འདི་ཕྱི་གཉིས་ཕུང་གི་ཐ་མག་དང་སྣ་དུད་སྤོངས་བར་བསྐུལ་བ།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། འཛམ་གླིང་ཡོངས་སུ་ལོ་རེར་མི་ས་ཡ་ལྔ་ཙམ་ཐ་མག་གི་རྐྱེན་གྱིས་འཆི་བཞིན་ཡོད་པས་དེ་སྔོན་མིའི་ཚེ་སྲོག་འཕྲོག་མཁན་ཨང་གཉིས་པར་གྱུར་ཡོད་པ་ཤེས་རྟོགས་བྱུང་ཡོད། ཐ་མག་འཐེན་མཁན་གྱི་མི་དེའི་ཚེ་ནི་ཐ་མག་མི་འཐུང་བའི་མི་དཀྱུས་མ་ཞིག་ལས་ཚེ་ཐུང་སྟེ། དཔེར་ན་ཐ་མག་རྐང་གཅིག་འཐེན་ན་ཚེ་སྲོག་དུས་ཚོད་སྐར་མ་བཅུ་གཅིག་གི་ཐུང་དུ་འགྲོ་བར་གསུངས་འདུག དེའི་རྒྱུ་མཚན་ནི་ཐ་མག་ནང་དུ་ནི་ཁོ་ཏིང་ (nicotine 尼古丁) སོགས་དུག་རིགས་སྟོང་ཕྲག་ལྷག་ཡོད་ལ། དེ་ནང་ངན་འབྲས་(癌症)སྐྱེད་པའི་དུག་རིགས་ཀྱང་ཉི་ཤུ་ལྷག་ཡོད་པས་ངན་འབྲས་ཀྱི་བརྒྱ་ཆའི་སུམ་ཅུ་ 30% ཡི་འབྱུང་རྐྱེན་གཙོ་བོར་གྱུར། དེ་བཞིན་དབང་རྩ་དང་། ཁྲག་རྩ་སྲ་རེངས་སུ་གྱུར་པའི་སྙིང་ནད། གློ་གཅོང་། ཕོ་བའི་ནད། མིད་པའི་སྐྲན་ནད། ཀླད་པའི་གྲིབ་ནད་སོགས་ནད་མང་པོ་སྐྱེད་ཅིང་། ཁྲག་ཤུགས་མཐོ་བ་དང་གློ་བའི་ངན་འབྲས་ཐེབས་མཁན་གྱི་ཤི་ཚད་ལྡབ་ 10.8 ཀྱིས་མང་། བུད་མེད་སྦྲུམ་མའི་ཁོང་དུ་རང་གིས་ལྟ་ཅི་གཞན་གྱི་འཐེན་པའི་དུ་བ་སོང་ན། བྱིས་པ་མངལ་ནས་ཤི་བ་དང་། བཙའ་མ་རན་གོང་བཙའ་བ་དང་། ཤེས་པ་གླེན་པ། ལུས་བོངས་མ་སྨིན་པ་སོགས་སྐྱོན་མང་པོ་འབྱུང་བར་གསུངས་འདུག
དེ་བཞིན་དམ་པའི་ཆོས་ཀྱི་སྐོར་ནས་གླེང་ན་ཡང་ཐ་མག་ཁ་དང་སྣ་དུད་ནི་འདི་ཕྱི་གཉིས་ཕུང་ཞིག་ཏུ་གསུངས་འདུག་སྟེ།
འདུལ་བ་འོད་ལྡན་ལས། དུས་ངན་ཐ་མའི་དུ་རུ་ཁ། །
དུ་བ་རོ་ཚ་འབྱུང་བ་ལ། །
ཁ་སྣས་མྱོང་བའི་སྡིག་ཅན་རྣམས། །
ཚེ་འདིར་དབུལ་ཕོངས་པྲེ་ཏ་ལྟར། །
ཕྱི་མ་དམྱལ་བ་འོ་འདོད་འབོད། །
སྐལ་པ་གཅིག་ལ་ཐར་མི་སྲིད། །ཅེས་དང་།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། དུ་རུ་ཁ་ནི་སུས་བསྟེན་ན། །
ཉོན་མོངས་དུག་ལྔ་མེ་ལྟར་འབར། །
ཚེ་འདིར་མི་ཁ་ཁ་མཆུ་ལྡང་། །
ཤི་ནས་ངན་སོང་རྒྱུན་མར་འཁོར། །
མི་རུ་སྐྱེ་ཡང་སྨྱོ་པར་སྐྱེ། །ཞེས་དང་།
ཨོ་རྒྱན་རིན་པོ་ཆེས། །དུ་རུ་ཁ་ཡི་སྔོ་དེ་ཉིད་སྤྱོད་པའི་སྐྱེ་འགྲོ་རྣམས་ཚེ་འདིར་བཛྲ་གུ་རུ་འདྲེན་མི་ཆོག་ལ་ཕྱི་མ་ན་རག་དམྱལ་བར་སྐྱེ་བར་འགྱུར་གསུངས་ཏེ། སློབ་དཔོན་རིན་པོ་ཆེས་འབྲེལ་བ་བཅད་པར་གནང་བ་དང་། འཇམ་མགོན་ས་པཎ་མཆོག་གིས། མངལ་ཁྲག་དུག་གི་དྲི་མ་སྙིང་ལ་ཆགས། །
རང་གཞན་སྤེལ་ཐབས་བྱེད་པ་བདུད་ཀྱི་བུ། །
ཡིན་ཞེས་ལན་བརྒྱར་ལུང་གིས་ངེས་པ་བསྟེན། །
འབྲེལ་ཚད་ན་རག་གནས་སུ་གོར་མ་ཆག །ཅེས་དང་།
རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས།
སྨོན་ལམ་ལོག་པའི་རྫས་ངན་དེ། །
དངོས་སུ་སྤྱོད་ན་སྨོས་ཅི་དགོས། །
སྨན་ལ་དུད་པའི་སྡེབ་སྦྱོར་ན། །
སྐལ་པ་བདུན་དུ་ཐར་མི་འགྱུར། །ཅེས་དང་།
ཨ་བུ་རིན་པོ་ཆེས། དུ་བ་སེན་གང་ཙམ་ཞིག་འཐེན་འགྱུར་ན། །
མ་ཎི་དུང་ཕྱུར་བཏོན་ཡང་བཤགས་མི་ནུས། །
ཉེས་པ་ཐམས་ཅད་ཀུན་གྱི་རྩ་བ་ཡིན། །
ཁ་ལག་འབྲེལ་ཚད་ངན་སོང་གནས་སུ་སྐྱེ། །ཞེས་དང་།
ཨ་བུ་བླ་མ་བསྟན་འཛིན་དར་རྒྱས་མཆོག་གིས།
མི་རྟ་བཅོ་བརྒྱད་བསད་པ་ལས། །
ཁ་དུད་ལན་གཅིག་འཐེན་པ་དང་། །
སྣ་དུད་སེན་གང་འཐེན་པ་ཡི། །
ཉེས་དམིགས་དེ་ནི་དགུ་འགྱུར་རོ། །ཞེས་དང་།
རཏྣ་གླིང་པས། དཀྱིལ་འཁོར་མདུན་དུ་འདི་འཐེན་ན། །
ཡེ་ཤེས་ལྷ་ཡང་མི་བྱོན་ཅིང་། །
དམ་སྲི་ཉུལ་ལ་བདུད་བགེགས་རྣམས། །
ཤ་རུལ་སྦྲང་མ་བཞིན་དུ་འདུ། ། ཞེས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དང་དེ་བཞིན་ཡོངས་སུ་གྲགས་པའི་རྗེས་འཇུག་འཕགས་བོད་ཀྱི་སྐྱེས་ཆེན་ཡོད་དོ་ཅོག མ་ཟད་ཚན་རིག་བཅས་ཀྱི་མགྲིན་དབྱངས་གཅིག་ཏུ་ཉེས་པ་ཀུན་གྱི་འབྱུང་གནས་སུ་གསུངས་ན་བློ་དང་ལྡན་པའི་སྐྱེ་བོ་ཀུན་གྱིས་ཡི་གེ་འདི་ཉིད་གཟིགས་ཙམ་ཉིད་ནས་སྔར་ཆད་རྒྱབ་སྐྱུར་དང་ཕྱིན་ཆད་སྤངས་བླང་གི་གནས་ལ་བླང་དོར་ལེགས་པར་མཛད་རྒྱུའི་རེ་བ་སོར་བཅུ་ཐལ་མོ་སྙིང་ཁར་ཟུམ་ཏེ་གསོལ་བ་འདེབས་བཞིན་པ་ལགས། གལ་སྲིད་སྐུ་ཉིད་ཀྱི་འགྱོད་པ་དང་བཅས་ཉེས་པ་ངོ་ཤེས་ཏེ་ཕྱིན་ཆད་རྒྱབ་ཏུ་སྐྱུར་བར་དགོངས་ཚེ་ཁོ་བོར་འཕྲིན་ཕྲན་སོགས་གང་རུང་ནས་བརྡ་ཞིག་གནང་རོགས། གུས་པས་སྐུ་ཉིད་ཀྱི་མཚན་དེ་ཡ་ཆེན་ཆོས་སྒར་ཆེན་མོའི་དགེ་འདུན་པ་སྤྱི་དང་ལྷག་པར་སྤྲུལ་པའི་སྐུ་མཆོག་བླ་མ་ནམ་མཁའི་སྙིང་པོའི་སྐུ་དྲུང་དུ་ཉེས་པ་བཤགས་ཤིང་ཕྱིན་ཆད་བདེ་བའི་ཐུགས་སྨོན་གནང་ཆེད་དུ་འབུལ་ངེས་ཡིན།། །།
{འབྲེལ་བ་གནང་ཡུལ། དྲྭ་མིང་། ས་ལའི་རིགས་སྲས། དངོས་མིང་། ཨོ་རྒྱན་བཤད་སྒྲུབ། འཕྲིན་ཕྲན་འབྲེལ་ཡུལ། 13551984832/ཡང་ན། 2594706283}
<<<འདི་ནི་ཀུན་ལ་ཕན་དུ་རེ་བས་གཞན་ལའང་བརྒྱུད་སྐུར་གང་མང་ཡོད་པ་མཁྱེན་མཁྱེན།།>>>