྱུར་གོང་མ:བོད་ལྗོངས་ཀྱིས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་བཙུགས་པ།
·གསར་འགྱུར་འོག་མ:མི་འདུག
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
·ཐར་ལོ་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་རྩེ་གྲའི་འོས་མིང་ཐོབ་པ། 2015/10/25 20:04:28
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS