ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> བྱུང་རབས
  གསར་འགྱུར་ཀློག་པ།

མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ།

[རྩོམ་པ་པོ:བྲག་གཡབ་སྐྱབས་མགོན།  ཡོང་ཁུངས:མདོ་ཁམས་བྲག་གཡབ།  དུས་ཚོད:2016/3/7 18:22:43  བཀླགས་ཐེངས:17425][ཡིག་གཟུགས:ཡིག་གཟུགས་མདོག]
                          མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ།
                                                            གླེང་བརྗོད།
གངས་ཅན་བོད་དུ་འདས་པའི་མི་ལོ་སྟོང་ཕྲག་འགའ་ཞིག་ནང་སྤྱི་ཚོགས་ཀྱི་གནས་སྟངས་འཕོ་འགྱུར་རིམ་པར་བྱུང་རྗེས། ཕྱི་ལོ་༡༦༤༢ ནས་བཟུང་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོ་དབུ་བརྙེས་ཏེ་ཆོས་སྲིད་ཟུང་དུ་འབྲེལ་བའི་ཆབ་སྲིད་འཕྲིན་ལས་ཀྱི་འཇུག་པས་བོད་ལྗོངས་ཐ་གྲུར་ཁྱབ་ཅིང་། དེའི་ཐུགས་རྗེའི་ཞོ་ཤས་འཚོ་བའི་མངའ་རིས་སུ་གཏོགས་པ། མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ཀྱི་ལྗོངས་འདིའི་གནས་ལུགས་མཚོན་པ་ཙམ་ཞིག །བར་ཁམས་ཆུ་བཞི་སྒང་དྲུག་གི་ཡུལ་ཁག་སོ་སོའི་ལོ་རྒྱུས་ཕྱོགས་བསྒྲིགས་ཁོངས་སུ་གཞུག་བྱར་འཕྲལ་གཏོང་དགོས་ཚུལ་ཕེབས་(རང་གཞུང་དྲིལ་བསྒྲགས་དྲུང་ཆེ་སྐུ་ཞབས་མཛེས་བཅུ་བསོད་ནམས་སྟོབས་རྒྱལ་མཆོག་བརྒྱུད་བསྐུལ་མ་གནང་)དོན་ལྟར་ཆེས་སྔ་བའི་དུས་སུ་ཡུལ་འདིར་སྤྱི་ཚོགས་ཀྱི་གནས་སྟངས་ཇི་བྱུང་གི་རྩོམ་གཞིའི་ཡིག་སྣ་མ་འཛོམས་པས་ཕུད། ཕྱི་ལོ་བརྒྱ་ཕྲག་བཅུ་གཉིས་པའི་ནང་ཤེད་ཙམ་ནས། ཕྱི་ལོ་༡༩༥༩ བར་དུ་ལྷ་སྡེ་མི་སྡེ་ལུགས་གཉིས་ཀྱི་འཚོ་བ་ཇི་ལྟར་སྤྱོད་པའི་ལམ་ལུགས་གྲངས་འདྲེན་ཙམ་ཞིག་འཕྲལ་མར་བཀོད་པ་ཡིན།

རྩོམ་གཞིའི་ས་བོན་ནི། བྲག་གཡབ་ཀྱི་གནས་ཚུལ་གང་ཅིར་ཡུན་རིང་ཉམས་མྱོང་རྒྱུད་འདྲིས་ལྷག་པར་ཆེ་བ་གསོལ་དཔོན་སྐྱོ་ཐུ་བློ་བཟང་ཚུལ་ཁྲིམས་ཞིང་གཤེགས་དེ་ཉིད་ལ་སྔ་ས་ནས་རང་ཡུལ་སྤྱི་དང་བྱེ་བྲག་གི་ལོ་རྒྱུས་ཡིག་ངག་གཉིས་ཐོག་ནས་འགོད་གལ་ནན་བསྐུལ་ལྟར་གྱིས་ས་བོན་རིམ་བསགས་ཡོད་པ་འདིའི་ཐོག་བྲག་གཡབ་གཉེར་པ་ཚོང་དཔོན་ཨ་ཕྲུག་བླ་མ་ཅན་ནས་བྲིས་པའི་ཟིན་ཐོ་དང་། དེ་མིན་འབྲེལ་ཡོད་གནས་ཚུལ་མཐོང་ཐོས་བྱུང་རིགས་ཞར་བྱུང་ཟིན་བྲིས་སུ་བཏབ་པ་སྣ་ཚོགས་དེ་བཞིན། ༡༩༨༧ ལོར་བོད་ནས་པར་ཐོན་བྲག་གཡབ་ཀྱི་ལོ་རྒྱུས། མདོ་ཁམས་བྲག་གཡབ་བླ་དགོན་སོགས་ཀྱི་གནའ་དེང་བྱུང་བ་ཐོག་མའི་ཕྱོགས་བསྒྲིགས་སོས་ཀའི་ཉི་རིང་འཕུལ་བའི་གཏམ་ཞེས་པ། བྲག་གཡབ་གུང་ཆུང་དྲུང་ཡིག་པདྨ་དབང་འདུས་དང་། མོ་སྡོམ་དྲུང་ཡིག་བློ་བཟང་ཆོས་ལྡན་གཉིས་ནས་ཕྱོགས་བསྒྲིགས་ཀྱིས། ཆབ་གྲོས་ཆབ་མདོ་ས་ཁུལ་རིག་གནས་ལོ་རྒྱུས་རྒྱུ་ཆ་འཚོལ་བསྡུ་ཨུ་ཡོན་ལྷན་ཁང་ནས་འགྲེམས་སྤེལ་པར་ཐོན་དེབ་སྟོད་སྨད་གཉིས་ནས་ཀྱང་སྐབས་མཁོའི་གནས་ཚུལ་བཏུས་ཤིང་། ངེད་རང་ཡང་བགྲང་བྱ་དགུའི་རིང་བྲག་གཡབ་ཀྱི་གདན་སར་བསྡད་པས། མཐོང་ཐོས་ཀྱི་མྱོང་བ་ཕྲན་བུ་དྲན་ཡུལ་དུ་གསལ་བ་བཅས་ཀྱིས་གཞིར་བྱས། བྲག་གཡབ་སྐྱབས་མགོན་སྐུ་ཕྲེང་དང་པོ་དང་། གཉིས་པ། བཞི་པ། ཆུང་ཚང་སྐུ་ཕྲེང་དང་པོ་བཅས་ཀྱི་རྣམ་ཐར་ཁག་དང་། གཞན་ཡང་། དེབ་སྔོན། བཻ་སེར། ཀློང་རྡོལ་གསུང་། བསྟན་འཛིན་གྱི་སྐྱེས་བུ་རྒྱ་བོད་དུ་བྱོན་པའི་མིང་གི་རྣམ་གྲངས། རྒྱལ་རྩེ་རྣམ་རྒྱལ་དབང་འདུས་ནས་བརྩམས་པའི་བོད་ལྗོངས་རྒྱལ་ཁབ་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་དྲག་པོའི་དམག་གི་ལོ་རྒྱུས་སོགས་ལ་བསྡུར་ནས་བསྒྲིགས་པ་ཡིན། སྐབས་འདིར་རང་རེའི་རྒན་རབས་རྣམས་ནས་གནའ་རབས་ཡིག་འཇོག་གནང་བའི་མཛད་རྗེས་འདི་ནི། མི་རིགས་རང་གི་ཞབས་འདེགས་བླ་ན་མེད་པར་མ་ཟད། ལོ་རྒྱུས་བསྐྱར་ཞིབ་འདི་འདྲའི་ཐོག་ཀྱང་སྨན་རབས་དགེ་མཚན་ལྷག་པར་མངོན་པས། ཁོང་རྣམ་པའི་བྱ་བཞག་ལ་ཡི་རང་དང་། བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། སྤྱི་ཚོགས་ཀྱི་འཚོ་བ་འདི་ནི་སྒྲིག་འཛུགས་དང་འབྲེལ་བ་ཆེ་བས། སྐབས་འདིར་བྲག་གཡབ་བླ་བྲང་གི་སྐོར་ཡང་བརྗོད་བྱར་སོང་གཤིས། བླ་བྲང་སྐོར་བཅས་ཀྱི་དངོས་བྱུང་ལོ་རྒྱུས་སོར་བཞག་ཉིད་ལས་རང་འདོད་སྒྲོ་སྐུར་གསར་སྤྲོས་ཀྱིས་མ་གོས་པར་བྱས་ཏེ་བྲིས། སྤྱིར་བཏང་བླ་བྲང་ཟེར་བ་ལ་ཆེ་ཆུང་སྣ་ཚོགས་ཡོད་ཅིང་། གཏོང་སྡུད་སོགས་འཛིན་སྐྱོང་གི་སྤྲོས་པ་ཅན་ལ་མཚོན་ན། བསྟན་པ་མཆོད་སྦྱིན་གྱི་བདག་པོ་ཞེས་གང་ལ་བརྟེན་ནས་བརྗོད་སྲོལ་ཡོད་པ་དང་། མི་དམངས་ཉམ་ཆུང་གི་བདེ་རྩར་འཚོ་སྐྱོང་ཇི་ལྟར་བྱ་བ་སོགས་ཀྱང་ཕྱོགས་ཙམ་བཀོད་པ་ཡིན། གཟུ་བོའི་བློ་ཡིས་དཔྱད་ན་བླ་བྲང་ཆེན་པོའི་སྒྲིག་འཛུགས་འདི་རིགས་གཞི་རྩའི་འཆར་གཞི་ལེགས་པོ་དང་། སྔོན་གྱི་དུས་སྐབས་དེ་དང་དེ་ལ་སྤྱི་ཚོགས་ཀྱི་གནས་ཚུལ་ཐོག་འོས་ཤིང་འཚམས་པ་ཞིག་ཡིན་འདྲ་བས་ན། དེང་དུས་ཀྱི་བསམ་ཚུལ་ལྟར་ཆབ་འབངས་བཤུ་གཞོག་བྱེད་པོ་ཁོ་ནས་མིན་པར་གསལ་ཡང་འཛིན་སྐྱོང་གི་བྱ་བ་མཐའ་དག་བྱེད་པ་པོར་རག་ལུས་པས། སྲི་ཞུ་བ་མང་པོ་ཞིག་ནས་ཉེ་སྐྱོར་ཕྱོགས་ལྷུང་དང་། རང་རྒྱལ་གཞན་ཕམ། ངོ་ལྐོག་གི་བྱ་བས་ལས་འབྲས་འཇོལ་ཉོག་ཏུ་སྤྱད་པས་སྤྱི་ཚོགས་ཐོག་དུ་ཕན་ལས་གནོད་ཆེ་ཇི་སྙེད་ཅིག་བྱུང་ཁར་རྒྱ་ཆེ་ཁུ་མ་འདུས་པའི་ནང་ཁུལ་གྱི་དཀའ་ངལ་ཡང་དུ་མ་ཡོད་པར་མ་ཟད། གྲགས་ཅན་གྱི་བླ་བྲང་ལྡན་པའི་དོན་གྱི་བདག་པོ་ཉིད་ཀྱང་། འཕགས་པའི་རིགས་བཞིར་དབང་མེད་དུ་གནས་དགོས་པ་སོགས་ཀྱང་མཆིས་པ་བླ་མ་ནང་ཕན་ཚུན་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་ལྟ་བུའང་སྣང་བ་ནི་ཞར་བྱུང་ཙམ་དུ་སྨྲས། ལོ་རྒྱུས་ཕྱོགས་བསྒྲིགས་འདི་བཞིན་རྩོམ་ཡིག་སྙིང་བསྡུས་ལྟ་བུ་ཞིག་དགོས་པ་དང་། འདིར་ཡང་སྐབས་བབས་ཆོས་རིག་སྤྱི་སྒེར་གྱི་བྱ་མང་རུ་འཛིངས་སྟབས་བསྟུན་མི་དམངས་ཀྱི་འཚོ་བ་དང་གོམས་གཤིས་ཇི་ལྟར་སྤྱོད་ཚུལ་ཞིབ་པ་དང་། བླ་མ་དང་དགོན་པའི་གནས་ལུགས། ཆོས་སྲིད་ཀྱི་མི་སྣ་ཆེ་ཆུང་ཕྱི་ནང་གང་ས་ནས། བླ་བྲང་གཞུང་དམངས་སོགས་ལ་ཕན་གནོད་ཅི་བྱས་མ་བཅོས་དྲང་བདེན་གྱི་བཤད་བྱ་མང་ཡང་རེ་ཞིག་མ་སྤྲོས་ཤིང་། དེང་དུས་སྤྱི་ལུགས་དང་མཐུན་པའི་ལུང་འདྲེན་མཆན་འགོད་སོགས་ཀྱི་སྤྲོས་པ་ཞིབ་ཚགས་བྱ་ལོང་མ་བྱུང་ནའང་། བརྗོད་བྱ་དོན་ཚན་སོ་སོར་བཀྲལ་ཏེ་རེའུ་མིག་ཁག་གི་ཟུར་རྒྱན་དང་བཅས།

སྣོད་བཅུད་ཀྱི་ཁྱད་ཆོས།
ཡུལ་མིང་དང་བཀོད་པ། རབ་དཀར་གངས་རིས་ཁོར་ཡུག་ཏུ་མཛེས་པའི་བོད་ལྗོངས་ཆོས་ལྡན་གྱི་ཞིང་འདིར་ཆོལ་ཁ་གསུམ་དུ་ཡོད་པའི་ནང་ཚན། བར་ཁམས་མདོ་སྟོད་ཀྱི་ཆོལ་ཁའི་ཁོངས་སུ་གཏོགས་པའི་ཡུལ་གྲུ་བྲག་གཡབ་ཅེས་པ་འདི་བཞིན། གོ་འཇོ་དང་རོང་མིའམ་ས་ངན། སྨར་ཁམས། ཚ་བ་མཛོ་སྒང་། དཔའ་ཤོད། ཆབ་མདོ་བཅས་ཀྱི་ཡུལ་གྲུ་ས་ཕྱོགས་མཚམས་ནས་བསྐོར་ཞིང་། རི་ཀླུང་སྐམ་ཤས་ཆེ་བ་ནས་སྤང་ལྗོངས་དང་སྣ་ཚོགས་ནགས་ཚལ་ཚང་ཚིང་འཁྲིགས་པའི་བར་འབྱུང་ཁམས་ལ་བརྟེན་པའི་གནམ་གཤིས་དྲོ་གྲང་ཡང་ཅི་རིགས་ལྡན་པའི་ཡུལ་ཁག་མི་འདྲ་བ་མང་། ས་ཁྱོན་གྱི་དབང་དུ་བྱས་ན་ཤར་ནུབ་ཉིན་ལམ་བདུན་ཙམ་དང་། ལྷོ་བྱང་ཉིན་ལམ་ལྔའི་ཚོད་ཙམ་དུ་བརྩི།

སྔ་དུས་བྲག་གཡབ་ཟེར་བའི་ད་ལྟའི་ཡུལ་མིང་ཡོངས་ཁྱབ་ཅན་འདི་མེད་པར་ཕྱྭ་ཡུལ། སྐྱོང་ཡུལ། དགེ་ཚང་གསུམ་ལ་ཕྱྭ་སྐྱོང་དགེ་གསུམ་དུ་གྲགས་པ་ཞིག་དང་། སྨད་ཡུལ། བསྣན་ཏེ་སྨད་དགེ་ཕྱ་སྐྱོང་བཞིར་ཡང་གྲགས་པ་སོགས་སིལ་བུར་གནས། འོན་ཀྱང་སྐབས་དེ་ཤེད་ནས་ཉག་རེ་དང་བྲག་གཡབ་ཅེས་པའི་གདགས་གཞི་ཆེ་ཆུང་སོགས་མ་ངེས་ནའང་ཐ་སྙད་ཅིག་ནི་ཡོད་འདྲ་སྟེ། ཆུང་ཚང་སངས་རྒྱས་བཀྲིས་ཀྱི་རྣམ་ཐར་དུ། རབ་དྲག་མེ་ཁྱི་སྟེ་༡༦༤༦ལོར་༸སྐྱབས་མགོན་སྐུ་ཕྲེང་དང་པོ་གྲགས་པ་རྒྱ་མཚོའི་དགོངས་རྫོགས་སྒྲུབ་མིར་གུ་ཤྲཱི་ཁང་དང་། མི་དབང་བསོད་ནམས་རབ་བརྟན་ནམ་སྡེ་སྲིད་བསོད་ནམས་ཆོས་འཕེལ་(ཁྲི་ལོ་༡༦༤༢-༡༦༥༨)གཉིས་ནས་འོར་རྔུ་བྱམས་མདུན་ཕྱོགས་ཀྱི་ལྷ་སྡེ་ཚང་མ་ཞབས་འོག་ཏུ་བཅུག་ཆོག་པའི་བཀའ་ཐོབ། དོན་འདི་ནི་(ཕག་གྲུའི་(༡༡༡༠=༡༡༧༠)དངོས་སློབ་) གྲུབ་ཐོབ་ཉག་རེ་སེ་བོས་ཉག་རེའི་འགོ་དཔོན་ཕྱྭ་ཡིས་བྱེད། ཅེས་པའི་ལུང་བསྟན་དུས་ལ་བབས་པར་མངོན་ཞེས་གསལ། དེ་བཞིན་བོད་ནས་པར་ཐོན་བྲག་གཡབ་ལོ་རྒྱུས་སུ། དེ་ནས་བཟུང་བྲག་གཡབ་སྤྱི་མིང་ལའང་ “ཉག་རེ་བྲག་གཡབ་” ཅེས་མིང་དུ་དག་ཤིང་། ཕྱྭ་སྐྱོང་ཉག་གསུམ་གཅིག་ཏུ་གྱུར་པའང་ཡིན་པར་ངེས་སོ། ཞེས་དང་། ཡང་དེར། སྔ་དུས་ལོ་རྒྱུས་སྙན་ངག་གི་ལམ་ནས་དྲངས་ཏེ་ཚིགས་སུ་བཅད་པའི་ཡིག་རྙིང་མཆོད་བརྗོད་སུམ་འབིད་ཅན་ཞིག་རྙེད་པར་ཡང་། “ཕྱྭ་དཔོན་ཉི་མ་རྒྱལ་མཚན་གྱིས། །ཕྱྭ་སྡེ་ཉིས་ཁྲི་དགུ་འབུམ་དང་། །རང་གི་བུ་རྟ་འབངས་འཁོར་བཅས། །ཕུལ་ནས་འགྲོ་དོན་རྗེས་སུ་སྐྱོང་། །སྐྱོང་རྗེ་ཉི་མ་ལྷུན་གྲུབ་ནས། །སྐྱོང་སྡེ་དུག་མཚོ་ཁོལ་མ་དང་། །རང་གི་བུ་རྟ་འབངས་འཁོར་བཅས། །དད་པས་ཕུལ་ནས་བདག་པོ་བྱས།།” ཞེས་དང་། སྐྱབས་མགོན་སྐུ་ཕྲེང་གཉིས་པར། “མཚོ་སྔོན་རྒྱལ་ཆེན་ཐམས་ཅད་ཀྱིས། །ཉག་རེ་ཁྲི་སྐོར་བཅུ་གསུམ་ཕུལ། །ཉི་མ་དེ་ཡི་ཚུན་ཆོད་ནས། །རོབ་ཀྱི་ཕ་ཝང་སྟག་འདྲ་ཚུན། །རྔམས་ཆེན་ཆུ་མདུན་ལམ་ཆོད་དང་། །རྡོམ་གྱི་ལྕགས་ཐག་ཐང་གི་ཕྱིན། །ཕྲ་ལོག་ཐད་མདུད་ཕྱིན་གྱི་ས། །རོང་ཕ་ཝང་སྦ་འདྲ་ཕྱིན་གྱི་ས། །འབའ་ལྕགས་རོང་ཆུ་མདུད་ཡན་གྱི་ས། །ཚ་བ་ར་མ་ལ་ཁྲི་ཚུན། །ཚ་སྟོད་རྨོག་མོ་ཞལ་དཀར་ཚུན། །ཉག་རེ་བྲག་གཡབ་ལུང་པའི་ས།” །ཞེས་སྔར་གྱི་ཡིག་རྙིང་ཁུངས་སུ་དྲངས་ཤིང་། ད་དུང་བཤད་ཚུལ་ཞིག་ལ། གཞན་ལོ་རྒྱུས་ཡིག་ཆར་ཡང་། བྲག་གཡབ་རིང་འོག་ལ་སྒྲུབ་པ་མཛད། „།ཡུལ་འདི་ལ་བྲག་གཡབ་མིང་དུ་ཆགས། །ཞེས་གསལ་ཚུལ་བཅས་འཁོད་འདུག །གང་ལྟར་སྐྱབས་མགོན་སྐུ་ཕྲེང་དང་པོ་གྲགས་པ་རྒྱ་མཚོའི་སྐབས་ནས་བྲག་གཡབ་དགོན་ཟེར་བའི་དགོན་ཆུང་འདི་ནི་ཡོད་པ་རྣམ་ཐར་དུ་གསལ། གནས་འདིར་སྒྲུབ་པ་གནང་བར་གྲགས་པའི་བྲག་གི་གཡབ་ཅིག་ཀྱང་མཇལ་དུ་ཡོད། ཀློང་རྡོལ་བླ་མ་རིན་པོ་ཆེས་ཀྱང་མདོ་ཁམས་སྒང་དྲུག་གི་བཞི་པ་སྨར་ཁམས་ཉག་རེར་བྱོན་པ་དཀའ་བཅུ་གྲགས་པ་རྒྱ་མཚོ་ཞེས་ཀྱང་གསལ་བས། དོན་གཅིག་མིང་གི་རྣམ་གྲངས་ལྟར་སྣང་ཡང་། ཁྱབ་ཆེ་ཆུང་སོགས་ཀྱི་ཁྱད་པར་འདྲ་བྱུང་ཡོད་མེད་ཤེས་དགོས་པ་ཞིག་འདུག །ཕྱིས་སུ་ཡུལ་འདིའི་གྲྭ་རྒྱུན་གྲྭ་སར་འཛུལ་ཡུལ་གྱི་ཁང་ཚན་འགའ་རེར་ཉག་རེ་ཁང་ཚན་ཞེས་བརྗོད་སྲོལ་ཡོད་པ་མ་གཏོགས་ཡུལ་མིང་དུ་མི་གོ་བར་སྣང་།

རི་ཆེན་དང་ཆུ་ཆེན་སྐོར། རི་ཆེན་ལ་མཚོན་ན། རྨ་སྲས་མཆེད་དགུའམ་གཉན་ཆེན་སྡེ་བཞིའི་ནང་ཚན་འཛུམ་ཆེན་རྡོ་ཁྲོམ། རྡོ་རྗེ་གཡུ་སྒྲོན་མའམ་བསྟན་མ། དཀར་རྒྱལ་ཤོ་ཚའམ་རྡོ་རྗེ་དགྲ་འདུལ། རབ་རྒྱལ། རབ་དཀར། གནས་པོ་རྡོ་རྗེ་གུར་མགོན། བསྐོར་བ་རིན་ཆེན། གྲམ་དཀར་གཡུ་རྩེ་སོགས་གཞི་བདག་མཐུ་བོ་ཆེའི་གནས་རིར་ངོས་འཛིན་བྱེད་པའི་བྲག་རི། གཡའ་རི། རྫ་རི། སྤང་རི། ནགས་རི་རྔམས་བརྗིད་མཛེས་སྡུག་ལྡན་པ་དུ་མ་དང་། ཆུ་ཆེན་ལ་མཚོན་ལ། མཐའ་མཚམས་ཀྱི་རྒྱལ་ཁབ་ལའོ་སི། ཐའེ་ལན་ཌི། ཁ་འབོ་ཌི་ཡ། ཝི་དི་ནམ་བཅས་བརྒྱུད་རྒྱ་མཚོར་འབབ་པའི་ཟླ་ཆུ་དང་། དཀྱིལ་དམ་གཞུང་གི་འཛི་ཆུའམ་བསེ་ཆུ། ག་ཟི་ཕྱོགས་ཀྱི་གཡའ་ཆུ། བསུ་ཆུ། མོ་དོའི་ཆུ། གཞུང་ཤོད་ཆུ། ལབ་ཆུ། འོ་འབོམ་གཞུང་ཆུ། དབྱེན་འདུམ་ཕྱོགས་ཀྱི་སྨེར་ཆུ་སོགས་ཡོད། ཐོན་ཁུངས་ནི། གོས་སུ་ལྭ་བ་དང་། སྣམ་བུ། ཕྱིང་པ། ཚར་རུ་དང་། སྦྲ་གུར། སྦྲ་ཡོལ་སོགས་བཟོ་བྱེད་རེ་ལྡེའམ་རེ་བ། བཟའ་བཅའི་རིགས་གྲོ་ནས་སྲན་གསུམ་དང་བྲའོ་བཅས་པའི་འབྲུ་རིགས། དེ་བཞིན་གྲོ་མ། གསེར་ཤ། །དཀར་ཤ། །ཁམ་བུ། སྟར་ཁ། ཀུ་ཤུ། ལི། སེ་འབྲུའི་རིགས། གཞན་ཡང་འཆར་ཅན་ཚལ་རིགས་དང་ཤ་མར་དཀར་ཆུའི་མོད་བཟང་བར་མཆིས། རྩི་ཤིང་དང་རང་བྱུང་ཐོན་རྫས་གྲས་ནི། ཐང་ཤིང་། ཤུག་པ། གྲོ་ག །སྦྱར་པ། འཁྲིལ་པ། ལྕང་མ་དཀར་ནག །བ་ལུ་སོགས་དང་། ཆུ་སྲིབ་ལ་རྒྱབ་ཁུལ། མདའ་ནོག །གུང་ནོག་དང་། བྱམས་མདུན་གནས་རི་ལོ་མའི་མདུན་ངོས་སུ་གསེར་གྱི་གཏེར་ཁ། དངུལ་ཁ་བ་ཞེས་པར་དངུལ་གྱི་གཏེར་ཁ། སྟག་ར་ཤིས་ཁུལ་སྤྱི་རི་དཀར་རྒྱལ་ཤོ་ཚར་དངུལ་རྡོའི་རྫ་རི། རྒྱ་ལོག་ཁུལ་དངུལ་ཆུ་དང་ཟི་ཚ། ར་བསྐོར་ཁུལ་མུ་ཟི། ཤིབ་པ་ཁུལ་རྡོ་སོལ། གཤེད་པ་ཁུལ་སོགས་སུ་ལྩགས་ཀྱི་གཏེར་ཁ་འབོར་ཆེན། མཁར་སྒང་དང་པ་རེ་ཁུལ་ཞ་ཉེ་བཅས་ཐོན་ཁུངས་ཆེ་གྲས་ཐོག །བ་ལ། བཙག །ཀ་རག །རྡོ་སོལ། རྡོ་ཞོ་སོགས་ཚོན་རིགས་ཉི་མ་ཁ་ཆུ། བུལ་ཏོག །དབྱར་རྩྭ་དགུན་འབུ། དབྱར་གྲོ། བེ་སྨུག་རྣམས་ས་ཁུལ་མང་པོར་མང་ཉུང་སྣ་ཚོགས་ཐོན། དེ་བཞིན་རི་སྐྱེས་སྔོ་སྨན་སྣེ་མང་དང་། ཤྭ་རྭ་གླ་རྩི་སོགས་ཀྱང་འབེལ་པོ་ཡོད།

སྲོག་ཆགས་ནི། ཤྭ་བ་དང་། རྣ་བ། དགོ་བ། གཉན། རྐྱང་། རྒྱ་སྒོ་ར། རི་བོང་། ཨ་བྲའམ་བྲ་བ། སྲེ་མོང་། སྤྲ་དང་སྤྲེའུ། སྟག་གཟིག །དོམ་དྲེད། འཕར་སྤྱང་། སྦེ། ཝ་མོ། གཡི། གསའ་མ་གཟིག །སྲམ་ཆུང་ཨོ་དཀར་སོགས་སྐམ་གཤེར་ལ་གནས་ཤིང་རྒྱུ་བའི་སྲོག་ཆགས་ཀྱི་རྣམ་གྲངས་ཡོངས་གྲགས་ཅི་རིགས་དང་། སྤྱིར་བཏང་བོད་ཀྱི་སྒོ་ཕྱུགས་བཅས།

བཟོ་རིག་ལ་མཁས་པ་ནི། གསེར་དངུལ་ཟངས་ལྕགས་ཀྱི་མགར་བ་རྡུང་ཚག་ལུག་གསུམ་ལ་མཁས་པས་རྟེན་དངོས་ཅི་ཡང་བཞེངས་ཐུབ་པ་མང་ཞིང་། ལྷག་པར་སྨད་སྟོད་དང་ཛོ་ཐང་གྲོང་ཚོ་གཉིས་ཀྱི་དབུལ་ཕྱུག་ཚང་མའི་སྐྱེས་པ་ཕལ་ཆེ་མགར་བ་ཡིན། ཚད་ལྡན་གྱི་ལྷ་བྲིས་པ་དེ་བཞིན་རྡོ་ཤིང་གི་བཟོ་བོའང་གྲགས་ཆེ་ལ། ཀོ་མཁན་སྔོ་བཟོ་དང་། ཚེམ་བཟོ། ལྷམ་བཟོ། གྲུ་ལས་པ། ཤོག་བཟོ། པར་བརྐོས། སྤོས་མཁན། མདའ་གཞུའི་བཟོ་པ། དཀྲུག་པ། རྫ་མཁན་བཅས་དང་། ཆོས་དང་འབྲེལ་བའི་གར་ཐིག་རོལ་དབྱངས་དང་། འཇིག་རྟེན་པའི་བྲོ་གླུ་རལ་པ་སོགས་ལ་བྱང་ཆུབ་པའི་མཁས་པ་མང་། ཡིག་རྩིས་སྨན་གསུམ་དང་། ལྷག་པར་ཡིག་ཀློག་བཟང་བའི་གྲགས་པས་ཀྱང་བོད་ལྗོངས་སུ་ཁྱབ།

ལྷ་མིའི་སྡེ་དགོན། མི་ཁྱིམ་གྲངས་འབོར་གྱི་དབང་དུ་བྱས་ན། ཡོངས་གྲགས་ཁ་རྒྱུན་དུ་བྲག་གཡབ་འདོམས་ཚོ་བཅུ་གཉིས་ཞེས་སྔར་དུད་གྲངས་སྟོང་ཚོ་བཅུ་གཉིས་ཡོད་པར་གྲགས་ནའང་སྐྱབས་མགོན་༸གོང་མ་བརྒྱད་པ་ཆེན་པོས་ས་མི་ཞིབ་འཇུག་གིས་རབ་རྒྱལ་ཤིང་ཕག་ཕྱི་ལོ་༡༩༣༥ཞིབ་གཞུང་བཀོད་སྐབས་ཐེམ་དུད་དྲུག་སྟོང་ཙམ་ལས་མེད་པར་མངོན་ཞིང་། དེ་ནི་བླ་བྲང་གི་ལས་ཀྱི་སྣེ་མོར་གཏོགས་པ་མཆོག་དམན་གང་འཚམས་ཤིག་ནས་སྒེར་དོན་གཙོར་བཟུང་གིས་ལས་འབྲས་དཔང་ཕེར་གྱི་ཞུ་སྒོ་འཐུས་ཀ་ཚང་མིན་ཐོག་ནས་ཆབ་འབངས་བདེ་བར་ངལ་འཚོ་ཐུབ་པའི་ལྟ་རྟོག་ཚགས་ཚུད་ཚུལ་བཞིན་བྱུང་མིན་ཁར། བར་ཁམས་ཁུལ་ཡོད་གཞུང་དམག་འགོ་འབངས་ཕལ་མོ་ཆེ་ནས་ཀྱང་ལྷ་ལྡན་རྒྱལ་ཁབ་ཆེན་པོའི་བཀའ་དང་ཁྲིམས་ས་ཐག་རིང་དབང་གིས་བླ་བྲང་གཞུང་དམངས་གཉིས་ཀར་དབང་ཤེད་དང་། རྒྱུ་བརྔན་ཟོས་བཅོམ། ཁྲལ་ཁྲིམས་འཕར་འདོམས་རིམ་པས་ཆབ་འབངས་འཐོར་གྱར་ཐ་ཞན་དུ་གྱུར། རྒྱ་དམར་ནས་བོད་ལྗོངས་བཙན་བཟུང་བྱས་རྗེས་བྲག་གཡབ་ཀྱི་ས་མི་ཕྱོགས་མཐར་ཡོད་པ་ཅི་རིགས་ས་མཚམས་རྫོང་ཁག་གཞན་འོག་ཟླ་སྒྲིལ་གྱིས་གཞི་རྩའི་ས་མིའི་རྒྱ་ཁྱོན་ཆུང་དུ་བཏང་སྟབས་ད་ལྟ་མི་འབོར་སྟོང་ཕྲག་བཞི་བཅུ་ཡོད་ལུགས་བྲག་གཡབ་རྫོང་ནས་ཟེར་བ། མི་ཁྱིམ་ཐེམ་དུད་ཀྱི་གྲངས་འབོར་མིན་ནམ་སྙམ། མི་དམངས་ཀྱི་འཚོ་ཐབས་གཙོ་བོ་ནི་ཞིང་འབྲོག་ཡིན་པས། འདི་དག་ལ་སྐྱབས་མགོན་བཞི་པ་ཆེན་པོས། ཞིང་པའི་ཁུལ་ལ་“འགོ་པ་”དང་། འབྲོག་པའི་ཁུལ་ལ་“རྫིས་པ་”བྱེད་དང་། སྒེར་པ་དཔོན་རྒྱུད་སོ་སོར་གཟིགས་གཟོས་ལྟ་བུའི་འགོ་རྫིས་ཀྱི་མིང་གནས་གནང་སྲོལ་བྱུང་སྟེ་འགོ་རྫིས་དོན་གཉིས་ཞེས་ཡོད་པ་དང་། དེ་ཡང་ས་གནས་བབས་འབྲེལ་འགོ་རྫིས་མང་ཉུང་ཅི་རིགས་རྟ་ཟམ་རེའི་ཁོངས་སུ་བགོས་ཏེ་རྟ་ཟམ་བཅུ་གསུམ་ཡོད་པ། ཕྲན་གྱི་ཟིན་བྲིས་ས་བོན་ཁག་ཕྱོགས་བསྡུས་གཞིར་བཞག་ཐོག་བོད་ནས་དཔར་ཐོན་བྲག་གཡབ་ཀྱི་ལོ་རྒྱུས་དང་དཔྱད་བསྡུར་གྱིས་རེའུ་རིག་དཀྱུས་གཅིག་ཏུ་བཀོད་ཡོད།

དེ་ལྟར་ཞིང་འབྲོག་གཉིས་ཁོངས་ཞིང་པའི་ཁུལ་ལ་འགོ་འོག་རེར་ཁྲལ་དུད་ལྔ་བཅུ་ནས། ཉིས་བརྒྱ་བར་ཅི་རིགས་ཡོད་པས་རོབ་རྩིས་ཁྲལ་དུད་བཞི་སྟོང་ལྷག་ཙམ་དང་། འབྲོག་པར་ཁྲལ་དུད་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་ཡོད། ད་དུང་བླ་བྲང་གི་གཞུང་འཛིན་གཞིས་ཀ་དང་ཤེ་མ་འབྲོག་ཁག་ཡོད་རིགས་སྐོར་གསལ་ཁ་ཇི་བཞིན་མ་རྙེད། ཁྲལ་དང་ཤེ་འབབ་སྐོར།

སྔར་དུས་ལེགས་འབུལ་དང་གཏེ་དང་། སྡོམ་བུ་ཟེར་བ་བསྐལ་བ་བཟང་པོའི་ཇ་ཆང་། དུས་ཚོད་ངན་པའི་ཁྲལ་ལ་འགྱུར་བ་སྣ་ཚོགས་བྱུང་འདུག་པ་རྗེས་སོར་རབ་ཚེས་ས་རྟ་ལོ་སྟེ་ཕྱི་ལོ་༡༩༡༨ ལོར་གཞུང་ས་མཆོག་ནས་བཀའ་བློན་བླ་མ་བྱམས་པ་བསྟན་དར་མདོ་སྨད་ཞི་དྲག་ཡོངས་ཀྱི་སྤྱི་འདོམས་ཐོག་མ་དེར་བསྐོ་བཞག་གིས། བར་ཁམས་ཁུལ་གྱི་ས་གནས་སྲིད་གཞུང་འཛུག་གནང་དང་འབྲེལ། ས་མིའི་ཞིབ་འཇུག་གནང་སྐབས་བྲག་གཡབ་ཏུ་ཞིང་པར་ཁྲལ་དུད་བཞི་སྟོང་ནས། སོན་འབྲུ་ཇི་འགྲོར་དཔགས་པའི་སོན་ཁྲལ་ཞེས་པ་བསྡུ་རྒྱུ་བྱས་ཏེ། དེ་ནས་ལོ་རེར་འབྲུ་ཁལ་སུམ་ཁྲི་དྲུག་སྟོང་ཙམ་དང་། ལེགས་འབུལ་སོར་གནས་ཀྱི་འབྲུ་ཁལ་བརྒྱད་སྟོང་བཞི་བརྒྱ། མར་རྒྱ་སུམ་སྟོང་ཉིས་བརྒྱ་ཙམ་བླ་བྲང་གཉེར་ཁང་དུ་སྒྲུབ་འཇལ་དགོས། འབྲོག་པའི་ཁུལ་ནས་མར་རྒྱ་དྲུག་སྟོང་། ཤ་ལུག་ཁོག་ཆིག་སྟོང་ཉིས་བརྒྱ། ཕྱུར་བའམ་གྲོ་མ་ཁལ་བཅོ་ལྔ། རེ་བ་དང་ལྭ་བ་བསྡོམས་གྲངས་བདུན་བརྒྱ་ཙམ་ལས་དེ་མིན་གཏེ་དང་། སྡོམ་བུ་ཟེར་བའི་རིགས་མ་དགོས་པར་གནང་། བླ་བྲང་ལ་གཞུང་གཞིས་གཅིག་ཡོད་པ་ནས་འབྲུ་ཁལ་ཉིས་སྟོང་ལྷག་འབབ་རྒྱུའང་། ཕྱིས་སུ་འབྲུ་སྤུད་ཞན་པས་ཕྱེེད་ཆག་སོང་ཞིང་། བླ་བྲང་རྩེ་ཤོད་ཀྱི་ཤེ་མ་འབྲོག་ཁག་ཁ་ཤས་ཡོད་པ་ནས་ལོ་རེའི་ཤེ་འབབ་མར་རྒྱ་ཆིག་སྟོང་ལྷག་ཙམ་འབུལ་དགོས་ལས། ཁྲལ་རིགས་མེད། གཞན་ཡང་ཞིང་འབྲོག་ཅི་རིགས་ནས། རྩྭ་ཤིང་། གཟན་པ། འུ་ལག། །རྟ་འུལ། དོས་ཁལ་སོགས་སྐབས་སྦྱར་གྱི་ཁྲལ་རིགས་བཅས་ཡོད། གོང་གསལ་ས་རྟ་ལོ་ཙམ་ནས་གཞུང་སའི་དམག་ཕོགས་མཐུན་རྐྱེན་དུ་བྲག་གཡབ་ནས་འབྲུ་ཁལ་དྲུག་སྟོང་ཐམ་པ་དང་། ཆབ་མདོ་ནས་བཞི་སྟོང་ཐམ་པ་གཡར་འབུལ་ཞུ་དགོས་ལ། གཏེ་ནག་མཐའ་འབྱར་མི་ཡོང་བའི་ཞལ་བཞེས་གནང་དོན། “ས་ཁྲལ་དྲུག་ཟུར་” ཞེས་པ་ལོ་རེར་འབྲུ་ཁལ་དྲུག་སྟོང་ཐམ་པ་རེ། ཆབ་མདོར་མདོ་སྨད་ཕོགས་ཁང་ལ་སྒྲུབ་འཇལ་རིམ་ཞུས་ལ། རྗེས་སོར་བདེ་སྡུག་རྒྱུ་མཚན་ནན་གསོལ་གྱིས་འབྲུ་ཁལ་ཉིས་སྟོང་ཆག་ཡང་ཐོབ། ཡང་། “སྤུས་འབྲུ།” ཞེས་པའི་འབྲུ་ཁལ་དྲུག་སྟོང་ཐམ་པ་ཞིག་ལོ་གཉིས་རེའི་མཚམས་ལྟ་བུར་འཕར་འབུལ་ཞུ་དགོས། དེ་ལྟར་རྒྱུན་དང་འཕར་མའི་ཁྲལ་རིགས་ཐོག་ཕྱི་ནང་གི་ལས་བྱེད་མཆོག་དམན་མང་པོའི་བྱེད་བབས་ལ་བརྟེན། བླ་བྲང་གཞུང་དམངས་གཉིས་ངལ་གྱི་གནས་ཚུལ་ཛ་དྲག་དབང་གིས། སྐྱབས་མགོན་གོང་མ་བརྒྱད་པ་ཆེན་པོའི་ཐད་ཀའི་བཀའ་འདོམས་འོག །བླ་བྲང་གི་གཞུང་དེབ་ནང་གསལ་ས་ཞིབ་གནང་སྐབས། བར་ལམ་མི་སེར་སྟོང་ཤུལ་དཔོན་ཁག་དང་། དགོན་ཁག་ནས་བདག་བཟུང་སོང་རིགས། མི་སེར་ཉམ་ཐག་ཚོར་སྦྱོར་འཇགས་ཁྲལ་མེད་དང་། ཡང་། ས་གཞིས་གང་འཚམས་ཤིག་མི་སེར་དྲག་རིགས་ལ་འདེབས་ལས་བྱེད་དུ་བཅུག་སྟེ་སོན་འབྲུ་གཞུང་འབབ་སྤྱི་མཚུངས་སམ། ཕྱེད་ཆག་ཅི་རིགས་ཐོག་ནས་གཞུང་འབངས་གཉིས་སྨན་དྲང་ཚུགས་གང་ཆེ་མཛད་དེ་གོང་གསལ་རབ་རྒྱལ་ཤིང་ཕག་ཞིབ་གཞུང་ཞེས་པ་བཀོད།

རྗེས་སོར་སྐུ་གོང་མ་ཞི་བར་གཤེགས་མིན་མཚམས་ཤེད། བླ་བྲང་གི་ལས་བྱེད་མཐོ་རིམ་རེ་ཟུང་ནས་རང་མོས་ཞུ་བསྐུལ་ལྟར། མདོ་སྤྱི་ཟུར་ཁང་ཡབ་ཆེན་མཆོག་ནས་སྐྱབས་མགོན་རང་གི་དགོངས་པ་ཡིན་རྐྱང་དུ་མཛད་དེ། བྱིངས་པ་མདའ་དཔོན་དང་། ལས་བྱ་ཐུབ་བསྟན་ཀུན་འཕེལ་ངོ་ལས་བྲག་གཡབ་ཏུ་ས་མིའི་ཞིབ་དཔྱོད་བྱེད་པོར་བསྐོ་བཞག་གནང་། དེ་རྗེས་བཤོལ་དུ་མ་བཏུབ་པར་གོང་གསལ་ཤིང་ཕག་ཞིབ་གཞུང་དང་བླ་བྲང་གི་ལས་བྱེད་པར་ཆ་འཇོག་མེད་པར་བྱུང་རྒྱལ་དབང་ཤེད་ཁོ་ནས། ལས་བྱ་ངོ་ལས་སོགས་ཀྱི་དཔལ་འབྱོར་གོང་སྤེལ་ཚགས་སུ་ཚུད་ཐུབ་པ་མ་གཏོགས་ཆབ་འབངས་ཉམ་ཆུང་གི་བདེ་རྩར་མ་སྨན་པའི་ས་ཞིབ་ཅིག་རབ་རྒྱལ་ལྕགས་སྦྲུལ་ཏེ་ཕྱི་ལོ་༡༩༤༡ལོར་ཟིན་ཅིང་། འགོ་རྫིས་རྣམས་ཚོ་དཔོན་བཅུ་གསུམ་དུ་བསྒྱུར་བ་སོགས་གསར་སྤྲོས་མང་ཡང་སྙིང་པོ་མ་བྱུང་འདུག།

དགོན་སྡེ་གསར་རྙིང་སྐོར།
ཡུལ་གྲུ་འདིར་སྔ་མོ་ཞིག་ནས་གཡུང་དྲུང་བོན་དང་བཅས་པའི་རིས་མེད་ཀྱི་ཆོས་བརྒྱུད་འཛིན་པའི་གྲྭ་བཙུན་སྔགས་གསུམ་གྱི་ཆོས་སྡེ་རིམ་པར་བྱུང་འདུག་པའི་ནང་ནས། ལོ་རྒྱུས་སུ་གྲགས་ཆེ་བ་འགའ་ཤས་དཔེར་མཚོན་ཙམ་བཀོད་ན། ཕག་གྲུའི་(༡༡༡༠-༡༡༧༠)དངོས་སློབ་གྲུབ་ཐོབ་ཉག་རེ་སེ་བོ་ཞུ་བས་བཏབ་པའི་གླ་དགོན་ནམ་གླེ་དགོན་ཆོས་ཀྱི་ཕོ་བྲང་། རབ་མེ་མེ་ཕག་ལོ་སྟེ་ཕྱི་ལོ་༡༡༦༧ལོར་ཡང་ཕག་གྲུའི་སློབ་མ་འགྲོ་མགོན་སྨར་པ་ཤེས་རབ་ཡེ་ཤེས་ཀྱིས་བཏབ་པའི་ཤོ་དགོན་པ། འདིར་འདུས་སྡེ་ཉིས་སྟོང་ཙམ་འདུས་ཞེས་དེབ་སྔོན་དུ་གསལ་ཞིང་། དུས་སྐབས་འདི་ནས་སྨར་ཚང་བཀའ་བརྒྱུད་ཀྱི་དགོན་སྡེ་རྒྱ་ཆེ་བྱུང་། རབ་བྱུང་བཞི་པའི་ཤིང་གླང་ལོ་སྟེ་ཕྱི་ལོ་༡༢༦༥ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་(༡༢༣༥-༡༢༨༠)རྒྱ་ནག་ཏུ་འབྱོན་ཐེངས་གཅིག་གི་ལམ་ཞོར་བྲག་གཡབ་ཏུ་ཀྱེ་ནེ་དགོན་པ་དང་། སྐྱོང་གཡེའུ་དགོན་པ། དཀར་ཏོག་དགོན་པ། ས་སྐྱ་དགོན་པ། ཐང་ཐོག་དགོན་པ་སོགས་བཏབ་པས་ཐོག་མར་ས་སྐྱ་པ་དང་། རྗེས་སུ་ས་དགེ་གཉིས་ཀའི་ཆོས་སྤྱོད་ཉམས་ལེན་ཟུང་འབྲེལ་གནང་སྲོལ་འདི་རྣམས་བྱུང་། དེ་བཞིན་འགྲོ་མགོན་ཆོས་འཕགས་རབ་བྱུང་བཞི་པའི་ཆུ་གླང་ལོ་སྟེ་ཕྱི་ལོ་༡༢༥༢ལོར་སེ་ཆེན་གྱིས་མཆོད་གནས་སུ་གདན་ཞུས་སྐབས། བླ་བསྐོས་བརྒྱ་ཕྲག་གཅིག་མངགས་པའི་ནང་ཚན། བྲག་གཡབ་ཕྱོགས་སུ་རྩིའུ་རྡོར་འཆང་ཞུ་བ་བཞག་གནང་བ་ནས་བཟུང་། རྗེ་བླ་མ་འཇམ་དཔལ་བཟང་པོའི་སྐབས་ནས་བཤད་སྒྲུབ་དར་རྒྱས་ལྷག་པར་བྱུང་བའི་གཙང་སར་དགོན་གཞོན་དུ་དར་རྒྱས་གླིང་ཞེས་པ་དང་།
སྐྱབས་མགོན་སྐུ་ཕྲེང་དང་པོ་གྲགས་པ་རྒྱ་མཚོས། སྐབས་དེར་ཕྱྭ་སྐྱོང་དུ་གྲགས་པའི་ས་ཁུལ། མཁར་ས་སྟེང་དུ་རབ་ཕྱོགས་ལྕགས་བྱ་ལོ་སྟེ་ཕྱི་ལོ་༢༦༢༡ལོར་གདན་ས་བཀྲིས་ཆོས་རྫོང་བཏབ་ཅིང་། མཚམས་ཆེན་གྲྭ་ཚང་ཡང་བཙུགས། སྐྱབས་མགོན་སྐུ་ཕྲེང་གཉིས་པ་ངག་དབང་བསོད་ནམས་ལྷུན་གྲུབ་ཀྱིས་རབ་དྲག་མེ་སྤྲེལ་ལོ་སྟེ་ཕྱི་ལོ་༡༦༥༦ལོར་བྱམས་མདུན་དུ་བཏབ་པའི་གདན་ས་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་སྟེ། འདི་གཉིས་ལ་ཕྱིས་སུ་གདན་ས་མ་དགོན་དང་བུ་དགོན་དུ་གྲགས་ཤིང་། ཡུལ་བབས་ཀྱིས་བྲག་གཡབ་ཁྱོན་ཡོངས་ཁག་གཉིས་སུ་བྱས་ནས་ཡུན་ཁྱོན་རང་ལ་མ་དགོན་དང་བུ་དགོན་ཞེས་ཐ་སྙད་འདོགས་སྲོལ་བྱུང་།
སྐྱབས་མགོན་སྐུ་ཕྲེང་བཞི་པ་བླ་མ་བློ་བཟང་རྣམ་རྒྱལ་གྱིས་དབྱེན་འདུམ་དུ་རབ་ཉི་ཤིང་གླང་ལོ་སྟེ་ཕྱི་ལོ་༡༧༤༥ལོར་དགོན་གནས་བཀྲ་ཤིས་གཡང་འཁྱིལ་བཏབ་སྟེ། མཁར་ས་སྟེང་ནས་གདན་ས་སྤོས་རྗེས་མཁར་ས་སྟེང་མེས་འཇིག །མ་བུའི་གདན་ས་འདི་གཉིས་ཀར་དུས་ཕྱིས་བར་བཤད་སྒྲུབ་ཀྱི་བསྟན་པ་དར་རྒྱས་ཆེན་པོ་བྱུང་། དེ་ལྟར་མ་བུའི་གདན་ས་གཉིས་སུ་ཡུལ་ཁག་སོ་སོའི་དགོན་སྡེའང་རིམ་ཆགས་ཀྱིས། མ་དགོན་དགོན་ཁག་སོ་གཉིས་སུ་ཡུལ་ཁག་སོ་སོའི་དགོན་སྡེའང་རིམ་ཆགས་ཀྱིས། མ་དགོན་དགོན་ཁག་སོ་གཉིས་ལ་དགེ་འདུན་ཆིག་སྟོང་བཞི་བརྒྱ་སྐོར་དང་། བུ་དགོན་དགོན་ཁག་བཅུ་གཉིས་ལ་དགེ་འདུན་ཆིག་སྟོང་སུམ་བརྒྱ་སྐོར་འདུས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀྱང་བཻ་སེར་དུ། “དགོན་སྡེའི་གྲངས་འདྲེན་རོབ་ཙམ་ཐོག་བྲག་གཡབ་པ་འདི་དེང་སང་ཁམས་ཕྱོགས་སུ་མངའ་ཐང་འགྲན་ཟླ་དང་བྲལ་”ཞེས་ཆེ་བརྗོད་མཛད་འདུག གོང་གསལ་མ་བུའི་དགོན་ཁག་སྤྱི་བྱེའི་མཚན་ཐོའི་རེའུ་མིག་ཟུར་དུ་གསལ།
སྐྱབས་མགོན་དྲུག་པ་ཆེན་པོ་བློ་བཟང་བློ་ལྡན་ཆོས་ཀྱི་རྒྱལ་པོས། རབ་ཡིད་ས་ཁྱི་ལོ་སྟེ་ཕྱི་ལོ་༡༨༣༨ལོར་གམ་བཅར་གྲྭ་ཚང་འཆི་མེད་རྟག་བརྟན་རྣམ་རྒྱལ་གླིང་ངམ། ཡོངས་གྲགས་སུ་གྲྭ་ཚང་ནང་པ་ཞེས་བརྗོད་པ་དང་། དེ་མཚུངས་ངེས་གསང་ཐེག་མཆོག་རབ་བརྟན་གླིང་ངམ། བཀའ་བརྒྱད་གྲྭ་ཚང་དུ་གྲགས་པ་གསར་འཛུགས་ཐོག །གོང་གསལ་གཙང་སར་དགོན་དུ་ཕུར་པའི་སྒྲུབ་པ་དང་། ཚོགས་བརྒྱ་ཁར་རམ་གཞན་ཞིག་ཏུ་དགོངས་འདུས་ཀྱི་སྒྲུབ་པ་སྟེ་བཀའ་དགོངས་ཕུར་གསུམ་གྱི་སྒྲུབ་པའི་མཆོད་རྒྱུན་བཙུགས་པ་ལྟ་བུ། སྐྱབས་མགོན་སྐུ་ཕྲེང་སྔ་ཕྱི་ཅི་རིགས་སུ་སྒྲུབ་མཆོད་དང་། སྒྲུབ་གྲྭ །བཤད་གྲྭ །རྩོད་གྲྭ །སྨན་རྩིས་སློབ་གྲྭ་བཅས་བཙུགས་འདུག །བྲག་གཡབ་ཀྱི་སློབ་གཉེར་བ་རྣམས་དབུས་གཙང་ཕྱོགས་སུ་རྡོ་རྗེ་བྲག་དང་སྨིན་གྲོལ་གླིང་། ས་སྐྱ། ངོར། ཚལ་པ། འབྲི་གུང་། མཚུར་ཕུ། སྟག་ཚང་རྭ་བ་སྟོད། སེ་འབྲས་དགེ་གསུམ། བཀྲིས་ལྷུན་པོ་དང་། ཁམས་ཕྱོགས་སུ་སྡེ་དགེ་དགོན་ཆེན། ཀ་ཐོག་རྫོགས་ཆེན་ཞེ་ཆེན་གཙང་སར་སོགས་སུ་གྲྭ་ས་འགྲིམ་སྲོལ་ཡོད། ལྷག་པར་རྭ་སྟོད་དགོན་འདི་རྔོག་ལོའི་(༡༠༥༩-༡༡༠༩)སྐུ་ཕྲེང་སྨར་ཁམས་གྲགས་པ་བཟང་པོ་(༡༣༩༧-༡༤༧༦)ཞེས་སྐྱབས་མགོན་གྱི་འཁྲུངས་རབས་སུ་བགྲང་བ་དེས་ཆག་བཏབ་ཅིང་། དགོན་གནས་ཀྱི་སྲུང་མའང་བསེ་ཁྲབ་ཉིད་ཡིན་པ་སོགས་ཀྱིས་གདན་ས་གཉིས་པ་ལྟར་བྱེད། འདི་དང་དགའ་ལྡན་འབྲས་སྤུངས་བཅས་ཀྱི་ཁོངས་ཡུལ་མིང་ལྟ་བུ་ནས་མཆེད་པའི་ཉག་རེ་ཁང་ཚན་ཞེས་ཕལ་ཆེར་བྲག་གཡབ་ཀྱི་སློབ་གཉེར་བ་ཤས་ཆེ་འཛུལ་ཞུགས་བྱ་ཡུལ་ཁང་ཚན་ཁེ་གཙང་ཡོད་པར་བླ་བྲང་དང་ལུགས་གཉིས་ཀྱི་འབྲེལ་བ་ཟབ། སེ་རར་ཏྲེ་ཉག་ཁང་ཚན་ཞེས་ཡུལ་ཁག་གཉིས་ཀའི་གྲ་རྒྱུན་འཇུག་སའི་ཁང་ཚན་ཐུན་མོང་བ་ཞིག་ཡོད་ཀྱང་ཕྱིས་སུ་ཏྲེ་ཞོར་ཁང་ཚན་ཞེས་འབོད་དེ་ཉག་རེའི་མིང་ཟུར་བརླག་པར་སྣང་།
རྟེན་གནས་གྲགས་ཆེ་འགའ་ཤས་ནི། བྲག་གཡབ་བྱམས་མདུན་གྱི་བྱམས་པ་རང་བྱོན་ཞེས་ལོ་རྒྱུས་ཡིག་ཆ་ལྡན་པའི་བྱམས་པ་མགོན་པོའི་སྐུ་བརྙན། འོར་རྔུའི་ཞིང་ཁའི་དཀྱིལ་དུ་རྡོ་ཕ་ཝང་ལས་སེང་ཁྲི་པད་གདན་དང་བཅས་པ་དུམ་བུ་གཅིག་པར་རང་འཁྲུངས་ལ་རྗེས་སོར་པད་གདན་ཡན་ཟུར་བཞུགས་ཀྱིས་ལྷ་ཁང་སོ་སོར་བཞེངས། སེང་ཁྲི་འཁྲུངས་སར་ལྷ་ཁང་དུ་ཆུ་མིག་ཅིག་ཀྱང་རྡོལ་བས་ཚེ་ཆུ་ཞེས་གྲགས། བྱམས་ཁང་བཞེངས་པའི་དུས་ཚོད་སྐོར། འགོས་ལོའི་དེབ་སྔོན་དུ། གསང་བ་སྙིང་པོའི་འགྲེལ་པ་ཉི་འོད་སེང་གེས་མཛད་པ་འདི། ཁམས་ཀྱི་འོག་རྔུ་བྱམས་ཆེན་གྱི་གཙུག་ལག་ཁང་དུ་ལོ་ཙ་བ་བཻ་རོ་ཙ་ནས་བསྒྱུར་ཞེས་གསུངས་པ་ལྟར་བསྟན་པ་སྔ་དར་གྱི་སྐབས་ཤིག་ཏུ་བཞེངས་པར་སྣང་ཡང་བྱམས་ཆེན་འདི་ཀོང་ཇོ་བོད་དུ་བྱོན་སྐབས་ལམ་ཞོར་དུ་བཞེངས་ཚུལ་ཡང་བཤད་མོད། བྱམས་པ་རང་བྱོན་ཡིན་པའི་ལོ་རྒྱུས་ཡིག་ཆ་ཚད་ལྡན་ཡོད་སྟབས་བྱམས་ཁང་ཀོང་ཇོས་བཞེངས་པར་གོ་རྒྱུ་མིན་ནམ་དཔྱད། རི་མདའ་ཞེས་པར་ཀོང་ཇོས་བློན་པོ་མགར་ཟླ་བ་གཅིག་སྒུག་རིང་བྲག་ལ་བརྐོས་པའི་རྣམ་པར་སྣང་མཛད་ཀྱི་སྐུ་བརྙན་ཁྲུ་བདུན་པར་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་དང་རྒྱ་ཡིག་ཏུ་སྨོན་ལམ་དང་བཅས་པ་བརྐོས་པ་ཞིག་ཡོད།
བསྡུས་རུ་འབྲོག་པའི་ས་ཁུལ་དུ། མཚམས་ཀྱི་མ་ཎི་རང་བྱོན་ཞེས་པ་སྤང་རིའི་ངོས་སུ་གཤོངས་དོད་པ་ལས། རྒྱངས་ནས་མ་ཎི་གསལ་པོར་མཇལ་ཐུབ་པ་ཡ་མཚན་ཅན་ཞིག་ཡོད། ཝང་དཀར་གྲོང་གི་ཉེ་འདབས་སུ་བླང་རུང་གནས་ཁྲ་མོ་ཞེས་པར་སྤྱན་རས་གཟིགས་ཀྱི་རྡོ་སྐུ་རང་འཁྲུངས་གསུང་བྱོན་མ། ཡང་བསྡུས་རུ་འབྲོག་པའི་ས་ཁོངས་ཚོགས་བརྒྱ་ཁའམ་ཉེ་གྲོ་ཞེས་པའི་གནས་རི་གུ་རུ་རིན་པོ་ཆེའི་ཞབས་ཀྱིས་བཅག་པ་ཞིག་ཡོད། མཁར་སྒང་ཁུངས་མཁའ་འགྲོ་གསང་མཛོད་ཅེས་པའི་རང་བྱུང་གི་ལྷ་སྐུ་དང་ཡིག་འབྲུ། སྒྲུབ་ཕུག་བཅས་ཀྱིས་མཚོན་པའི་རྟེན་གསུམ་རང་བྱོན་དང་གནས་རི་རྩ་ཆེར་གྲགས་པ་མང་། གཞན་ཡང་བླ་བྲང་གི་ནང་རྟེན་སྒྲོལ་མ་གསུང་བྱོན་པ་དང་། མཉམ་མེད་གསེར་གླིང་པའི་ཐུགས་དམ་རྟེན་གསེར་གླིང་སྒྲོལ་མར་གྲགས་པ། རིག་འཛིན་ཤྲཱི་སིངྷའི་ཐུགས་དམ་སྒྲུབ་ཕུར། གསེར་བྲིས་ཀྱི་གསུང་འབུམ་འཛམ་གླིང་གཡས་བཞག་སོགས་རིན་ཐང་བྲལ་བའི་གསུང་རབ་ཀྱི་མཛོད་ཆེན། མ་དགོན་རྩེ་ཕོ་བྲང་དམར་པོའི་ནང་གི་གཟིམ་ཆུང་ལེ་ལག་དང་། ཚོམས་ཆེན། ལྷ་ཁང་ཁག་ཏུ་བཞུགས་པའི་ལོ་རྒྱུས་ཅན་གྱི་རྟེན་གསུམ་འབོར་ཆེན་ཡོད། ཡེར་དགོན་པའི་ནང་རྟེན་ཐུབ་པའི་སྐུ་བརྙན་ལྷ་ཆེན་དཔལ་འབར་ཞེས་པ་ཛཻཀྴིམ་ལས་གྲུབ་པའི་སྐུ་མི་ཚད་གསུམ་ཙམ་ཡོད་པ། ཀྱེ་ནེ་དགོན་ལྷུན་གྲུབ་སྟེང་དུ་ཤིང་དུམ་བུ་གཅིག་ལས་གྲུབ་པའི་མགོན་པོ་གུར་གྱི་སྣང་བརྙན་ཐོག་བརྩེགས་གསུམ་ཙམ་ཡོད་པ་འགྲོ་མགོན་ཆོས་རྒྱལ་འཕགས་པས་རབ་གནས་མཛད་པ། གོང་གསལ་ཕག་གྲུའི་དངོས་སློབ་གྲུབ་ཐོབ་ཉག་རེ་སེ་བོས་བཏབ་པའི་གླེ་དགོན་དུ་བཀའ་བརྒྱུད་རབས་བདུན་གྱི་མཆོད་རྟེན་རྡོ་བརྩིགས་མ་བདུན་ལ་སོགས་པ། བྲིས་འབུར་གྱི་རྟེན་མང་པོ་བཞུགས།

ཡུལ་གྱི་འཛིན་སྐྱོང་།

བྲག་གཡབ་འདི་བཞིན་སྐྱབས་མགོན་སྐུ་ཕྲེང་རིམ་པའི་འཛིན་དབང་འོག་གནས་ཤིང་། སྤྱིར་བཏང་རྫོང་ཁག་གཞན་མཚུངས་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་འཕྲིན་ལས་ཀྱི་གདུགས་དཀར་གཅིག་གིས་ཁྱབ་ནའང་། དངོས་སུ་རྫོང་གཞིས་བླ་གཉེར་ལྟ་བུ་བསྐོ་གཏོང་མ་དགོས་པའི་“བར་ཁམས་སྒེར་བཙན་བྲག་གི་ལྗོངས་”ཞེས་འབོད་སྲོལ་ཡོད་པའི་ཁྲིམས་འགོ་རང་བཙན་དུ་གནས་པས། ཐོག་མར་སྐྱབས་མགོན་རིམ་པར་ཆོས་སྲིད་ལས་ལུང་ཇི་ལྟར་བྱུང་ཟེར་ན། སྐུ་ཕྲེང་དང་པོ་བཀའ་བཅུ་གྲགས་པ་རྒྱ་མཚོས་(༡༥༧༢-༡༦༣༨) དབུས་གཙང་ཕྱོགས་སུ་རིས་མེད་ཆོས་ཀྱི་གསན་བསམ་མཛད་དེ་མཁས་གྲུབ་གཉིས་ལྡན་ཞིག་བྱུང་འདུག་པ་དེར། རྒྱལ་དབང་ཐམས་ཅད་མཁྱེན་པ་བཞི་པ་ཡོན་ཏན་རྒྱ་མཚོས་(༡༥༤༩-༡༦༡༦)བར་ཁམས་སུ་འགྲོ་དོན་སྐྱོང་དགོས་ཞེས་རྟེན་དང་བཅས་ཏེ་བཀས་མངགས་པ་ལ་བརྟེན་ནས་རང་ཡུལ་དུ་འགྲོ་དོན་ཕྱོགས་མེད་རྒྱ་ཆེར་སྐྱོང་སྐབས། ཕ་ཚན་སྟོབས་ཤུགས་ཆེ་གྲས་ཕྱྭ་དྲུང་པ་དང་། སྐྱོང་ཚང་རིན་ཆེན་མགོན་པོ་སོགས་ཕལ་ཆེས་བླ་མར་བཀུར་བ་མ་ཟད། མངའ་རིས་ཆོས་འབངས་སུ་ཕུལ་བ་སོགས་གོང་དུ་བཀོད་ཟིན་པ་ལྟར་རིན་བཞིན་འཕྲིན་ལས་ཇེ་རྒྱས་སུ་སོང་། གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་(༡༥༨༢-༡༦༥༤)ནས་ཀྱང་། མདོ་ཁམས་བརྒྱུད་དབུས་སུ་ཕེབས་སྐབས་(༡༦༤༠སྐོར)གྲགས་པ་རྒྱ་མཚོའི་སྲས་ཀྱི་ཐུ་བོ་བླ་མ་སངས་རྒྱས་བཀྲིས་(༡༥༨༨-༡༦༥༡)ཞུ་བ། བྲག་གཡབ་ཆུང་ཚང་སྐུ་ཕྲེང་དང་པོ་དེ་ཆེད་བཅད་ཐོག་ནས། སྐྱབས་མགོན་དམ་པའི་ཞལ་ཆེམས་ཇི་བཞིན་བསྟན་འགྲོའི་མཛད་པ་རྣམས་ཞུས་པས་བསྔགས་བརྗོད་དང་འབྲེལ། ཕྱྭ་སྐྱོང་སོགས་ཀྱིས་ཕུལ་བའི་ཆོས་འབངས་མངའ་རིས་དེ་རྣམས་སྐུ་ཕྲེང་རིམ་བརྒྱུད་ཀྱི་ཆབ་འོག་ཏུ་གནས་ན་བསྟན་པ་དེ་འཛིན་དང་བཅས་པ་དར་རྒྱས་ཡུན་གནས་ཀྱི་ཆ་རྐྱེན་བཟང་པོར་བརྟེན་རྒྱ་བོད་ཧོར་གསུམ་སུས་ཀྱང་བསྒྱུར་བཀོད་མི་ཆོག་པའི་གཏན་ཚིགས་ཀྱི་ཕྱག་རྒྱས་བཏབ། ཆབ་འོག་ཏུ་གཏོགས་པའི་ས་ཆུ་རི་གསུམ་དང་། ཡུལ་གྲོང་ཚང་མའི་མིང་ཐོ་གསལ་བཀོད་ཀྱིས་མཐའ་བརྟན་པར་མཛད། སྐྱབས་མགོན་སྐུ་ཕྲེང་གཉིས་པ་རྗེ་ངག་དབང་ལྷུན་གྲུབ་(༡༦༤༧-༡༦༨༣)ལ་༸རྒྱལ་བ་ལྔ་པ་ཆེན་པོས་གུ་ཤྲཱི་ཁང་གི་གཏན་ཚིགས་དེའི་རྒྱབ་སྣོད་གཏན་ཚིགས་དང་གཟིགས་གཟོས་ཆེན་པོ་མཛད། གཏན་ཚིགས་འདི་ལ་ལྔ་པའི་གཏན་ཚིགས་ཆེན་མོ་ཞེས། བླ་བྲང་ཡུལ་དགོན་འབངས་དང་བཅས་པའི་རྒྱབ་རྟེན་རྩ་བ་ཆེ་ཤོས་སུ་བྱེད། ༸སྐྱབས་མགོན་སྐུ་ཕྲེང་བཞི་པ་བླ་མ་བློ་བཟང་རྣམ་རྒྱལ་(༡༦༥༣-༡༧༥༠)ལ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྔ་པའི་གཏན་ཚིགས་ཆེན་མོའི་རྒྱབ་སྣོན་གཏན་ཚིགས་དང་དེ་རྗེས་༸རྒྱལ་མཆོག་དྲུག་པ་ཚངས་དབྱངས་རྒྱ་མཚོས་(༡༦༨༣-༡༧༠༦)བསྩལ་བའི་གཏན་ཚིགས་གཉིས་ཀྱི་ཞལ་བཤུས་ཟུར་བཀོད་ལྟར་ཡོད། ༸རྒྱལ་མཆོག་བདུན་པ་ཆེན་པོ་བསྐལ་བཟང་རྒྱ་མཚོས་(༡༧༠༨-༡༧༥༧)ཀྱང་ནང་གི་ཧོ་ཐོག་ཐུའམ། ཧོ་ཐོག་ཐུ་ཆེ་ཁག་གི་འཇའ་ས་དང་། ཆེན་པོར་འོས་པའི་ཡོ་བྱད་སྣ་ཚོགས་གསེར་ཐམ་བཅས་གནང་བར་བསྐལ་བཟང་གསེར་ཐམ་ཞེས་གྲགས། སྐྱབས་མགོན་བཞི་པ་འདི་ལ་ལྕང་སྐྱ་རོལ་རྡོར་དང་། ཐུའུ་ཀྭན་སོགས་ཀྱིས་ཀྱང་གཟེངས་བསྟོད་གུས་བཀུར་མཛད་ཅིང་། ཁྲི་ཆེན་ངག་དབང་མཆོག་ལྡན་དང་། རྗེ་ངག་དབང་བྱམས་པ་སོགས་གྲགས་ཆེ་བའི་སློབ་མའང་མང་། གཞན་ཡང་། རྒྱ་ནག་གོང་མ་ཁང་ཤིས་བདེ་སྐྱིད་ཁྲིར་བཞུགས་ང་བརྒྱད་པས་ཀྱང་རབ་ཉིའི་ས་ཕག་ལོ་སྟེ་ཕྱི་ལོ་༡༧༡༩ལོར་རྗེ་འདི་དགུང་གྲངས་ཉེར་བདུན་དུ་ཕེབས་སྐབས་ཏོ་ཐོག་ཐུ་ནོ་མན་ཧན་གྱི་ཆོ་ལོས་གཟེངས་སུ་བསྟོད་ཕྱིར། ཞྭ་སེར་བསྟན་པ་བཤད་སྒྲུབ་ཀྱི་སྒོ་ནས་ཆེས་ཆེར་རྒྱས་པར་བྱེད་པ་“ཧོ་ཐོག་ཐུ་ནོ་མན་ཧན་གྱི་ཐག་ག་”ཞེས་གསལ་བའི་གསེར་ཐམ་དང་། གསེར་ཡིག་སོགས་འབུལ་གནང་མཛད་ཅིང་། ཞེས་གསལ་བའི་གསེར་ཐམ་དང་། གསེར་ཡིག་སོགས་འབུལ་གནང་མཛད་ཅིང་། ཐམ་ག་འདི་ལ་གསེར་ཐམ་ཆེན་མོ་ཞེས་ཟེར། སྐྱབས་མགོན་དྲུག་པ་ཆེན་པོ་བློ་བཟང་བློ་ལྡན་ཆོས་ཀྱི་རྒྱལ་པོའི་སྐབས་ཀྱང་གཞུང་ས་མཆོག་ནས་རྒྱབ་གཉེར་བཀའ་གཏན་སོགས་ཀྱི་གཟིགས་པ་སྔར་བཞིན་བྱུང་། སྐབས་ཤིག་ཏུ་བྲག་གཡབ་ཆུང་ཚང་སྐུ་ཕྲེང་ལྔ་པའི་ཕྱོགས་གཏོགས་ནས་བྲག་གཡབ་བླ་བྲང་གི་ཆོས་སྲིད་དབང་འཛིན་བྱ་རྩིས་ཀྱིས་ཟིང་ཆ་ཆེ་ཙམ་བྱུང་རྐྱེན། ལྷ་ལྡན་རྒྱལ་ཁབ་ནས་གཞུང་སའི་སྐུ་ཚབ་ཞིབ་དཔྱོད་པ་བཤད་སྒྲ་བ་དང་ལྷ་སྡོོད་གོང་མའི་སྐུ་ཚབ་བཅས་ནས་ས་གནས་སུ་དཔྱད་ཞིབ་ཀྱིས་རབ་ཡིད་མེ་ལུག་ལོའི་ཕྱི་ལོ་༡༨༤༧ལོའི་ཆོད་ཡིག་དཔར་མ་ཐམ་འབྱར་ནང་། བྲག་གཡབ་ཀྱི་ས་ཆ་དེ་བཞིན་གོང་མ་མིན་ཁྲའོ་ཝན་ལིའི་ལོ་དུས། སྐྱེ་ཕྲེང་དང་པོ་ཧོ་ཐོག་ཐུ་དཀའ་བཅུ་གྲགས་པ་རྒྱ་མཚོ་ནས་དགོན་པ་བཏབ་སྟེ། ཞྭ་སེར་གྱི་བསྟན་པ་དར་ཞིང་རྒྱས་པར་སྤེལ་བའི་ཧོ་ཐོག་ཐུ་ནས་ཆོས་ཀྱི་བསྙེན་སྒྲུབ་བྱེད་རྒྱུ་ཚུལ་ཁྲིམས་གཙང་མར་དག་པའི་སྒོ་ནས་དགོན་ནང་གི་སེར་མོ་བའི་བྱ་བཞག་རྣམས་སློབ་མ་སངས་རྒྱས་ཆོས་འཕེལ་ལ་རྩིས་སྤྲད་དེ་འགོ་འདོམས་བྱས། ཕྱི་རྒྱའི་ལས་དོན་གྱི་བྱེད་སྒོ་རྣམས་སློབ་མ་སངས་རྒྱས་བཀྲིས་ལ་རྩིས་སྤྲད་ཀྱིས་འགོ་འདོམས་བྱས་པ་སོགས། བྲག་གཡབ་ཀྱི་ཆོས་འབྱུང་རྣམ་ཐར་ནང་དུ་གསལ་བ་ལྟར་བྱེད་ཀྱི་ཡིན་ན། དགོན་པ་དང་ས་མི་རྣམས་ཚང་མ་སྔར་སྔ་མོའི་ཧོ་ཐོག་ཐུ་ནས་བསྙེན་སྒྲུབ་བྱེད་རྒྱུར་དཀའ་ལས་བརྒྱབ་སྟེ་བྱུང་བ་ཡིན་འདུག་པ། ཞེས་བསྐྱར་དུ་གཏན་འབེབས་ཀྱིས་བླ་བྲང་གཞུང་གི་འཛིན་སྐྱོང་སྔ་སོར་ཆུད་པ་ལས་ལྷག་པ་ཞིག་བྱུང་། སྐྱབས་མགོན་དྲུག་པ་འདིའི་སྐབས་ནས། བྲག་གཡབ་བླ་བྲང་ངོ་མཚར་ཐེག་པ་ཆེན་པོའི་ཕོ་བྲང་གི་ལུགས་གཉིས་ཀྱི་འཕྲིན་ལས་མཐའ་བཙན། གོར་བོད་སྡེ་གཟར་གཉིས་པའི་སྐབས་སུ། གཞུང་ས་མཆོག་ནས་སྐྱབས་མགོན་འདི་པ་དགུང་གྲངས་ཞེ་གཉིས་སྐབས་དེར། གོར་བཟློག་དམག་དཔོན་དུ་གདན་ཞུས་ལྟར་རབ་ཡིད་ཤིང་ཡོས་ཏེ་ཕྱི་ལོ་༡༨༥༥ལོར་བྲག་གཡབ་ཡུལ་དམག་ཆིག་སྟོང་ཐམ་པ་དང་། སེར་དམག་ལྔ་བརྒྱ་བཅས་ནས་ཤེལ་དཀར་བར་ཆེད་བཅར་ཞབས་འདེབས་ཞུས་ནའང་། རྒྱལ་རབས་ལོ་རྒྱུས་སུ་ཞིབ་གསལ་བཀོད་གནང་མཛད་པ་བྱུང་མི་འདུག་མོད། སྐབས་དེའི་དམག་དཔོན་སྤྱི་ཁྱབ་བཤད་སྒྲ་བཀའ་བློན་གུང་ཀུན་དགའ་དཔལ་འབྱོར་ཡིན་འདུག་གཤིས། བཤད་སྒྲ་བ་དང་བཀའ་དྲུང་ནོར་ནང་པའི་ཡིག་བསྐུར་རྣམ་གཞག་ཕྱོགས་བསྒྲིགས་ནང་བྲག་གཡབ་ནོ་མན་ཧན་ལ་འབུལ་ཡིག་ཅིག་ནང་བརྗོད་དོན་གོང་མཚུངས་གསལ། ཡུལ་དམག་དང་བཅས་ཕེབས། མེ་འབྲུག་སྟེ་ཕྱི་ལོ་༡༨༥༦ལོར་གོར་བོད་ཞི་ཆིངས་སྣོལ་འཇོག་གཡུལ་རྒྱལ་བཀྲ་ཤིས་ལུགས་ལེགས་བྱུང་། ༸རྒྱལ་ཚབ་རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་མཆོག་ནས་(ཁྲི་ལོ་བསྡོམས་༡༨༤༥-༡༨༥༥-༡༨༦༢)ལེགས་སོའི་གཟེངས་བསྟོད་ཀྱི་གཏན་ཚིགས་འབུལ་གནང་མཛད། སྐྱབས་མགོན་འདི་པས་ལྷ་སའི་གཙུག་ལག་ཁང་མདུན་ཇུས་ཡག་དར་ཆེན་ཞེས་པ་འདི་འཛུགས་པར་གནང་། རྒྱལ་ཁབ་ནས་ཆབ་སྲིད་ཀྱི་ཐུགས་འགན་འབུལ་གནང་མཛད་དེ་ཡོད་མུར་ཕ་རོལ་པོས་དུག་སྦྱོར་གྱིས་ལྷ་སར་དགོངས་པ་རྫོགས་ཚུལ་ངག་རྒྱུན་དུ་སྣང་བས་རྣམ་ཐར་ངོ་མ་དང་བསྡུར་དགོས།

སྐྱབས་མགོན་གོང་མ་བརྒྱད་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོར་ཡང་༸རྒྱལ་ཚབ་སྲིད་སྐྱོང་དགའ་ལྡན་ཁྲི་ཟུར་བློ་བཟང་རྒྱལ་མཚན་(༡༨༨༨-༡༩༣༨)(ཁྲི་ལོ་༡༩༠༤-༡༩༠༧)མཆོག་ནས། བཀའ་གཏན་གོང་རིམ་ལ་རྒྱབ་སྣོན་དང་། མཐོངས་གཟོས་སྔར་མཚུངས་མཛད་པ་སོགས་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་(༡༠༥༩-༡༡༠༩)ཀྱི་ཕྲེང་འཛིན་པའི་སྐྱབས་མགོན་ན་རིམ་ལ་རྒྱ་བོད་ཧོར་གསུམ་གྱི་མཆོད་ཡོན་རིམ་པས་ལས་ལུང་དབང་བསྐུར་གཟེངས་བསྟོད་ལུ་གུ་རྒྱུད་འབྲེལ་གནང་བས་ལུགས་གཉིས་ཀྱི་འཕྲིན་ལས་དར་རྒྱས་དཀར་འབྱམས་ཡུག་གཅིག་ཏུ་གྱུར་ཏེ་ཡུལ་མིའི་ངག་སྒྲོས་ཡོངས་གྲགས་སུའང་ས་ཐུ་བ་གང་དང་རྡོ་རྒྱ་མ་གང་གི་བདག་པོ་བླ་མ་བློ་ལྡན་ཤེས་རབ། སྲུང་མ་བསེ་ཡི་ཁྲབ་ཅན་ཞེས་བརྗོད་པ་བྱུང་།

གཞན་ཡང་པཎ་ཆེན་སྐུ་ཕྲེང་སོགས་རྒྱ་བོད་ཧོར་གསུམ་གྱི་ཆེ་རྒུས་ཕུལ་གནང་མཛད་པའི་ཐམ་ག་གྲུ་སྒོར་ཆེ་ཆུང་སྣ་ཚོགས་ཉི་ཤུ་སྐོར་ཡོད་པ་དང་། མཆོད་ཡོན་དང་མཆོག་དམན་དུ་མས་ཇི་ལྟར་བཀུར་བའི་ལོ་རྒྱུས་ཡིག་རིགས་མང་ཞིང་། སྐྱབས་མགོན་ན་རིམ་ནས་ཀྱང་བཤད་སྒྲུབ་འཆད་ཉན་དང་། མངའ་འབངས་བདེ་བར་ངལ་འཚོ་ཐུབ་ཐབས་བཅས་ལུགས་གཉིས་ཀྱི་འཕྲིན་ལས་གང་འཚམས་སྤེལ་གནང་འདུག་པ་འདིར་མ་སྤྲོས། མཚན་གྱི་རེའུ་མིག་ཅིག་ཟུར་དུ་གསལ།

སྐྱབས་མགོན་རིམ་པའི་འཕྲིན་ལས་ཀྱི་སྲི་ཞུ་བར་སྔར་སྲོལ་སྡེ་ཁོངས་རིས་བཅད་སྨད་དགེ་ཕྱྭ་སྐྱོང་ཡུལ་ཁག་བཞི་ནས། མཛོད་པ་རེ་བསྐོ་བ་དེ་ལྟར་ཡང་༸རྒྱལ་དབང་མཁས་གྲུབ་རྒྱ་མཚོ་(༡༨༣༨-༡༨༥༥)མཆོད་ཡོན་གྱི་དགོངས་དོན་རབ་ཡིད་མེ་ལུག་སྟེ་ཕྱི་ལོ་༡༨༤༧ ལོར་མཛོད་པ་གཅིག་ལ་ “སྤྱི་ཁྱབ་” ཅེས་པའི་མིང་གཟོས་གནང་སྟེ། མཁར་སྒང་གསོལ་དཔོན་བློ་བཟང་རྒྱལ་མཚན་ལ་བྲག་གཡབ་སྤྱི་ཁྱབ་ཅེས་པའི་མཛོད་པ་དང་པོ་དེ་བྱུང་། རབ་ཡིད་ཆུ་ཕག་སྟེ་ཕྱི་ལོ་༡༨༦༣ལོར་དར་ཧན་གྱི་གནས་འཕར་བསྩལ་གྱིས། དེ་ཕྱིན་སྤྱི་ཁྱབ་དར་ཧན་ཞེས། ཛ་དར་ཏྭ་ཐའི་གོ་གནས་སྤྱི་མཚུངས་གཞུང་བསྐོས་མཛོད་རབས་བཅུ་གསུམ་བྱུང་འདུག་པའི་རེའུ་མིག་ཟུར་དུ་གསལ། དེ་ལྟར་བླ་ཕྱག་གཉིས་ཀྱིས་འོག་ཏུ་བླ་བྲང་གི་ལས་ཚན་སྐྱ་སེར། མི་རབས་རིམ་པར་བྱས་རྗེས་ཆེ་བའི་སྡེ་དཔོན་སྒེར་ཁག་མཁར་སྒང་དང་། གྲོང་རེ། འགྲམ་ཐོག འབྲུག་སྣ། མཛེས་བཅུ། ཡི་ཐུ། རང་གྲུབ་ལྟ་བུ་དང་། དེ་བཞིན་ལོ་རྒྱུས་ལྡན་པའི་དཔོན་ཁག་མི་ཚང་། གཞན་ཡང་མི་དམངས་དཀྱུས་གྲས་བཅས་ནས། ལས་ཚན་སྣ་ཚོགས་བྱུང་བའི་གནས་རིམ་རེའུ་མིག་ཟུར་བཀོད་ལྟར། ཞབས་འབྲིང་པ་རྣམས་ཀྱི་བླང་དོར་བྱེད་སྒོའི་སྐོར, ་སྐྱབས་མགོན་དྲུག་པ་ཆེན་པོའི་རྩ་ཚིག་དོན་ལྔ་པ་དང་། ཕྱིའི་རྩ་ཚིག་དོན་ཚན་དྲུག་པ། སྐྱབས་མགོན་བདུན་པའི་རྩ་ཚིག་དོན་ཚན་ལྔ་པ་དང་བདུན་པ། ༸སྐྱབས་མགོན་བརྒྱད་པའི་རྩ་ཚིག་དོན་ཚན་བརྒྱད་པ། ངེད་རང་གིས་སྐྱབས་མགོན་དགུ་པའི་མིང་ཐོག་རྩ་ཚིག་དོན་ཚན་དགུ་པ་བཅས་ཀྱིས་གཏན་འབེབས་ཡོད།

འཛིན་སྐྱོང་ལས་ཁུངས་སྐོར།
ཡིག་ཚང་དང་མ་བུ་དགོན་གཉིས་ཀྱི་གཉེར་ཁང་གཉིས། རྩེ་བསྔོ་རྟེན་ཁང་བཅས་ཡོད། སྔར་ཕྱག་ཁང་ཞེས་པ་ཟུར་དུ་ཡོད་འདུག་ཀྱང་ཕྱིས་སུ་ངེས་མེད་ལྟར་ལ། སྐབས་སྦྱར་ལས་དོན་ཅི་རིགས་ཐོག་འཕྲལ་སེལ་ལས་ཁུངས་ཟུར་འཛུགས་བྱེད་སྲོལ་ཡང་འདུག །ཡིག་ཚང་ནི་སྐྱབས་མགོན་དྲུག་པ་ཆེན་པོའི་སྐབས་བཙུགས་ཚོད་ལ་འདིར་མགྲོན་དྲུང་དང་། ལྡེའུ་འཆང་སོགས་ཀྱིས་བླ་བྲང་གཞུང་དང་། ཡུལ་དགོན་འབངས་གསུམ་གྱི་ཆབ་སྲིད་རྐང་འགན་བླངས་ཏེ། ༸སྐྱབས་མགོན་དང་སྤྱི་ཁྱབ་དར་ཧན་ལ་སྙན་ཞུ་འབུལ་བརྒྱུད་དང་། གཤམ་འོག་ལ་བཀའ་བཅད། བཀོད་རྒྱ་འགྲེམས་སྤེལ་ལས་ཚན་ཆུང་ཁག་བསྐོ་འཐེན་ཟློས་ཞིབ་ཁྲིམས་གཅོད། འཐུས་མི་བསྡུ་བསྐོང་། སྐུ་རྒྱ་རྔོན་ཁྲིམས་འདོམས་རའི་རི་ཀླུང་རྩ་ཚིག་འགྲེམས་སྤེལ། འཆར་དེབ་གསར་བཀོད་སོགས་ཀྱི་འཛིན་སྐྱོང་བྱ་རྒྱུ།

གཉེར་ཁང་ནི།
ལྡེའུ་འཆང་གིས་འགོ་ཁྲིད་དེ་ཞིང་འབྲོག་གི་ཁྲལ་འབབ་བསྡུ་ལེན་ཐོག་ནས་གདན་ས་གཉིས་ཀྱིས་གཙོས་པའི་རིས་མེད་ཆོས་སྡེ་རི་ཁྲོད་དང་བཅས་པར་ཆོས་ཕོགས་གཏོང་སྒོ་རྒྱུན་དང་འཕར་མའི་རིགས། བླ་ཕྱག་གཉིས་ཀྱི་རྒྱུད་གྲོན་ནར་གཏོང་ཐོག །ལས་ཚན་ཆེ་ཕྲར་ལྟོ་ཕོགས་གཏོང་དེབ་གཞིར་བཟུང་ལྟར་བྱ། བླ་བྲང་གཞུང་གི་འཕར་གྲོན་གཏོང་འོས་རིགས་རྣམས། མ་དགོན་གཉེར་ཁང་ནས་སུམ་གཉིས་དང་། བུ་དགོན་གཉེར་ཁང་ནས་སུམ་གཅིག་གཏོང་དགོས་ཀྱིས་མཚོན་དཔལ་འབྱོར་སྟངས་འཛིན་ཐོག །ཕྱིས་སུ་ཆབ་མདོར་མདོ་སྤྱིའི་འབྲེལ་ཡོད་ལས་ཁུངས་སུ་དམག་ཕོགས་མཐུན་རྐྱེན་དང་། སྤུས་འབྲུ་བཅས་གོང་གསལ་ཁྲལ་རིགས་སྐབས་སུ་བཤད་པ་ལྟར་འབུལ་བརྒྱུད་བྱ་རྒྱུ། ཡོང་འབབ་དང་། གཏོང་སྒོའི་དཔེར་མཚོན་བྱས་ན་ཡོང་འབབ་གོང་གསལ་ཁྲལ་རིགས་ཐོག་སྔར་གཞུང་འཛིན་གཞིས་ཀ་བཅུ་གྲངས་ཡོད་སྐད་ཀྱང་ཕྱིས་སུ་དཀྱིལ་དམ་ཁྲག་ལྕོག་གཉེར་པ་ཚང་གཞིས་ཀ་ཉིད་ལས་གཞན་རྣམས་ཆོས་ཐེབས་སོགས་ལ་སྦྱོར་འཇགས་སོང་འདུག །ཤེ་མ་ནི། འབར་ནང་འབྲོག་པ་དང་། སྡོམ་གཞུང་འབྲོག་པ་གཉིས་རྩྭ་ར་འབྲོག་ཁོངས་དང་། འགམ། གཞུང་ཤོད། སྟག་གཞུང་བཅས་སུ་འབྲོག་དུད་ཐར་ཐོར་བཅས་ཀྱི་ཤེ་འབབ་མར་རྒྱ་ཆིག་སྟོང་ལྷག་ཙམ་བཅས་ཡིན། གཉེར་ཁང་གི་འགྲོ་སོང་གཙོ་བོ་ཆོས་རྒྱུན་གཏོང་སྒོ་ཡིན་པས་འདིར་མ་བུའི་ཚོགས་ཆེན་གཉིས་ལ་ཟླ་དུས་སོ་སོའི་གཏོང་སྒོ་བསྟར་ཆགས་སུ་འགྲོ་དགོས་པ་དཔེར་མཚོན་རབ་བརྩིས་བསྡོམས་ན། འདེབས་ཇ་རྒྱ་མ་ཆིག་ཁྲི་དྲུག་སྟོང་སོ་བཞི། འདེབས་མར་དང་མར་འགྱེད་བསྡོམས་པའི་མར་རྒྱ་ལྔ་སྟོང་ཉིས་བརྒྱ་ཉེར་གཉིས། ཚྭ་ཁལ་ཉིས་བརྒྱ་དོན་བཞི། ཐུག་རྩམ་ཁལ་ཉིས་སྟོང་། རྩམ་ཕོགས་འབྲུ་ཁལ་བཞི་སྟོང་ཉིས་བརྒྱ་དྲུག་ཅུ། དངུལ་ཊམ་ཉིས་སྟོང་། དར་ཟུབ་ངོ་གྲངས་ཉིས་སྟོང་། གྲོ་མ་ཁལ་བརྒྱ་ཐམ་པ། ཤ་ལུག་ཁོག་སུམ་ཅུ། ཕྱུར་བ་ཁལ་བརྒྱ་དང་ཉི་ཤུ། ཤིང་ཏོག་ཁལ་སུམ་བརྒྱ་བརྒྱད་ཅུ་སོགས་ཚང་མ་འབྲུར་བསྒྲིལ་རོབ་བརྩིས་ལོ་རབས་བཞི་བཅུ་པའི་ཡུལ་ཐང་གཞིར་བཟུང་ལོ་རེར་འབྲུ་ཁལ་ཆིག་ཁྲི་བདུན་སྟོང་དགུ་བརྒྱ་ཙམ་དང་ལས་བྱེད་པའི་ཕོགས་འབྲུ་རེའུ་མིག་ཟུར་གསལ་ནང་བཀོད་པ་སོགས།

རྩེ་བསྔོ་རྟེན་ཁང་ནི།
གསོལ་གཟིམ་མཆོད་གསུམ་སོགས་མདུན་བསྐོར་རྣམས་ནས་སྟངས་འཛིན་གྱིས་སྐྱབས་མགོན་མདུན་གཤིན་གསོན་གྱི་སྐྱབས་ཞུའི་འབུལ་དངོས་བྱུང་རིགས་དང་ཤེ་འབབ་ཐོག་ནས་ལོ་ཟླ་ཞག་དུས་གཏན་འབེབས་དང་འབྲེལ་བའི་ཆོས་རྒྱུན་ཟུར་པ་དང་རྟེན་གསུམ་གསར་བཞེངས་སོགས་འཆར་འཕར་ཆོས་ཕྱོགས་ཁོ་ནར་སྨིན་གཏོང་དད་རྫས་ཆུད་མི་གསན་པ་བྱ་རྒྱུ་བཅས། འབྲེལ་ཡོད་ཕྱི་ནང་རྫོང་ཁོངས་སུ་འཛིན་སྐྱོང་ཇི་དགོས་སྐོར་མཚན་ཐོ་ཟུར་བཀོད་ལྟར་གྱི་རང་ཁོངས་སྤྲུལ་སྐུ་ཁག་བརྒྱད་དགུ་ཙམ་གྱི་སྐུ་ཕྲེང་ནས། སྤྱི་མཛོད་དར་ཧན་དང་གདན་སའི་ཁྲི་པ། མགྲོན་དྲུང་སོགས་ཆོས་སྲིད་ཀྱི་དབང་ལུང་ཅི་རིགས་བཞེས་པ་བྱུང་བ་དང་། སྐྱེ་སྲིད་ཚང་མ་སྐྱབས་མགོན་རང་ནས་ངོས་འཛིན་དང་འབྲེལ་བའི་ཁྲི་འདོན་མཛད་དགོས་པ་མ་ཟད། སྤྲུལ་སྐུའི་ཁྲིར་མ་འཁོད་པ་དང་། སྐུ་ནར་སོན་མིན་རིང་ལ་བླ་བྲང་དེ་ཚོའི་གཉེར་པ་བསྐོ་བཞག་ཚུན་ཆད་བྲག་གཡབ་བླ་བྲང་ནས་བྱེད་ཅིང་། སྐུ་ཡོན་འབུལ་བཞེས་དང་དར་གུད་ཀྱི་འཚོ་སྐྱོང་གཟིགས་རྟོག་གནང་ལམ་ཡིན་འདུག །སྐྱབས་མགོན་གོང་མ་བརྒྱད་པ་ཆེན་པོས་གདོང་ཀོམ་སྤྲུལ་སྐུར་གནང་བའི་བཀའ་གཏན་ཞིག་ཀྱང་དཔེར་མཚོན་ཆེད་དུ་ཟུར་བཀོད་བྱས་ཡོད།

རྫོང་ཁག་ཕྱི་རྒྱར་ཡང་། སྐྱབས་མགོན་སྐུ་ཕྲེང་དང་པོའི་སྐབས་ནས་རྒྱལ་ཐང་སུམ་རྩེན་གླིང་དང་། མི་ཉག་འགི་བ་ཁའི་དགོན། མི་ཉག་དགའ་ལྡན་ཆོས་འཁོར་གླིང་། ལི་ཐང་དགོན། བྱང་འགོ་ལྷ་རིས་བདེ་ཆེན་གླིང་། དཀར་ཤོད་དགའ་ལྡན་ཆོས་འཁོར་གླིང་སོགས་སུ་ཆོས་རྗེ་བླ་བསྐོས་བསྐོ་གཏོང་ནར་མར་གནང་ལམ་བྱུང་བ་རྣམ་ཐར་ལོ་རྒྱུས་ཁག་ཏུ་གསལ་ཡང་། དུས་ཕྱིས་ཆབ་མདོ་དགོན་ཁོངས་ཡི་དམ་གྲྭ་ཚང་གི་ཁུ་བྱུག་སློབ་དཔོན་དང་། གོ་འཇོ་འགྲོ་འདྲེན་དགོན་པའི་མཁན་པོ་ཙམ་ལས་གཞན་པའི་སྨྲོས་མི་སྣང་། ལྷ་སར་བླ་བྲང་ནས་ལྷ་སྡོད་མི་སེར་འགོ་པ་ཞེས་པ་ཞིག་བསྐོས་ཏེ་བར་ལམ་ཁྲལ་རིགས་ཀྱི་རྐྱེན་པས། ལྷ་ས་དང་ཀོང་པོ་སོགས་སུ་མི་སེར་ཡུལ་གྱར་སོང་རིགས་ལ་བལྟ་རྟོག་དང་། མི་བོགས་ཞེས་པ་མི་རེར་ལོ་ལྟར་དངུལ་སྲང་གང་དང་ཞོ་ལྔ་རེ་བསྡུ་ལེན་ཐོག །རྐང་འགྲོའི་ཁྲལ་རིགས་ཕྲན་བུ་རེའི་བཀོད་འདོམས་བྱ་སྲོལ་བཅས་པར་སྟངས་འཛིན་བྱ་དགོས་སོགས་ཡིན་འདུག །
རྒྱལ་གཅེས་ཀྱི་བྱ་བ། བྲག་གཡབ་ལྷ་སྡེ་མི་སྡེ་མཆོག་དམན་ཡོངས་ནས་དུས་རབས་རིམ་པར་༸རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་། གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཆབ་སྲིད་མི་ཉམས་ཡུན་གནས་ཆེད་དུ། བརྩེ་བའི་ལུས་དང་གཅེས་པའི་སྲོག །ཕངས་པའི་རྒྱུ་ནོར་གང་ལའང་བལྟོས་མེད། གཅིག་ཏུ་དཀར་བའི་ལྷག་བསམ་རྨ་མེད་པས། སྐབས་བབས་ཀྱི་ཞབས་འགྱུར་ཞུ་སྒོ་གང་ན་ཅི་མཆིས་འཁོར་བསྟུན་ཞུས་རིགས་རྣམ་གྲངས་མི་དམན་ཙམ་མཆིས་པ་ནས། འགའ་རེ་དོན་ཚན་གོང་གསལ་ཁག་ནས་ཞར་བྱུང་དུ་མཁྱེན་གསལ་ལྟར་ལ། སྐབས་འདིར་རང་ས་བརྟན་སྲུང་གི་སྐོར་ལ་གཞུང་དམངས་དམ་ལ་གཅིག་གྱུར་གྱི་ཐོག་ནས་རྒྱབ་སྣོན་ཇི་ཞུས་སྐོར། རྒན་རབས་ཀྱི་ངག་རྒྱུན་ཟིན་བྲིས་སུ་བཏབ་པ་དང་། ལོ་རྒྱུས་ཡིག་ཆ་གཞན་ཁག་གུང་བསྒྲིགས་ཏེ། དྲན་གསོའི་དཔེར་མཚོན་ཆེད་དུ་རེ་ཟུང་བཀོད་ན།
རབ་ཡིད་ཆུ་ཁྱི་སྟེ་ཕྱི་ལོ་༡༨༦༢ལོར་ཉག་རོང་མགོན་པོ་རྣམ་རྒྱལ་ཇག་དཔུང་ནས་སྡེ་དགེ། ཧོར་ཁོག །ལི་ཐང་། ཆ་ཕྲེང་སོགས་མི་རྒྱུ་གཉིས་ཀར་གཏོང་སྐྱོན་ཆེན་པོ་གཏོང་སྐབས་གཞུང་དམག་སྤྱི་ཁྱབ་མདའ་དཔོན་ཕུ་ལུང་བ་དང་ཁྲི་སྨོན་དཔུང་བཅས་ནས་རྒོལ་ལན་སྤྱད་པར་བྲག་གཡབ་ཆིག་སྟོང་ཐམ་པ་རྒྱབ་སྣོན་དུ་བཅར་བས་དམག་མི་དྲུག་བརྒྱ་སྐོར་རྐྱེན་ལམ་དུ་གྱུར། རབ་ཚེས་ཆུ་སྦྲུལ་ཏེ་ཕྱི་ལོ་༡༩༠༣ཙམ་ནས་ལེའུ་ཅུན་མན་ཇུའི་རྒྱ་དམག་གིས་མདོ་ཁམས་བརྒྱུད་དུ་བོད་གཞུང་སྲུང་དམག་གཏན་སྡོད་མེད་པས་དམག་མི་རིམ་བཏང་བྱས་ཤིང་། ཟི་ཁྲོན་ཕྱོགས་ཀྱི་དམག་སྤྱི་ཌའོ་ཨེར་ཕུང་འགོ་དམག་ནས་ལི་ཐང་བོད་གཞུང་སྐུ་ཚབ་སྦྲེལ་པར་བཙན་གནོན་དབང་འཕྲོག་དང་། ཚ་ཁ་ལྷོ། མཛོ་སྒང་། བྲག་གཡབ། ཆབ་མདོ་བཅས་པར་རིམ་འབྱོར་ཐོག་སེར་སྐྱ་སྟོང་ཕྲག་མང་པོ་བསད་བཟུང་། དགོན་སྡེ་བསྲེག་བཅོམས། རྒྱུ་དངོས་འཕྲོག་པ་སོགས་ཀྱིས་བསྟན་འགྲོའི་སྲོག་ཟུངས་ཆད་ལ་ཁད་པའི་དཀའ་ངལ་བྱུང་སྐབས་ཆབ་མདོའི་སྤྱི་ཁྱབ་ཕིང་ཇེའི་ཤིང་ནས་ཀྱང་དེ་རྗེས་བཙན་གནོན་རྒྱུན་སྐྱོང་གིས་མནར་གཅོད་ཡུན་རིང་དེ་ལྟར་ནའང་། གཞུང་ས་མཆོག་ནས་༸གོང་ས་ཆེན་པོ་རྒྱ་ནག་ཁུལ་དུ་ཕེབས་བཞུགས་གནང་སྐབས་ཁེལ་དབང་གིས་རེ་ཞིག་ཡ་ལན་སྤྲོད་ཐལ་མ་དགོས་པའི་མཛད་བྱུས་དཀྱེལ་ཟབ་གཞིར་བཟུང་བཟོད་སྒོམ་ཞུས། རབ་ཚེས་ཤིང་འབྲུག་སྟེ་ཕྱི་ལོ་༡༩༠༤ལོར་དབྱིན་བོད་ཟིང་འཁྲུགས་སྐབས་བྲག་དམག་ཆིག་སྟོང་དང་འགོ་བྱེད་དམག་དཔོན་འབའ་དྲོད་ལྡེའུ་འཆང་གཉིས་ནས་ཡ་ལན་སྤྲད། རབ་ཚེས་ལྕགས་ཁྱི་སྟེ་ཕྱི་ལོ་༡༩༡༠ལོར་མདོ་ཁམས་ས་ཁུལ་དུ་རྒྱ་མི་ཨམ་བན་ཡོངས་རྐྱེན་གཞུང་སའི་བཀའ་འབྲེལ་རྨེ་རུ་ཏཱ་བླ་མ་དང་། སྡེ་དགེ་རྒྱས་ཆུང་། རྩེ་དྲུང་བརྩོན་འགྲུས་དངོས་གྲུབ་བཅས་ནས་བྲག་གཡབ་ནས་དམག་རྒྱབ་དཔུང་སྣོན་ཞུ་དགོས་ཕེབས་དོན། རབ་ཚེས་ཆུ་བྱི་སྟེ་ཕྱི་ལོ་༡༩༡༣ལོར་རྒྱ་མི་དུ་ཁྲང་ཁ་དང་། སྙུག་ཏཱ་རིང་། ཉི་ཧུང་ཁྲེང་བཅས་ཀྱི་དཔུང་དམག་ལ་ཡ་ལན་ཐེངས་བདུན་སྤྲད། མཚོན་འོག་དང་། རྐང་ལག་རྒྱངས་འཐེན་རྒྱབ་པ། མེར་བསྲེགས་བཏང་བ་སོགས་ཀྱི་མནར་གཅོད་འོག །བྲག་དམག་སུམ་སྟོང་སྐོར་རྐྱེན་འདས་དང་། དགོན་སྡེ་ཁག་མེར་བསྲེགས། འཕྲོག་བཅོམ་སོགས་ཀྱིས་དོ་ཕོག་ཆེན་པོ་བྱུང་། རབ་རྒྱལ་ཆུ་སྤྲེལ་ཏེ་ཕྱི་ལོ་༡༩༣༢ལོའི་ཟླ་བ་གསུམ་པའི་ནང་ཟི་ཁྲོན་རྒྱ་དམག་དང་བོད་དམག་རྒོལ་འཛིང་སྐབས་ཀྱང་བྲག་གཡབ་དམག་དཀྱུས་ཆིག་སྟོང་ཐམ་པ་དང་། དམག་དཔོན་གྲོང་རེ་བུ་བཅས་བཏང་སྐབས་དམག་མི་བརྒྱ་སྐོར་སྟོན། རབ་རྒྱལ་ལྕགས་སྟག་སྟེ་ཕྱི་ལོ་༡༩༥༠ནས་བཙན་རྒྱལ་རྒྱ་དམར་གྱིས་བོད་ལྗོངས་མི་རིགས་བསྟན་སྲིད་རིག་གཞུང་དང་བཅས་པ་རིམ་བཞིན་རྩ་བརླག་སྐབས་འདིར་འབྲི་ཆུ་ཁུལ་དུ་དུས་སྐབས་གང་ལ་ཇི་ལྟར་འཚམས་པའི་ཞི་དྲག་གི་ཡ་ལན་རིམ་པར་སྤྲད་ཅིང་། གཞན་ཡང་རང་དབང་སྒེར་ལངས་ཆེད་དུ་བསྟན་སྲུང་དང་དྭང་བླངས་དམར་སྒར་གྱི་སྒྲིག་འཛུགས་ཁོངས་བྲག་གཡབ་གཉེར་པ་ཨ་ཕྲུག་བླ་མ་སོགས་ཀྱིས་འགོ་ཁྲིད་པའི་འོག་དང་། དེ་མིན་མ་བསྐུལ་རང་མོས་ཀྱིས་དམག་སར་ཞུགས་ཏེ་བསྟན་དགྲར་རྒོལ་བའི་བྲག་དམག་འགོ་དམངས་ཁྱོན་ཆེ་བྱུང་འདུག་པས་མཚོན་རང་ཁོངས་ཆོས་སྲིད་ཀྱི་མི་སྣ་ཆེ་ཆུང་ཚང་མས་སྤྱིའི་ཆ་ནས་ལངས་ཕྱོགས་མ་ནོར་ཙམ་ཞུས་བཟོ་འདུག་པ་བཅས་རེ་ཞིག་དེ་ཙམ་མོ། ། ༢༥ འགོ་རྗེས་དོན་གཉིས།
འགོ་རྫིས། ཐེམ་དུད། འགོ་རྫིས། ཐེམ་དུད།
*༡ ཁལ་རྒྱང་འབྲོག་རྫིས་པ། ༤༠
༢ ཞུ་མདའ་བ། ༡༥༠
*༣ མཁར་རྩ་འབྲོག་པ། ༩༠
*༤ མཁར་རྩ་ཡུལ་པ། ༡༠༠
༥ འཁོར་ར་འབྲོག་བུ་བཞི། ༢༨༣
༦ ག་ཟི་བ། ༡༧༢
*༧ གན་གཞུང་འབྲོག་པ། ༨༠
༨ གུག་ཐོར་ས་ཤོད། ༧༥
༩ གྲ་ཤྲི་བ། ༡༩༠
༡༠ དགེ་ཚང་འབྲོག་པ། ༣༤༣
༡༡ རྒྱ་ལོག་བ། ༡༤༥
༡༢ བརྒྱད་ཅུ་ཚོ་བཞི། ༢༤༠
*༡༣ རྔ་རྒྱུད་འབྲོག་པ། ༢༧༥
༡༤ རྔ་རྒྱུད་ཡུལ་པ། ༢༨༥
༡༥རྔེད་པ་འབྲོག་པ། ༥༠
༡༦རྔེད་པ་ཡུལ་པ། ༥༩
༡༧ཆུ་ཉིན་སྟོད་མ། ༢༥༠
༡༨ཆུ་ཉིན་སྨད་མ། ༢༧༠
༡༩ཆུ་སྲིབ་ལ་རྒྱབ། ༢༦༣
༢༠ཆུ་སྲིབ་ལ་ནང་། ༢༩༠
༢༡ རྟ་ཕུ་ཐི། ༧༦
༢༢ རྟ་རུ་འབྲོག་རྫིས། ༥༠
*༢༣ སྟག་རྫིས་འབྲོག་པ། ༣༨
༢༤ སྟག་ར་ཤིས། ༡༧༧
༢༥ མདའ་མདོ་བ། ༡༦༣
༢༦ མདའ་བྲག་སྤང་ལུང། ༩༠
༢༧ མདའ་སེ་བ། ༡༧༠
*༢༨ མདུའ་སྲིབ་སྟོད་མ། ༢༧༠
*༢༩ མདའ་སྲིབ་སྨད་མ། ༢༨༠
༣༠ མདུང་འདྲ་བ། ༢༠༠
༣༡ མདོ་མོན། ༦༥
*༣༢ རྡོ་སྣ་འབྲོག་པ། ༥༢
*༣༣རྡོ་སྣ་ཡུལ་པ། ༥༨
༣༤སྡུག་པ་བ།༡༠༠ *༣༥སྡོམ་གཞུང་འབྲོག་པ།༥༠
༣༦བསྡུས་རུ་འབྲོག་པ་མ་དགོན་ཁོངས། ༢༤༥
༣༧བསྡུས་རུ་འབྲོག་པ་བུ་དགོན་ཁོངས།༨༥
༢༦ འགོ་རྫིས། ཐེམ་དུད། འགོ་རྫིས་། ཐེམ་དུད།
༣༨ སྣི་ཞུལ་མོད་ཤོ། ༡༣༤
༣༩ པ་རེ་བ། ༢༩༤
༤༠ དཔོན་བས་འབྲོག་པ། ༢༠༠
༤༡ བྱམས་མདུན་བ། ༢༩༧
༤༢ འབར་ནང་འབྲོག་རྫིས་པ། ༣༠
༤༣ སྦྲུ་པ་ཤོག་བཞི། ༡༠༠
༤༤ སྨད་སྟོད་མདའ་པ་(མདའ་དགེ)༢༩༨
༤༥ སྨད་སྟོད་ཕུ་པ། ༢༨༧
༤༦ སྨད་ཡུལ་འབྲོག་པ།༣༢༢
༤༧ རྩ་ཆེན་རྫིས་པ།༥༠
༤༨ རྩ་ར་རྫིས་པ། ༢༥
༤༩ བརྩན་བཟང་འབྲོག་པ།༢༨༠
༥༠ བརྩན་བཟང་ཡུལ་པ། ༢༩༠
ཀ་ (བརྩན་བཟང་ཕུ་པ་)
ཁ་ (བརྩན་བཟང་མདའ་པ་)
༥༡ ཚ་ལ་ཤོག་ལྔ་། ༢༨༠
༥༢ ཚ་ལ་ཤོག་གསུམ། ༢༧༠
༥༤གཞུང་ཤོད།
ག་ ཟླ་སྲིབ་སྟོད་མ ང་ ( ཟླ་སྲིབ་སྨད་མ་)
༥༥ འོ་འབོམ་འབྲོག་པ། ༥༨
༥༦ འོ་འབོམ་ཡུལ་པ། ༡༠༠
༥༧ ར་བསྐོར་བ། ༢༣༠
༥༨ ར་ཁང། ༢༠༠
༥༩ ར་གཟེ། ༡༩༠
༦༠ རབ་འབྱོར། ༡༠༠
༦༡ ལ་གཤིས་ཡུལ་པ། ༧༠
༦༢ ལ་གཤིས་ཡུལ་པ། ༡༣༠
༦༣ ལེ་འགམ། ༢༦༧
༦༤ ཤེ་དུད་འབྲོག་པ། ༩༠
༦༥ ཤོག་སྟོད། ༡༠༠
༦༦ ཤོག་སྨད། ༡༠༣
༦༧ ཤོག་གསུམ། ༡༨༥
༦༨ ཤོག་ལྷུང་། ༢༣༠
༦༩ སེ་བྲག ༩༢
༧༠ ལྷ་སྲུང་འབྲོག་པ། ?
༧༡ ལྷ་སྲུང་ཡུལ་པ། ༣༠༠
༧༢ ཨ་ཚུར་འབྲོག་པ། ༢༥༠
རེའུ་མིག་འདིར་བོད་ནས་དཔར་ཐོན་བྲག་གཡབ་ལོ་རྒྱུས་སུ་མ་གསལ་བའི་རིགས་ལ་ཀུར་རྟགས་(*)དང་། འཐོལ་པའི་རིགས་སད་གུག་ནང་དུ་བྲིས་ཏེ་མདུན་དུ་ཀ་ཁ་ག་ང་བཅས་བྲིས་ཡོད། དེབ་དེར་འགོ་བ་བཞི་བཅུ་དང། རྫིས་པ་བཅུ་བཅས་འགོ་རྫིས་ལྔ་བཅུ་ཞེས་གསལ་བ། བླ་བྲང་གི་གཞུང་འཛིན་གཞིས་ཀདང། ཤེ་མའི་རིགས་མ་བགྲངས་པ་མིན་སམ་སྙམ། ལར་ནས་ཡུལ་མིང་གི་དག་ཆ་དང་ཐེམ་གྲངས་སོགས་དོགས་གཞིར་སྣང་བའང་དཔྱད་ཞིབ་ཆེད་དུ་ཟིན་བྲིས་ལྟར་སོར་བཞག་ཡིན། རྟ་ཟམ་བཅུ་གསུམ། དེར་འདུས་འགོ་རྫུས་ཨང་རིམ། ༡ དཀྱིལ་དམ་དང་ཡུག་གཤིས་རྟ་ཟམ་ ༤༧ ག་ ༢ འགམ་རྟ་ཟམ་ ༥ ༣༤ ༥༤ ༦༣ ༦༥ ༣ བྱམས་མདུན་རྟ་ཟམ་ ༥༥ ༥༦ ༤ འབའ་སྒང་རྟ་ཟམ་ ༦ ༩ ༢༤ ༣༡ ༣༦ ༦༤ ༥ དབྱེན་འདུམ་རྟ་ཟམ་ ༨ ༡༡ ༡༨ -༢༠ ༢༦ ༣༨ ༦ སྦས་སྒང་རྟ་ཟམ་ ༡༠ ༤༦ ༥༡ ༥༢ ༧ ཚེ་འབུམ་རྟ་ཟམ་ ༥༨ ༨ ཝམ་དགར་རྟ་ཟམ་ ༡༥/༢༢ ༡༦ ༧ ༢༡ ༢༧ ༥༧ ༩ ཡར་ཤོད་རྟ་ཟམ། ང་ ༡༠ ར་གཟེ་རྟ་ཟམ། ༧༠ ༧༡ ༡༡ རང་འགྲུབ་རྟ་ཟམ། ༡༢ ༣༠ ༣༩ ༤༣ ༦༦ ༡༢ རབ་འབྱོར་རྟ་ཟམ། ༡༣ ༡༤ ༣༧ ༡༣ ཨ་ཚུར་རྟ་ཟམ། ༤༩ ༥༠ ༢༨མ་དགོན་བཀྲ་ཤིས་གཡང་འཁྱིལ་ཁོངས་ཀྱི་དགོན་ཁག་སོ་གཉིས། ༡ ཀྱེ་ནི་དགོན་པ། ༡༧ བྲག་མགོ་དགོན་པ། ༢ དཀར་ཏོག་དགོན་པ་/འར་ཐོག ༡༨ བྲག་གཡབ་དགོན་པ། ༣ ཁྲ་ཡེར་དགོན་པ། ༡༩ དབྱར་ཞོ་དགོན་པ། ༤ གྲོ་ཤུག་དགོན་པ། ༢༠ ཚ་མདོ་དགོན་པ། ༥ དགོན་མཐོ་དགོན་པ། ༢༡ ཟླ་འཆར་དགོན་པ། ༦ དགོན་ཟླུམ་དགོན་ཕ། ༢༢ ཡེར་དགོན་པ། ༧ ཆུ་དབར་དགོན་པ། ༢༣ ཡོ་ཛི་དགོན་པ། ༨ སྟག་ར་དགོན་པ། ༢༤ གཡེའུ་དགོན་པ། ༩ ཐང་ཐོག་དགོན་པ། ༢༥ རིན་སྤུངས་དགོན་པ། ༡༠ དུང་འཁྲུངས་དགོན་པ། ༢༦ ཤར་གསང་དགོན་པ། ༡༡ འདུལ་བ་དགོན་པ། ༢༧ ས་སྐྱ་དགོན་པ། ༡༢ གནས་བདེ་དགོན་པ། ༢༨ སུག་ཕུ་དགོན་པ། ༡༣ རྣོ་གྲགས་དགོན་པ། ༢༩ སོ་སྒང་དགོན་པ། ༡༤ པ་རེ་དགོན་པ། ༣༠ གསེར་མདོག་དགོན་པ། ༡༥ སྤང་དཀར་དགོན་པ། ༣༡ བསེ་མཁར་དགོན་པ། ༡༦ བྱམས་གླིང་དགོན་པ། ༣༢ ལྷོམ་ལྷ་དགོན་པ། བུ་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་ཁོངས་ཀྱི་ཁང་ཚན་བཅུ་གཉིས། ༡ སྐྱིད་སྟོད་ཁང་ཚན།/ལབ་ཤིས། ༧ བརྩན་བཟུང་ཁང་མཚན། ༢ ཞུ་མདའ་ཁང་མཚན། ༨ འཚེར་ཆུང་ཁང་མཚན།/སྨད་སྟོད། ༣ མདའ་མདོ་ཁང་མཚན། ༩ མཛོ་གུ་ཁང་མཚན། ༤ སྡེ་གསུམ་ཁང་མཚན། ༡༠ མཛོ་རྫོང་ཁང་མཚན། ༥ བྱམས་མདུན་ཁང་མ ༡༡ འོ་འབོམ་ཁང་མཚན། ༦ འབི་དཀར་ཁང་མཚན། ༡༢ ཤོག་ལྷུ་ཁང་མཚན། བྲག་གཡབ་ལྗོངས་ཀྱི་གནས་ལུགས།༢༩ ༡ ཀུན་བཟང་རི་ཁྲོད རྙིང་མ། ? ༣ ༡༦ ༢ ཀེམ་པ་རི་ཁྲོད། རྙིང་མ། བླ་མ་བླ་མགོན ༡༠ ༣ བཀྲ་ཤིས་རི་ཁྲོད། དགེ་ལུགས། བླ་མ་ཨ་སྒོང། ༣ ༡༢ ༤ སྐུ་རྡོ་ཕུ་རི་ཁྲོད། རྙིང་མ། འཁོར་བདེ་སྤྲུལ་སྐུ། ༢ ༨ ༥ སྐྱབས་བླ་རི་ཁྲོད། ས་སྐྱ། སྐྱབས་བླ་བླ་མ། ༡ ༡༣ ༦ སྐྱིལ་ཀྲུང་དགོན། རྙིང་མ། སྐྱིལ་ཀྲུང་སྤྲུལ་སྐུ། ༢༠ ༧ གེ་འདི་ཇོ་མོ་རི་ཁྲོད། རྙིང་མ། ? ༢༠ ༨ དགོན་ཉིན་རི་ཁྲོད། རྙིང་མ། ? ༡༦ ༩ དགོན་ལུང་རི་ཁྲོད། རྙིང་མ། བླ་མ་ཤེས་རྒྱལ། ༡༠ ༡༠ སྒང་སྨད་རི་ཁྲོད། རྙིང་མ། སྒང་རི་སྤྲུལ་སྐུ། ༡༢ ༡༡ སྒྲོལ་མ་རི་ཁྲོད། དགེ་ལུགས། བླ་མ་ཆོས་འགྲུབ། ༣༠ ༡༢ རྒྱ་འགའ་དགོན། ས་སྐྱ། རྒྱ་འགའ་བླ་མ། ༣༤ ༡༣ སྙེ་དགུ་ཕུ་རི་ཁྲོད། དགེ་ལུགས། བླ་མ་བྱམྶ་པ་ཕུན་ཚོགས ༣ ༢༠ ༡༤ སྙི་དགུ་ཕུ་རི་ཁྲོད། རྙིང་མ། ཇོ་མོ་ཤེས་རབ་དབང་མོ། ༥ ༡༥ དུག་པ་ཇོ་མོ་རི་ཁྲོད། ས་སྐྱ། ? ༡༥ ༡༦ དགེ་གུ་རི་ཁྲོད། དགེ་ལུགས། ? ༢ ༧ ༡༧ གནས་འབྱོར་རི་ཁྲོད། རྙིང་མ། བླ་མ་ཚེ་མགོན། ༣ ༣ ༡༨ དཔལ་འབྱོར་དགོན། དགེ་ལུགས། དཔལ་འབྱོར་སྤྲུལ་སྐུ། ༡༠ ༡༠ ༡༩ སྤྲིན་ཆུ་མིག་རི་ཁྲོད། རྙིང་མ། བླ་མ་སྤེན་རྒྱལ། ༢༠ ༢༠ ༢༠ ཕག་མོ་རི་ཁྲོད། བཀའ་བརྒྱུད། ? ༠ ༢༠ ༢༡ བྲག་རྫོང་དགོན། རྙིང་མ། བྲག་རྫོང་སྤྲུལ་སྐུ། ༤༣ ༠ ༢༢ དབའ་ཐོག་རི་ཁྲོད། རྙིང་མ། ཨ་ཙ་སྤྲུལ་སྐུ། ༣༠ དགོན་མིང། ཆོས་བརྒྱུད། དབུ་བཞུགས། གྲྭ་གྲངས། བཙན་མ ༢༣ འབི་ཉ་དགོན། ས་སྐྱ། ? ༢༤ འབེས་ལྕོག་རི་ཁྲོད། རྙིང་མ། ? ༢༥ འབྱོར་ཁེ་རོ་ཁྲོད། དགེ་ལུགས། བླ་མ་ཡེ་ཤེས་དབང་གྲཌ། ༡༠༠ ༢༦ འབྲོག་ལུང་རི་ཁྲོད། རྙིང་མ། བླ་མ་འཕྲིན་ལས་ཉིན་བྱེད། ༣ ༢༧ སྦྲུལ་དགོན། ས་སྐྱ། ? ༡༨ ༢༨ གཙང་སར་དགོན། ས་སྐྱ། གཙང་སར་སྤྲུལ་སྐུ་དང་ནང་སོ་ཤེ་རིང་སྤྲུལ་སྐུ། ༩༠ ༢༩ སྩི་ཀྲོམ་རི་ཁྲོད། རྙིང་མ། ? ༡༣ ༣༠ ཚོགས་བརྒྱ་རི་ཁྲོད། རྙིང་མ། སྒྲུབ་སྤྲུལ་འཕྲིན་ལས་རྒྱ་མཚོ། ༢༠ ༣༡ ཟིས་ཟོར་རི་ཁྲོད། དགེ་ལུགས། བླ་མ་རིན་ཆེན་ཆོས་གྲཌ ༣ ༣༢ ཡར་ཁྲོད་རི་ཁྲོད། དགེ་ལུགས། བླ་མ་གྲགས་པ། ༡༠༠ ༣༣ རི་ཁྲོད་ལྷག་ཟམ། རྙིང་མ། རིན་ཆེན་གླིང་པ། ༣༠ ༣༤ ལ་ཕག་དགོན། བཀའ་བརྒྱུད། ལ་ཕག་སྤྲུལ་སྐུ། ༡༠ ༣༥ ལ་འབུ་དགོན། ས་སྐྱ། ? ༡༣ ༣༦ ཤ་ཁྲི་ཁའམ། ཆོས་ཁྲི་ཁ་རི་ཁྲོད། དགེ་ལུགས རྒྱལ་མཚན་དང་ངག་དབང་། ༢༠ ༣༧ ཤ་དོང་མ་རི་ཁྲོད། རྙིང་མ། བླ་མ་ངང་ཤེས། ༣ ༣༨ ས་དཀར་རི་ཁྲོད། དགེ་ལུགས། བླ་མ་དགེ་འདུན་དར་རྒྱས་སོགས། ༤༠ ༣༩ ས་སྐྱ་དགོན། ས་སྐྱ། ? ༤༣ ༤༠ སོག་སྟེང་རི་ཁྲོད། རྙིང་མ། བྱང་ཆུབ་རྡོ་རྗེ། ༡༠ ༤༡ གསང་སྟེང་རི་ཁྲོད། དགེ་ལུགས། ? ༣ ༤༢ གསེར་འགྱུ་མ་རི་ཁྲོད། རྙིང་མ། ? གཏམ་ཚོགས་ཤོག་གྲངས། བྲག་གཡབ་སྐྱབས་མགོན་སྐུ་འཕྲེང་། དང་པོ། དཀའ་བཅུ་གྲགས་པ་རྒྱ་མཚོ། (༡༥༧༢-༡༦༣༨) གཉིས་པ། ངག་དབང་བསོད་ནམས་ལྷུན་འགྲུབ། (༡༦༤༧-༡༦༨༢) གསུམ་པ། ཚུལ་ཁྲིམས་ལེགས་གྲུབ། (༡༦༨༣-༡༦༩༢) བཞི་པ། བློ་བཟང་རྣམ་རྒྱལ། (༡༦༩༣-༡༧༥) ལྔ་པ། བློ་བཟང་དཔལ་ལྡན་བསྟན་པའི་རྒྱལ་མཚན། (༡༧༥༦-༡༨༡༡) དྲུག་པ། བློ་བཟང་བློ་ལྡན་ཆོས་ཀྱི་རྒྱལ་པོ། བློ་བཟང་ཐུབ་བསྟན་འཇིགས་མེད་ཆོས་ཀྱི་རྒྱ་མཚོ། བློ་བཟང་ཚུལ་ཁྲིམས་དཔལྡན་བསྟན་པའི་རྒྱལ་མཚན། (༡༨༡༤-༡༨༥༧) བདུན་པ། མཁྱེན་རབ་ལུང་རིགས་མཁས་བཙུན་རྒྱལ་མཚན། (༡༨༥༩-༡༨༨༢) བརྒྱད་པ། བློ་བཟང་མཁས་གྲུབ་འཇིགས་མེད་རྒྱལ་མཚོ། (༡༨༨༨-༡༩༣༨) དགུ་པ། ངག་དབང་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན། (༡༩༤༠) བྲག་གཡབ་ཆུང་ཚང་སྐུ་ཕྲེང་། དང་པོ། སངས་རྒྱས་བཀྲ་ཤིས། (༡༥༨༨-༡༦༥༡) གཉིས་པ། གྲགས་པ་ཆོས་འཛིན། (༡༦༥༧-༡༦༨༢) གསུམ་པ། བློ་བཟང་བསྟན་པ། (༡༦༨༣-༡༧༣༩) བཞི་པ། བསྐལ་བཟང་ཐུབ་བསྟན་དབང་ཕྱུག (༡༧༤༡-༡༧༧༤) ལྔ་པ། བློ་བཟང་བསྟན་འཛིན་རྒྱ་མཚོ། (༡༧༧༧-༡༨༥༧) དྲུག་པ། མཁྱེན་རབ་དཔལ་ལྡན་རྒྱ་མཚོ། (༡༨༥༩-༡༩༡) བདུན་པ། ངག་དབང་འཕྲིན་ལས་རྒྱ་མཚོ། ཐུབ་བསྟན་བསྐལ་བཟང་འཕྲིན་ལས་འཇིགས་མེད་རྒྱ་མཚོ། (༡༨༩༣-༡༩༥༨) བརྒྱད་པ། བསྟན་འཛིན་བསྐལ་བཟང་འཇིགས་མེད། (༡༩༧༩) བྲག་གཡབ་སྤྱི་ཁྱབ་དར་ཧན་མཁན་པོ་ཞེས་པའི་མཛོད་པའི་རིམ་པ། མཛོད་རབས། ལོ་དུས། མཛོད་མིང་། མཛོད་ལོ། ༡ ༢ ༣ ༤ ༥ ༦ ༧ ༨ ༩ ༡༠ ༡༡ ༡༢ ༡༣ ༡༨༤༧ ༡༨༥༢ ༡༨༦༤ ༡༨༦༨ ༡༨༩༣ ༡༨༩༧ ༡༩༠༠ ༡༩༠༥ ༡༩༢༥ ༡༩༢༩ ༡༩༣༣ ༡༩༤༡ ༡༩༥༡ མཁར་སྒང་གསོལ་དཔོན་བློ་བཟང་རྒྱལ་མཚན། ཚ་བ་མ་ཎི་སྤྲུལ་སྐུ་བློ་བཟང་དཔལ་ལྡན་རྒྱལ་མཚོ། གདོང་ཀོན་མགྲོན་ཁྲི་སྤྲུལ་བློ་བཟང་སྙན་གྲགས། རྩེ་ལྡེའུ་འཆང་འགྲམ་ཐོག་བློ་བཟང་བསྟན་འཛིན། གདོང་ཀོང་གོང་མ་ངག་དབང་དམ་ཆོས་རྒྱལ་མཚན། འབྲུག་སྣ་དྲུང་ཆེ་མཁྱེན་རབ་འཇམ་དབྱངས། མགྲོན་གྲོང་རེ་མཁྱེན་རབ་དྲི་མེད། གསོལ་དཔོན་ངག་དབང་རྒྱལ་མཚན། མཛེས་བཅུ་དྲུང་ཆེ་བློ་བཟང་ཚུལ་ཁྲིམས། གདོང་ཀོམ་ཐུབ་བསྟན་བདེ་ལེགས་རྒྱ་མཚོ། འགྲམ་ཐོག་བསྟན་པ་བདེ་ལེགས། ཡི་ཐུ་ལྡེའུ་འཆང་འཇིགས་མེད་དབང་ལྡན། འཁར་འགོ་མཆོད་དཔོན་ངག་དབང་བློ་བཟང་བསྟན་འཛིན་ཀུན་ཁྱབ། ༦ ༡༢ ༤ ༢༦ ༥ ༤ ༥ ༢༡ ༤ ༤ ༨ ༡༠ ༣༣ བྲག་གཡབ་ཏུ་ཆོས་སྲིད་ཅི་རིགས་ཀྱི་མཚན་གནས་བཞེས་པའི་བླ་སྤྲུལ། བླ་ཁག་ འབྲེལ་ཡོད་འགོ་འོག་ འབྲེལ་ཡོད་དགོན་པ། མཚན་གནས་བཞེས་རིགས། ༡ སྐྱོང་བླ་སྤྲུལ་སྐུ། ཆུ་ཉིན་སྟོད་མ། དཀར་ཏོག་དགོན་པ། ཁྲི་པ། ༢ ཁྲི་ཆུང་སྤྲུལ་སྐུ། སྨད་སྟོད་ཕུ་པ། འཚེར་ཆུང་ཁང་ཚན། ཁྲི་པ། ༣ མཁར་འགོ་སྤྲུལ་སྐུ། ཆུ་སྲིབ་ལ་རྒྱབ། གཡེའུ་དགོན་པ། སྤྱི་མཛོད། ༤གླེ་དགོན་སྤྲུལ་སྐུ། ཕུ་མདའ་མདའ་མདོ། ཕུ་མདའ་ཁང་ཚན། ཁྲི་པ། ༥ཆུ་དབར་སྤྲུལ་སྐུ། རང་ཁང་། ཆུ་དབར་དགོན་པ། ཁྲི་པ། ༦ ཆོས་གྲགས་སྤྲུལ་སྐུ། བྱམས་མདུན། ལབ་གཤིས་ཁང་ཚན། ཁྲི་པ། ༧གདོང་ཀོམ་སྤྲུལ་སྐུ་ཆེ་ཆུང་༣ གྲ་ཤྲཱི་ དགོན་ཟླུམ་དགོན་པ། སྤྱི་མཛོད\ཁྲི་པ། ༨དཔལ་འབྱོར་སྤྲུལ་སྐུ། གཙང་སར། སྤང་དཀར་དགོན། ཁྲི་པ། ༩བརྩོན་བཟང་སྤྲུལ་སྐུ། སྨད་སྟོད་མདའ་དགེ བརྩོན་འགྲུས་ཁང་ཚན། ཁྲི་པ། དབུས་འགྱུར་ཕྱོགས་ནས་མཚན་གནས་ཅི་རིགས་འཛིན་པའི་རང་ཁོངས་བླ་སྤྲུལ། ༡ དགའ་ལྡན་ཉག་རེ་ཁྲི་སྤྲུལ། སྡེ་གསུམ་ཁང་ཚན། ཚོགས་ཆེན་སྤྲུལ་སྐུ། ༢འབྲས་ཉག་རེ་མཁན་སྤྲུལ། = ཁྲ་ཡེར་དགོན་པ། ཚོགས་ཆེན་སྤྲུལ་སྐུ། ༣དགའ་ལྡན་ཉག་རེ་མཁན་སྤྲུལ། = = གྲྭ་ཚང་སྤྲུལ་སྐུ། ༤རྟོགས་ལྡན་སྤྲུལ་སྐུ། གུག་ཐོར་ས་ཤོད= = གྲྭ་ཚང་སྤྲུལ་སྐུ། བླ་བྲང་གི་ཞབས་འབྲིང་། རིམ་པ། ལས་ཚན་ཡིན་པའི་ལས་བྱེད་ཀྱི་མིང་གནས། གྲངས། ལོ་ཕོཌ་འབྲུ་ཁལ། ༡ མགྲོན་གཉེར་ཁང་ཆེན་མོ་ དྲུག་ཆེན། ༡ ༡ ༦༨ ༦༨ ༢ གསོལ་དཔོན། གཟིམ་དཔོན། མཆོད་དཔོན། ལྡེའུ་འཆང། ཡབ་རྒན ཆིབས་དཔོན་ཆེན་མོ། ༡ ༡ ༡ ༡ ༡ ༡ ༥༤ ༥༤ ༥༤ ༥༤ ༥༤ ༥༤ ༣ མགྲོན་ལས། གཟིམ་འགག། དྲུག་ཡིག། གཉེར་པ། མ་ཡུམ། ༢ ༢ ༡༠ ༨ ༡ ༤༢ ༤༢ ༤༢ ༤༢ ༤༢ ༤ གཟིམ་གཡོག མ་ཆེན། བྱམ་དཔོན། གཟིམ་ཁང་སྡེ་པ། གསུང་ཆོག་པ། གདན་གཉེར། ༡ ༡ ༡ ༡ ༡ ༡ ༣༣ ༣༣ ༣༣ ༣༣ ༣༣ ༣༣ བླ་བྲང་གི་ཞབས་འབྲིང་། ལས་ཚན་མིན་པའི་ལས་བྱེད་ཀྱི་མིང་གནས། གྲངས། ཇ་མར་ཤ་རྩམ་ཐོག་ལོ་ཕོཌ་འབྲུ་ཁལ། སྤྱི་མཛོད་གཟིམ་འགག། གསོལ་ཐབ་པ། སྤྱི་མཛོད་ཀྱི་ཆིབས་དཔོན། བྱམས་ཁང་ལྷ་གཉེར་ངོ་ལས། སྤིས་སྒང་གྲགས་རྒྱམ་འཁྲུངས་ཁང་ལྷ་གཉེར། ཐང་ཐོག་དགོན་པའི་གཟིམ་ཁང་སྡེ་པ། གླིང་ཁ་སྡེ་པ། ནང་བཟན། དྲེལ་པ། གྲོ་འཐག་འགོ་པ། ཚལ་ཞིང་འགོ་པ། འཁོར་འགོ་པ། འཁོར་འཐེན། སྒོ་རག་པ། ཁྱི་བཀག ༤ ༨ ༡ ༤ ༡ ༡ ༡ ༡༧ ༧ ༡ ༡ ༤ ༤ ༢ ༢ ༢༥ ༡༨ ༡༥ ༡༥? ? ? ༢༥? ༢༥ ༡༨ ༡༥ ༡༢ ༡༥ ༡༢ ༡༥ ༡༥ ལས་ཡོད་སྐབས་བསྟུན་ཟླ་གསུམ་ཕོགས་དང་ཇ་མར་ཤ་རྩམ་འཕར་སྤྲོད་ཐོག་ཁྲལ་ཆག་ཡོད་རིགས། དྲུང་དཀྱུས། ཇི་སང། ཕྱག་ནང། གཞུང་ནང། ༡༠ ༤? ༨ ༨ ༥,༡༥ ༥,༡༥ ༥,༡༥ ༥,༡༥ བྱམས་ཞུར། གར་དཔོན། གར་ཕྲུག ༡ ༧ ༡༦ ? ? ? བཅས་མི་གྲངས་ཡོངས་རྗོགས་བསྡོམས་༤༢+༤༣+༦༩ -༡༦༩ ༧མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྐྱབས་མགོན་སྐུ་ཕྲེང་བཞི་པ་བླ་མ་བློ་བཟང་རྣམ་རྒྱལ་ལ་གནང་བའི་བཀའ་གཏན། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་ཕྱག་ན་པདྨ་ཏཱ་ལའི་བླ་མ་བརྫ་ངྷ་རར་ཆོས་སྲིད་གདུགས་དཀར་པོའི་ཡུ་བ་སུག་པར་གཏད་ཅིང་ལུགས་ཟུང་གི་བྱེད་པོར་དབང་བསྐུར། དྲི་མེད་རྒྱལ་བའི་བཀའ་དང་ཨོ་རྒྱན་སངས་རྒྱས་གཉིས་པའི་ཟབ་གཏེར་དུ་མ་ལས་ཆོས་ཀྱི་རྒྱལ་པོ་ཆེན་པོར་ལན་གཅིག་མ་ཡིན་པར་ལུང་གིས་ཟིན་པ། འཇམ་དབྱངས་མིའི་ཟོལ་ཅན་གོང་མ་ཧོང་དེའི་ལུང་གིས་རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཆོས་སྲིད་འཛིན་ཅིང་ནུབ་ཕྱོགས་རྒྱལ་བསྟན་དར་རྒྱས་སུ་སྐྱོང་བ་ཞེས་གནམ་དང་སའི་ཁྱོན་ལ་སྟོབསཤུགས་གསེར་གྱི་འཁོར་ལོ་བསྒྱུར་བ་བུངྔྷ་ཨ་པྟིར་འབོད་པའི་གཏམ། ངོ་མཚར་རྨད་དུ་བྱུང་བ་རྫོགས་པའི་སངས་རྒྱས་སྟོང་དང་རྩ་ལྔའི་སྨོན་ལམ་ཡེ་ཤེས་རྒྱ་མཚོས་སྦྱངས་པའི་ཞིང་ཁམས་འབྱམས་སུ་ཀླས་པ་ནས་སྟོང་གསུམ་མི་མཇེད་ཀྱི་ནང་ཚན། རི་རབ་ཀྱི་ལྷ་ཕྱོགས་གདེངས་ཅན་དབང་པོ་མ་དྲོས་པའི་མཚོ་འགྲམ་བྲྀཀྴའི་ལྗོན་པའི་གྲིབ་བསིལ་དང་ལྡན་ཅིང་། ལས་ཀྱི་ས་དུམ་བུ་བཅུ་གཉིས་ཀྱི་ཁྱོན་ལ་སྤྱོད་པའི་སྐྱེ་དགུ་བསོད་ནམས་ཀྱི་སྐལ་བས་རྣམ་པར་ཕྱེ་བའི་མཆོག་དམན་སྤྱི་དང་། བྱེ་བྲག་རྗེ་བཙུན་གྲུ་འཛིན་བདག་པོའི་ཐུགས་རྗེའི་ཕྱག་རྒྱས་བཏང་མི་བྲ་བ་སཱ་ལའི་སྨན་ལྗོངས་ཁོར་ཡུག་ར་བ་དཀར་པོས་བྲེས་ཤིང་ནོར་འཛིན་དབང་མོ་འདོད་དགུ་བྱེ་བའི་མངལ་ཁུར་གྱིས་ལྕི་བ་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག། །མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་སོགས་ཡངས་པའི་ས་ཆེན་པོ་ལ་འཁོད་པའི་རྒྱལ་པོ། རྒྱལ་ཕྲན། བླ་མ་སློབ་དཔོན། དབང་བློན། དམག་དཔོན། རྫོང་གཉེར་ལས་འཛིན། དགུ་གཞུང་ཚོང་དཔོན། གསེར་ཡིག་པ་སོགས་མདོར་ན་འཕྲིན་ལས་བཞིའི་ལས་ལ་དབང་བའི་སྣེ་མོ་བ་དང་། རྒན་མི་དམངས་ཏེ་སྤྱི་བོ་གནམ་བསྟན་གྱི་འགྲོ་བ་ཡོད་དོ་ཅོག་ལ་སྤྲིངས་པ། བྲག་གཡབ་སྐུ་སྐྱེའི་མ་དགོན་བཀྲ་ཤིས་ཆོས་རྫོང་བུ་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་སོགས་ཀྱི་ཆོས་གཞིས་སུ་གཏོགས་པའི་བསུ་ཤོད། གཞུང་ཤོད། འོ་འབངས་ཉག་རེ་སྡེ་གསུམ། ཝ་པ། འདབ་མདོ། སྡོམ་འབི། སྤག་རེ། ཚ་ལ་ཕུ་མདའ། སྔས་སྤོ་མགོ། ཁྲེས་ཤོག་དྲུག །སྐྱོ་ཡུར་ཁྲི་གསུམ། ཆུ་ཉིན་སྲིབ། སྨད་ཤིས་ཚོ་དྲུག་སྔས་པ། རབ་སྐོར་སོགས་ཀྱི་ཁོངས་སུ་ཡོད་པའི་དགོན་སྡེ་སྐྱ་སེར་སྤྱི་དང་ཡུལ་འབྲོག་གིས་མཚོན་པའི་ས་རིགས་ཀླུང་གི་རྩ་ཆུ་ཤིང་གསུམ་སོགས་འདི་ལོའི་ཁྲ་དོན་དང་། ད་ལྟ་ཕན་གྱི་བདག་ཐོག་གང་ཡོད་ལ་གཞན་གྱིས་སྙོན་ཧམ་ཟ་འདོད་ལ་སྙད་པའི་འཐེན་ཁྱེར་རྩོད་སློང་སོགས་གསར་དུ་བསྒྱུར་བཀོད་ཀྱི་རིགས་གཏན་ནས་བྱས་མི་ཆོག་པ་དང་ཁྱད་པར་རང་སྡེ་ནང་ཁུལ་གྱིའང་བྲ་ཡག་སྐུ་སྐྱེ་སྐྱེ་འཕྲེང་རིམ་བྱོན་གྱི་ཅི་གསུངས་ཚུལ་བཞིན་སྒྲུབ་པ་ལས་ཁ་མགོ་ཕྱིར་ལྟ་འབངས་གྱེན་ཟློག་སོགས་ཀྱི་རིགས་གཏན་ནས་མི་བྱེད་ཅིང་དཔོན་གཡོག་གི་གོ་བབ་གཡོ་མེད་དགོས་པ་རྗེ་གོང་མ་ན་རིམ་དང་༸མཆོད་ཡོན་གྱི་བཀའ་ཤོག་གཏན་ཚིགས་ཇི་སྙེད་ཕེབས་འདུག་པར་མ་ཟད་བྲ་ཡག་སྤྲུལ་སྐུ་སྐྱེ་བ་ན་རིམ་གྱིས་གཞུང་བསྟན་དོན་ལ་ རྒྱར་ཁུར་བསམ་ཆེ་ངོས་གང་སྤྱི་ནས་གུས་ཞབས་ཆེ་ཞིང་༸ཡས་ཕྱིན་གྱི་ཞབས་འདེགས་སུ་འགྱུར་གཤིས་འདི་ནས་ཀྱང་གོང་དོན་ཚུལ་བཞིན་སྒྲུབ་དགོས་ཀྱི་ཐམ་ཁ་སྦྱིན་པ་ཡིན་པས་ཁྱོད་གོང་འཁོད་རྣམས་ཀྱིས་ཟོས་མི་བདེ་བའི་འཐེན་ཁྱེར་གནོད་འགལ་ལོག་པར་འགྲོ་བའི་རིགས་གཏན་ནས་མ་བྱེད་པར་བདེ་བར་ཡི་གེ་འཛིན་ཆུག །ལྕགས་འབྲུག་ཟླ་ཚེད་དགེ་བར་སྡེ་བཞིའི་སྒོ་འཕར་གཅིག་ཆར་དུ་ཕྱེ་བའི་ཕོ་བྲང་ཆེན་པོ་ཆོས་འཁོར་དཔལ་གྱི་ལྷ་ས་ན་ས་རབ་བྱུང་༡༢ལྕགས་འབྲུག་ཕྱི་ལོ་༡༧༠༠བྲིས། ༸རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོས་སྐྱབས་མགོན་སྐུ་ཕྲེང་བཞི་པ་བླ་མ་བློ་བཟང་རྣམ་རྒྱལ་ལ་གནང་འི་བཀའ་གཏན། གོང་མ་ཧོང་དེའི་ལུང་གིས། ཟི་ཐེན། ཏ་ཞན། ཙི་ཙིའི་ཕོ། ཤོ་ཝུའི། ཐེན་ཞ །ཤི་ཀྱོའི། ཡི་ཐུང་། བི་ཞི། དེའི་ཆི་ཀྱང་གང་། དེའི་ཝི། ཤང་ཟི། ཙི་ཡིན། ཞེས་ནུབ་ཀྱི་ལྷ་གནས་ཆེས་དགེ་བ་བདེ་བར་གནས་པའི་སངས་རྒྱས་བཀའ་ལུང་གནམ་འོག་བསྟན་པ་གཅིག་གྱུར་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མར་དབང་བསྐུར་བ་དྲུག་པའི་གཏམ། སྒྲོན་མའི་བསྐལ་བ་རྣམས་ཀྱི་ནང་ནས་ལྷ་རྣམས་ཀྱིས་ཆེད་དུ་བསྔགས་པ་བཟང་པོའི་བསྐལ་པ་འདི་ལ་རྣམ་འདྲེན་སྟོང་དང་ལྔ་ཆད་མེད་དུ་མཆོག་གི་སྤྲུལ་པའི་སྐུར་བསྟན་ཅིང་། སྟོན་པར་འགྱུར་བའི་གནས་མ་ག་ངྷ་རྡོ་རྗེའི་གདན་བྱང་ཆུབ་ལྗོན་པའི་ཡལ་འདབ་ཀྱིས་དགེ་མཚན་རྣམ་པར་བཀྲ་བས་འགྱུར་མེད་ཀྱིས་ལྟེ་བ་བྱས་པའི་ཤར་དུ་འཇམ་དཔལ་དབྱངས་ཀྱི་གནས་རི་མོ་རྩེ་ལྔ། ལྷོ་ཕྱོགས་སུ་དམ་པ་དང་པོའི་སངས་རྒྱས་ཀྱིས་རྩ་རྒྱུད་གསུངས་པའི་གནས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན། ནུབ་ཕྱོགས་ན་གསང་སྔགས་ཐམས་ཅད་ཀྱི་འབྱུང་གནས་ཨོ་ཌི་ཡ་ནའི་གཙུག་ལག་ཁང་། བྱང་ཕྱོགས་སུ་ཆོས་རྒྱལ་རིགས་ལྡན་གྱི་བཞུགས་གནས་ཤམ་བྷ་ལའི་གྲོང་ཁྱེར་གྱིས་མངོན་པར་མཛེས་པ་སྟེ་ཛམ་བུ་བྲྀཀྴའི་ལྗོན་པས་མཚན་པའི་གླིང་ཆེན་པོའི་ཁུངས་སུ་གཏོགས་པའི་རྒྱ་གར་ཤར་ནུབ། ལྷོ་བྱང་། ནེ་པཱལ། ལི་ཡུལ། ཡ་རྩེ་སྟོད་སྨད། ཁྱད་པར་སྐོར་གསུམ། རུ་བཞི། སྒང་དྲུག་སོགས་དང་། བྱེ་བྲག་མདོ་ཁམས་སྟོད་སྨད་ཀྱི་སའི་ཆར་འཁོད་པའི་བླ་མ་སློབ་དཔོན། རྒྱལ་པོ་རྒྱལ་རིགས། དཔོན་ཆེན། དཔོན་སྐྱ། ཇའི་སང་། མི་བཟང་། ལྷ་སྡེ་མི་སྡེ། གསེར་ཡིག་པ། རྫོང་སྡོད་གཉེར་ལས་འཛིན། དམག་ཇག་གི་འགྲུལ་བ་ཆེ་ཆུང་། དགུ་གཞུང་གིས་གཙོས་བོད་སོག་གི་ཨེལ་ཆི་འགྲུལ་སོགས་མདོར་ན་བྱ་བ་ཞི་དྲག་གི་སྣེ་མོར་མངགས་སླེབས་འགྲོ་བ་མཆོག་དམན་མཐའ་དག་ལ་སྤྲིངས་པ། བྲག་གཡབ་སྐུ་སྐྱེའི་མ་དགོན་བཀྲ་ཤིས་ཆོས་རྫོང་། བུ་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་སོགས་ཀྱི་མཆོད་གཞིས་སུ་གཏོགས་པའི་སྲུ་ཤོད། གཞུང་ཤོད། ལ་དེབ་མདོ་གསུམ། འོ་འབང་། རྩིའུ་མངའ་རྒྱུད། ལྷ་སུམ་ཕུ་མདའ། ཨ་རྩུར། རྩེས་བཟང་། ཁུ་མདའ། སྨེར་ཤིས་ཚོ་དྲུག །འང་བདེ། ཚ་ལ་ཕུ་མདའ་དགྲ་འཇིས། སྔ་སྤས་འགོ །ཆུ་དབར་དགོན་གྱིས་གཙོས་ཁྲལ་ཤོག་དྲུག །སྐྱོ་ཡུག་ཁྲི་གསུམ། ག་བྲབས་སྐྱོང་གསུམ། ཆུ་ཉིན་སྲིབ། རྔད་པར་སྐོར་བཅས་ལ་གཏོགས་པའི་དགོན་སྡེ་ཆེ་ཕྲ་ཚང་མ་སེར་སྐྱ་སྤྱི་དང་། ཡུལ་འབྲོག་གིས་མཚན་པའི་ས་རིགས་རི་ཀླུང་གི་རྩྭ་ཆུ་ཤིང་གསུམ་སོགས་ད་ལྟ་ཕན་གྱི་བདག་ཐོག་གང་ཡོད་ལ། གཞན་གྱིས་བསྙོན་ཧམ་ཟ་འདོད་ལ་བསྙད་པའི་རྩོད་སློང་འཐེན་ཁྱེར་གྱི་རིགས་གཏན་ནས་བྱེད་མི་ཆོག་པ་དང་། ཁྱད་པར་རང་སྡེ་ནང་ཁུལ་གྱི་སེར་སྐྱ་སུས་ཀྱང་བྲག་གཡབ་སྐུ་སྐྱེ་དཔོན་སློབ་སྐྱེ་ཕྲེང་རིམ་བྱོན་གྱིས་ཅི་གསུངས་ཚུལ་བཞིན་བསྒྲུབ་པ་ལས་ཁ་མགོ་ཕྱིར་གཏད་འབངས་གྱེན་ལྡོག་སོགས་ཀྱི་རིགས་གཏན་ནས་མི་བྱེད་ཅིང་། དཔོན་གཡོག་གི་བབས་གཡོ་མེད་དགོས་པར། རྗེ་གོང་མ་ཆེན་པོའི་གཏན་ཚིགས་ན་རིམ་དང་། མཆོད་ཡོན་གོང་མ་ན་རིམ་ནས་སྡེ་པ་སངས་རྒྱས་རྒྱ་མཚོའི་བར་གྱི་གཏན་ཚིགས་དང་འབྲེལ་བའི་འབྲུ་དོན་གནས་བཞིན་ད་ལྟ་ཕན་སྙོན་མེད་ཅི་ཡིན་ལ་རྒྱབ་གནོན་བྱས་པ་ཡིན་པར་མ་ཟད། བྲག་གཡབ་སྐུ་སྐྱེ་རིམ་ཕེབས་ལ་གཞུང་ནས་བདག་རྐྱེན་བྱེད་འོས་ཆེ་གྲས་ཡིན་པས། ཁྱོད་གོང་འཁོད་རྣམས་ཀྱིས་ཕན་གྲོགས་སུ་གང་འགྲོ་ལས་ཟོས་མི་བདེར་འགྲོ་བའི་རྩོད་སློང་འཐེན་ཁྱེར་གྱི་རིགས་སོགས་གནོད་འགལ་ལོག་པར་འགྲོ་གཏན་ནས་མ་བྱེད་པར་ཇི་སྲིད་བསྟན་པ་རིན་པོ་ཆེ་ནམ་གནས་ཀྱི་བར་བདེ་བར་ཡི་གེ་འཛིན་ཆུག །ཚུལ་བཞིན་བསྒྲུབ་པ་རྣམས་ལ་གནས་སྐབས་སུ་བདེ་ལེགས་འབྱུང་ཞིང་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་ལ་རེག་པའི་ཏིང་ངེ་འཛིན་གྱི་འཇུག་པ་ལས་འདོར་མེད་བགྱིད་པ་ཡིན། ཞེས་གོ་བར་བྱ་བའི་ཡི་གེ་མ་ག་ངྷ་འཕགས་པའི་ཡུལ་དུ་བི་ཀྲ་མ་སྟོད་འགྲེལ་པ་རྣམས་རྣམ་གནོན། ཤར་ཕྱོགས་འཇམ་དབྱངས་གོང་མའི་ཁབ་ཏུ་གིང་ཤིན། ཞེས་དབང་ཐང་དང་མཐུན་པ་ལྕགས་ཕོ་འབྲུག་ལོ་ཧོར་ཟླ་བརྒྱད་པའི་གྲལ་ཚེས་དགེ་བར་ཕུན་ཚོགས་ལུགས་བརྒྱའི་མདུན་ས་དགའ་ལྡན་ཕོ་བྲང་ཕྱོགས་ཐམས་ཅད་རྣམ་པར་རྒྱལ་བའི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ནས་རབ་ཉི་ལྕགས་འབྲུག་སྟེ་ཕྱི་ལོ་༡༧༠༠ལོར་བྲིས། རྒྱལ་མཆོག་བདུན་པོ་ཆེན་པོ་བསྐལ་བཟང་རྒྱ་མཚོས་སྐྱབས་མགོན་སྐུ་ཕྲེང་བཞི་པ་བླ་མ་བཟང་རྣམ་རྒྱལ་ལ་གནང་བའི་བཀའ་གཏན། སྟོང་གསུམ་གྱི་སྟོང་ཆེན་པོའི་བཟོད་པས་རབ་ཏུ་བརྒྱན་པ་མཇེད་འཇིག་རྟེན་གྱི་ཁམས། ཕྱོགས་དང་ཕྱོགས་མཚམས་ཀྱི་གླིང་བྱེ་བ་ཕྲག་བརྒྱའི་དབུས། དམ་པའི་ཆོས་ཀྱི་སྣང་བས་ཁྱབ་ཅིང་འཛམ་གླིང་ཆེན་པོ་ལས་ཀྱི་སའི་བྱེ་བྲག་ཆུང་དུ་ཤར་ཕྱོགས་ན་རྗེ་བཙུན་བརྟན་པའི་འཁོར་ལོ་རྩིས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པའི་གནས་རྒྱ་ནག་རི་བོ་རྩེ་ལྔ། ལྷོར་གཉིས་མེད་དུས་འཁོར་རྩ་རྒྱུད་གསུངས་པའི་གནས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་ཡེ་ཤེས་སེེམས་དཔའ་མ་བསྡུས་པར་དངོས་སུ་བཞུགས་པ་དང་། རྒྱ་མཚོའི་གླིང་ན་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ངོ་མཚར་སྤྲུལ་པའི་གཞལ་མེད་ཁང་རི་བོ་གྲུ་འཛིན། ནུབ་ཕྱོགས་སུ་རྒྱུད་སྡེ་རིན་པོ་ཆེ་ཐམས་ཅད་ཀྱི་གནྔྷོ་ལ་མཁའ་འགྲོ་སྤྲིན་ལྟར་འདུ་བ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་ཕོ་བྲང་ཧེ་རུ་ཀ་རང་བྱུང་གི་གཙུག་ལག་ཁང་། བྱང་ཕྱོགས་ན་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དང་པོའི་སངས་རྒྱས་ཀྱི་སྨིན་གྲོལ་རྣམས་ཆོས་རྒྱལ་རིགས་ལྡན་རིམ་པར་བྱོན་ཏེ་སྐལ་ལྡན་རྣམས་ལ་རྗེས་སུ་འདོམས་པའི་གནས་ཤམྦྷ་ལ། དབུས་སུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཐུགས་སུ་ཆུད་པའི་གནས་མ་ག་ངྷ་རྡོ་རྗེ་གདན་ལ་སོགས་པ་དགེ་མཚན་དུ་མས་ཡོངས་སུ་མཛེས་ཤིང་ཛམ་བུ་བྲྀཀྴས་མངོན་པར་མཚན་པའི་གླིང་འདིར་འཁོད་པའི་སྐྱེ་རྒུ་གནས་པ་རྩ། གཡོ་བ་རླུང་། བཀོད་པ་སེམས་ཀྱི་རྟེན་ཅིང་འབྲེལ་བ་ལས་བྱུང་བའི་སྐད་རིགས། འཚོ་བ། ཀུན་ཏུ་སྤྱོད་པ་སོགས་མཐའ་ཡས་ཤིང་། ལེགས་པར་བྱས་པའི་སྐལ་བས་རྣམ་པར་ཕྱེ་བའི་མཆོག་དམན་བར་པ་སྤྱི་དང་། དབང་ཕྱོགས་རྒྱ་ནག་དང་། ཁྲི་བརྟན། གཤིན་རྗེར་འཕགས་ཡུལ་དང་ཁ་ཆེ། ཆུ་ལྷར་སྟག་སྡེ་དང་གཟིག་ཕན། གནོད་སྦྱིན་དུ་ཁྲོམ་དང་གེ་སར་ཏེ་བསྐོས་པའི་རྒྱལ་པོ་སྡེ་བཞི། འཕགས་མཆོག་ཕྱག་ན་པདྨོའི་རིག་སྔགས་ཀྱི་མཐུ་ལ་བརྟེན་ནས་བསོད་ནམས་དང་ཡེ་ཤེས་ཀྱི་མེ་ཏོག་ཁྱད་པར་ཅན་སྐྱེ་བའི་ཞིང་སཱ་ལའི་སྨན་ལྗོངས་སམ་འཁོར་ཡུག་ར་བ་དཀར་པོས་ཡོངས་སུ་བྲེས་པའི་རབ་ཡངས་ནོར་འཛིན་གྱི་དཔལ་མོ་འདོད་དགུ་བྱེ་བའི་ལྕིདཀྱི་མངལ་ཁུར་དང་ལྡན་པ་འདིའི་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག །དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མགོ་ནག་མིའི་ཆོལ་ཁ། མདོ་སྨད་དུ་འགྲོའི་རྟའི་ཆོལ་ཁ་སྟེ་ཆོལ་ཁ་ཆེན་པོ་གསུམ་གྱི་ཆར་འཁོད་པའི་ཁམས་ཀྱི་རྒྱལ་ཕྲན། རྒྱལ་རིགས་བླ་མ་སློབ་དཔོན། སྣ་ཆེན་པོ་ལ་གཏོགས་པ། བློན་པོ། མདུན་ན་འདོན། དབང་བློན། དམག་དཔོན། ཁྱབ་བདག །འཕྲིན་བློན། ཁྲོམ་གྱི་རུ་སོགས་འཕྲིན་ལས་རྣམ་བཞིའི་སྣ་ལ་དབང་བ། ལྷ་སྡེ། མི་སྡེ། རྫོང་སྡོད། གཉེར་ལས་འཛིན་སོགས་བསྟན་དོན་ཞི་དྲག་དང་རྗེས་སུ་འབྲེལ་བའི་སྣེ་སླེབས་སྤྱིར་བཏང་དམིགས་བསལ། ཞྭ་སེར་ཅོད་པན་འཆང་བའི་བསྟན་པ་རིན་པོ་ཆེ་བླ་ནས་བླར་འདེགས་པ་ལ་བརྩོན་ཞིང་སྙིང་སྟོབས་ཀྱིས་ཕས་རྒོལ་རྣམ་པར་གནོན་པར་མཆོག་ཏུ་དཔའ་བ་སོག་པོ་ཚོ་ཚོན་བཞི་བཅུ། རྒྱ་ནག་ཞིང་ཆེན་བཅུ་གསུམ། ཨོ་རོད་ཚོ་པ་བཞི། ཁལ་ཁ་ཚོ་པ་བདུན། ཚོ་པ་བཞི་བཅུ་ཞེ་དགུ། མཚོ་ཁྲི་ཤོར་རྒྱལ་མོའམ་ཁམས་ཀྱི་གཡར་མོ་ཐང་དུ་གནས་པའི་རྒྱལ་པོ། རྒྱལ་རིགས། ཇུ་ནང་། ཐའི་ཇི། དཔོན་ཆེ་ཆུང་། ཐུ་བུ་ནང་། ཇའི་སང་། མི་བཟང་། བསྟན་དོན་ལ་བསྐོས་པའི་བླ་མ་སེར་མོ་བ། དེ་དག་གིས་ཇི་ལྟར་བསྒོ་བའི་ལས་ལ་འཇུག་པའི་སྣེ་མོ་བ། ཨེལ་ཆི་མི་སྣ། རྒྱ་དབུས་བར་ལྷོ་བྱང་གི་གསེར་ཡིག་པ་དང་། དོན་མཐུན་པའི་འགྲིམ་འགྲུལ་ཁྱད་པར་བྲ་ཡག་བཀྲ་ཤིས་ཆོས་རྫོང་ནས་བཟུང་དར་རྩེ་མདོ་ཕྱིན་གྱི་ས་ལམ་དུ་འཁོད་པའི་སྐྱེ་རྒུ་སྤྱི་དང་། བྱེ་བྲག་འབའ། ལི་ཐང་། དགུ་གཞུང་ཚོང་དཔོན། དམག་ཇག་འགྲིམ་འགྲུལ། གཞུང་སྒེར་ཆོས་གཞིས། བོད་འབྲོག་གི་གཙོ་རྒན་མི་དམངས་སོགས་མདོར་ན་སྤྱི་བོ་གནམ་བསྟན་གྱི་འགྲོ་བ་མཐའ་དག་ལ་སྤྲིངས་པ། བྲག་ཡག་སྡེ་དགོན་གྱི་ཚོང་པ་རིང་ཐུང་རྣམས་ལ་ཇ་ལའི་ཁྲལ། སྒ་ཁྲལ། རྟ་འུལ། འུ་ལག། །འབའ་ཉག་གྲུ་ཁྲལ་སོགས་མཁའ་འགྲོའི་དུས་ནས་ཆག་བཞིན་མུས་ཧོང་ཐའི་ཇི། ༸གོང་ས་ལྔ་པ་ཆེན་པོ། སྡེ་སྲེད་བཅས་ཀྱི་བཀའ་ཤོག་དམར་ནག་གི་ཆག་བཞིན་ཡིན་འདུག་པར་མ་ཟད་གཞུང་ནས་བདག་རྐྱེན་དགོས་གྲས་བཅས་སྔར་རྒྱུན་གང་ཡོད་ལས་ཁྲལ་རིགས་གསར་འགེལ་སོགས་བྱ་རྒྱུ་མིན་པའི་རྒྱབ་བསྣོན་གྱི་ཐམ་ཀ་བྱིན་ཡོད་པས། ཁྱོད་གོང་འཁོད་སུས་ཀྱང་སྙད་རྩེར་ཟ་འདོད་ཟོས་མི་བདེར་འགྲོ་བ་མ་བྱེད་པར་བདེ་བར་འགྲིམ་ཆུག །ཚུལ་བཞིན་བསྒྲུབས་པ་རྣམས་ལ་འདི་སྣང་བདེ་སྐྱིད་དང་ལྡན་ཞིང་མཐར་ཐུག་རྣམ་མཁྱེན་གྱི་གོ་འཕངས་མཆོག་ལ་མི་རིང་བར་བགྲོད་པའི་ཏིང་ངེ་འཛིན་གྱི་འཇུག་པ་ཡིད་ལ་འགྲོགས་པ་ཡིན། ཞེས་གོ་བྱ་བའི་ཡི་གེ་ལེགས་སྦྱར་སྐད་དུ་བྷཱ་ནུ་དང་། ཤར་ཕྱོགས་རྒྱ་ནག་གོང་མའི་ཁབ་ཏུ་གིན་ཝུའི་ཞེས་པ། སྟོད་འགྲེལ་བ་ནི་མ་འབོད་པ། སཱ་ལའི་སྨན་ལྗོངས་འདིར་དབང་ཐང་དང་བསྟུན་ལྕགས་མོ་ལུག་ཏུ་གྲགས་པའི་ལོ་སྨིན་དྲུག་ཟླ་བའི་གྲལ་ཚེས་དགེ་བར་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་གཞལ་མེད་ཁང་ནས་རབ་བྱུང་བཅུ་གསུམ་ལྕགས་ལུག་སྟེ་ཕྱི་ལོ་༡༧༥༡ལོར་བྲིས། སྐྱབས་མགོན་གོང་མ་བརྒྱད་པ་ཆེན་པོས་གདོང་ཀོམ་སྤྲུལ་སྐུ་ཆེ་ཆུང་ལ་གནང་བའི་བཀའ་གཏན། ཞྭ་སེར་བསྟན་པ་བཤད་སྒྲུབ་ཀྱི་སྒོ་ནས་ཆེས་ཆེར་རྒྱས་པར་བྱེད་པ་ཧོ་ཐོག་ཐུ་ནོ་མོན་ཧན་ཞེས་བསྔགས་པ་འཕགས་པ་ཆོས་ཀྱི་རྒྱལ་པོར་ཡོངས་སུ་གྲགས་པ་བརྒྱད་པའི་གཏམ། ངོ་མཚར་ཛམྦུའི་སྒྲས་མཚན་པའི་གླིང་གི་མཆོག་གྱུར་འདི་ཉིད་ཀྱི་ཁོངས་སུ་གངས་རིའི་ཕྲེང་བས་ཕྱོགས་ཀུན་ནས་རྭ་བ་ལྟར་བསྐོར་བའི་གངས་ཅན་པ་ཞེས་པའི་ནང་ཚན་བོད་ཆེན་མདོ་ཁམས་སྒང་དྲུག་གི་ཆར་གཏོགས་སྐྱེ་རྒུ་སྤྱི་དང་། ཁྱད་པར་བྲག་གཡབ། ཆབ་མདོའི་ཆར་འཁོད་པའི་ཕྱག་མཛོད། ཕྱི་ནང་ལས་བྱེད། རྫོང་དཔོན། ཆོས་རྗེ། སྒེར་ཁག །ལྷ་སྡེ། མངག་གཞུག་སྟེ་སླེབས་སོགས་བྱ་བ་ཞི་དྲག་ལ་དབང་བའི་སེར་སྐྱ་མཆོག་དམན་ཡོངས་ལ་བཟློ་བ། རྒྱ་གར་འཕགས་པའི་ཡུལ་དང་། བོད་ལྗོངས་ཆོས་ཀྱི་ཞིང་སར་རྩ་འདབ་འཁོར་ལོའི་ཚུལ་དུ་གནས་ཆེན་གནས་ཕྲན་ཇི་སྙེད་ཅིག་བཞུགས་པ་ལས། གདོང་ཀོམ་ཞེས་པ་གནས་སོ་གཉིས་ཀྱི་ཁོངས་ནས་ས་སྤྱོད་གསུང་གི་འཁོར་ལོ་ཀཤྩའི་གནས་མ་ཧཱ་ཤྭ་ར་སྟེ་དབང་ཕྱུག་ཆེན་པོ་ཞེས་འཇིགས་བྱེད་ཆེན་པོའི་གནས་དང་རིའི་བཀོད་པའང་བདེ་མཆོག་དང་། མཁའ་སྤྱོད་མའི་རྣམ་པར་གསལ་བ་གཟིགས་ཤིང་། བསྟན་འགྲོའི་དོན་ཡང་རྩོལ་མེད་དུ་འབྱུང་བའི་དགོས་པ་ཆེར་མངོན་པས་གདོང་ཀོམ་སྤྲུལ་སྐུའི་སྐྱེ་ཕྲེང་དང་པོ་ཀུན་དགའ་རྒྱ་མཚོས་རི་ཁྲོད་བཏབ་ནས་བཟུང་། སྐྱེ་ཕྲེང་རིམ་བྱོན་ཐོས་བསམ་སྒོམ་པའི་ཡོན་ཏན་མངོན་དུ་གྱུར་པ་ཤ་སྟག་མ་ཟད་ལྷག་པར་རྗེ་ཕུན་ཚོགས་རྒྱ་མཚོས་བསྟན་འགྲོའི་དོན་ལ་རླབས་ཆེན་གྱི་མཛད་པ་རྒྱས་པས་གངས་ཅན་ཞིང་གི་སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་བདུན་པ་ཆེན་པོ་བསྐལ་བཟང་རྒྱ་མཚོས་བསྟན་འགྲོའི་དོན་ལ་དགོངས་པའི་བཀུར་འོས་ཀྱི་གནས་སུ་གཟིགས་ཏེ་དམ་པ་རྣམས་ལ་ཆོས་ཀྱི་སྐྱེས་བཟང་ཕུལ་བའི་བདག་རྐྱེན་དུ་རི་ཁྲོད་འཛིན་དབང་ཕུ་འབྲོག་མདའ་གཞིས། ཙྭ་ཡུལ་མཚེར་མལ། གཏེ་འབབ་བསྡུ་རྒྱ། དད་འབུལ་སོགས་ཇི་ཡོད་ལ་རྩོད་འཐེན་བསྒྱུར་བཀོད་མེད་པའི་འཇག་གནས་དང་། ག་དཀར་སྡོམ་མཚོན་པའི་ཁྲལ་རིགས་གཏན་ནས་མི་འཁྲི་བའི་བཀའ་གཏན་བཙན་དམིགས་བསྩལ་པ་འདུག་ཅིང་། དེའི་སྐྱེ་སྲིད་བཞི་པ་མཆོག་སྤྲུལ་ངག་དབང་དམ་ཆོས་རྒྱ་མཚོ་སྐྱེས་སྟོབས་ཀྱི་ཡོན་ཏན་འགྲན་ཟླ་བྲལ་ཞིང་འཇམ་མགོན་༸རྒྱལ་བ་གཉིས་པའི་བསྟན་པ་ལ་འཆད་གོང་མ་དང་། ངོས་བཅས་ཀྱིས་མནོག་ཆོས་མང་པོ་ཞུས་པའི་བླ་མ་དང་། སྲིད་ཀྱི་སྒོ་ནས་དཔེར་འོས་སྨོན་གནས་སུ་གྱུར་པའི་སྤྱི་ཁྱབ་དར་ཧན་གྱི་གོ་སར་བཞུགས་རིང་རྗེ་འབོངས་བདེ་དགས་འཚོ་བའི་མཛད་པ་བཟང་བ་དང་། དབོན་གུར་མགོན་སྲུང་གི་སྤྲུལ་ཅིང་བཤད་སྒྲུབ་སྡེའང་འཕེལ་རྒྱས་ཐོག་༸རྗེ་དྲུག་པའི་དགོངས་མཐུན་མགྲོན་གཉེར་གྱི་ལས་ཁུར་དང་འབྲེལ་གོར་བོད་བདེ་གཟར་སྐབས་ཞབས་ཞུས་ཟལ་ཐོན་བྱུང་བ་མ་ཟད། ལོག་སྨོན་ཅན་ལྕགས་མདུད་ཉག་སྐེད་ཀྱི་རྒོལ་བ་ངན་པ་༸གཞུང་ས་རྒྱལ་ཁབ་ནས་དྲུག་པོའི་དཔུང་གིས་ཚར་བཅད་སྐབས་ཀྱང་བྲག་གཡབ་དམག་གི་མགོ་རྗི་ཕེབས་པར་ཞི་དྲག་ལས་སྒོ་གང་ཐད་༸མི་རྗེ་ས་དབང་ཕུ་ལུང་པ་སོགས་དགོངས་དྭངས་བྱུང་ཞིང་། དེ་རྗེས་བྲག་གཡབ་སྤྱི་ཁྱབ་ཀྱི་ལས་དོན་བསྐྱངས་པ་སོགས་སྐུ་ཚེ་རིལ་པོར་བླ་བྲང་འདི་ཉིད་ལ་ཞབས་ཞུས་བསྒྲུབས་པ་དང་། ད་ལྟའང་སྤྲུལ་སྐུ་ངག་དབང་བསོད་ནམས་རྒྱལ་མཚན་དང་ལུགས་གཉིས་ཀྱི་སྒོ་ནས་འབྲེལ་ཟབ་ཁར་༌༸རྗེ་གོང་མའི་སྐུ་མཆེད་གྱུར་པ་བཅས་གདོང་ཀོམ་ནས་རྒྱལ་མཆོག་བདུན་པ་ཆེན་པོ་མཆོག་ནས་སྩལ་བའི་ཤེ་བམ་དང་། ༸རྗེ་གོང་མ་གདན་རབས་དྲུག་བདུན་གཉིས་ཀྱི་བཀའ་གཏན་རྙིང་སྐྱོན་ཆེ་གྱུས་པས་ཁག་མང་གཅིག་འདུས་ཚིག་གསལ་ཅན་ཞིག་ཞུ་ནན་ལ་མ་བལྟོས་གདོང་ཀོམ་སྤྲུལ་སྐུ་གཉིས་དང་། འདི་གའི་སྐུ་ཕྲེང་ལུགས་གཉིས་འབྲེལ་ཟབ་ཆེ་གཤིས་གཟིགས་པས་སྐྱོང་འོས་དངོས་འབྲེལ་ལ་བརྟེན། ༸གོང་ས་ལྷ་མའི་འདྲེན་མཆོག་༸རྒྱལ་དབང་རིན་པོ་ཆེ་བསྐལ་བཟང་རྒྱ་མཚོ་དང་། སྲིད་སྐྱོང་༸མི་དབང་ཕོ་ལྷ་བ་མཆོད་ཡོན་གྱི་བཀའ་གཏམ་ཤེ་བམ་དང་། དེ་འབྲེལ་༸རྗེ་གོང་མ་རྣམ་གཉིས་ཀྱི་བཀའ་གཞིར་བཟུང་གིས་གདོང་ཀོམ་གྱི་འཛིན་དབང་དགོན་ལེ་ལོགྲ །ཟླ་རྫོང་། རྣམ་དཀར་གཏོང་ཐེབས། གཏེ་འབབ། སྔོན་ཡོད་དང་གསར་བྱུང་གི་དད་འབུལ་དང་། ཉོན་པ་བཅས་ཀྱི་ཞིང་ཁ། བྲི་ཤྲི། ག་ཟི། ཆུ་སྲིབ་ལ་མདུན་རྒྱབ། དཀྱི(ལ་)དམ་ཕྱོགས། མདའ་སྟག་མདོ་གསུམ་བཅས་སུ་གང་ཡོད། དཀར་མེའི་རྟེན་ཤེ་མ་འབྲོག་དུད་གང་ཡོད། དེའི་ཁ་རྩྭ་ཟ་ཡལ་ཁེ་རྒྱང་འོལ་ཕད་མན་དང་། སྐྱོ་ཆེ་ཆུང་། འུར་སྒྲོ་ལུང་མན་ཆོད། ལྷག་ཚང་ཕུ་མདའི་ས་རྩྭ། སོག་ཞིང་བཅས་དང་། སྡོམ་གཞུང་བཀྲ་ཤིས་དར་ཐང་གི་ས་ཁྲ་ཟུར་གསལ་བཞིན། ཚོགས་བསྡུས་དང་ནང་མཐུན་གན་དོན་དབེས་ཚང་ཁུག་གི་ས་ཚབ་གོང་སྔོན་ས་ཁྲ་ནང་ལྟར་དང་། བྲ་ཤྲི་སྡེ་དགོན་ཐུན་མོང་གིས་རྩྭ་ཟླ་ཆུ་ཕ་རིར་དབག་ནག་སྒང་རྒྱུད་ཚུན་དང་འདི་ཟིའི་ཡན། རྩད་ལུའི་སྒང་རྒྱུད་ནས་ཐད་དྲངས་པའི་སྣེབ་ཤམ་མན་དབང་རིས་འཛིན་བདག་གང་ཡོད་ལ་གཞན་གྱིས་རྩྭ་དགྲ་མི་ཆོག་པ་དང་། སྔོ་དུད་ཡོད་རིགས་ཁྲལ་ཁུངས་འཇུག་པ་སོགས་བྱེད་འཐུས་མེད་པས་ཇི་སྲིད་༸རྒྱལ་བསྟན་རིན་པོ་ཆེ་ནམ་གནས་ཀྱི་བར་དུ་སྦྱོར་འཇགས་བྱས་པར། གོང་འཁོད་མཆོག་དམན་ཚང་མས་དེ་སྲིད་དུ་རྩོད་གླིང་འཐེན་མཁྱེར་མེད་པར་བརྩི་འཇོག་སོར་གནས་རྒྱུན་འཁྱོངས་དགོས་རྒྱུ་དང་། སྤྲུལ་སྐུ་རྣམ་གཉིས་དང་བྲན་འཁོར་བཅས་གར་བསྐྱོད་ཕྱོགས་དེའི་དཔོན་འབངས་ཡོངས་ནས་དད་འདུན་མ་ལོག་པའི་ས་བབས་མཐུན་རྐྱེན་གྲོགས་དན་གང་གཟབ་ཞུ་དགོས་བཅས་རྙིང་པའི་རི་མོར་གསེར་གསོས་ཀྱི་གཏན་ཚིགས་ཡི་གེ་གཙང་བཙན་བྱིན་པ་ཡིན་པས་འདི་དོན་ཚུལ་བཞིན་སྒྲུབ་པ་རྣམས་ལ་འཕྲལ་དང་ཡུན་དུ་ཕན་བདེ་བླ་ན་མེད་པ་འབྱུང་བའི་ཏིང་ངེ་འཛིན་གྱི་འཇུག་པ་མི་གཡེལ་ཞིང་། ཚུལ་མིན་ལོག་པར་བལྟ་བའི་མི་སྲུན་པ་དག་གིས་དངོས་བརྒྱུད་ནས་འགལ་ཆར་འགྲོ་བ་བྱས་ཚེ་འདས་པ་དང་། མ་འདས་པའི་བསྟན་སྲུང་ཆེན་པོ་རྣམས་ལ་དམོད་བཅོལ་གཉེར་གཏད་བྱས་དོན་ལྟར་བཀའ་ཆད་དྲག་པོས་མནར་བ་གདོན་མི་ཟ་ཞིང་། རྒྱལ་ཁྲིམས་ཀྱི་རྩ་འཛིན་ཡང་ཡོང་ངེས་ལ་ཁེ་ཉེན་འདེམས་ཁ་མ་ལོག་པའི་སྤངས་བླང་རྒྱུན་འཁྱོངས་སུ་སྤྱོད་པར་གྱིས། ཞེས་གོ་བར་བྱ་བའི་ཡི་གེ་རབ་བྱུང་བཅོ་ལྔ་བའི་ནང་ཚན་ཆུ་མོ་འཁོར་ལོའི་སྣ་ལྡན་གྱི་ལོ། ནག་པ་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོ་གཉིས་པའི་གྲལ་ཚེས་ལ་ཆོས་སྡེ་ཆེན་པོ་བཀྲ་ཤིས་གཡང་འཁྱིལ་གྱི་འདབ་རོལ་གྱི་འདབ་རོལ་ཐེག་ཆེན་དགའ་ཚལ་ནས་ཕྱི་ལོ་༡༩༢༣ལོར་བྲིས། ཚེད་རྩོམ་འདུ་བྱེད་པ་པོ་ནི་བྲག་གཡབ་སྐྱབས་མགོན་དགུ་པའི་མིང་ཅན་བློ་ལྡན་ཤེས་རབ་ཀྱིས་རྫར་མེ་ནི་ནས་༡༩༨༩ཟླ་༨ཚེས་༢༢ལ་བྲིས།
·གསར་འགྱུར་གོང་མ:ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ།
·གསར་འགྱུར་འོག་མ:བི་ཀྲ་མ་ཤཱི་ལ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
·ཐར་ལོ་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་རྩེ་གྲའི་འོས་མིང་ཐོབ་པ། 2015/10/25 20:04:28
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།37.11MS