ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
  གསར་འགྱུར་ཀློག་པ།

མི་ཆོས་ལས་འཕྲོས་པའི་བསླབ་བྱ་

[རྩོམ་པ་པོ:བསྟན་པ་རབ་རྒྱས།  ཡོང་ཁུངས:དྲ་ཐོག  དུས་ཚོད:2015/12/1 14:15:34  བཀླགས་ཐེངས:1048][ཡིག་གཟུགས:ཡིག་གཟུགས་མདོག]
 

༄༅།།གཙོ་བོར་མི་ཆོས་ལས་འཕྲོས་པའི་བསླབ་བྱ་ཕྲ་མོ་དཔྱིད་ཀྱི་རླུང་བུ་

ཞེས་བྱ་བ་བཞུགས་སོ།།

 

ཐུ་མི་སཾ་བྷོ་ཊ་ལ་ཕྱག་འཚལ་ལོ།།

  དེའང་ལས་མཐུན་གངས་རིའི་སྤུན་ཟླ་རྣམས་ལ་དམིགས་སུ་ཕྱེ་སྟེ་གྲོས་འདེབས་པ་ནི། ང་ཚོ་སྔོན་ཐོན་གྱི་སྒོ་ནས་འཛམ་བུ་གླིང་འདིའི་སྟེང་དུ་འབུར་དུ་ཐོན་པའི་མི་རིགས་ཤིག་འོང་དགོས་ན། གནའ་བོའི་རིག་གནས་ལེགས་ཉེས་གཉིས་ལས་ཉེས་པའི་ཕྱོགས་རྣམས་འཕོངས་ཕྱིས་པའི་རྡོ་བཞིན་དོར་ནས་ལེགས་པའི་ཕྱོགས་རྣམས་མིག་གི་འབྲས་བུ་བཞིན་དུ་སྐྱོང་བ་དང་། ལས་ལ་བརྩོན་ཞིང་སྙིང་སྟོབས་ཆེ་བ་རྣམས་ངེས་པར་དུ་དང་དུ་ལེན་དགོས། གང་ལགས་ཤེ་ན། སྔོན་ཐོན་གྱི་བཀག་རྡོར་གྱུར་པའི་གནའ་བོའི་ཉེས་ཕྱོགས་ཀྱི་སྲོལ་རྒྱུན་གྱི་རིག་གནས་ངན་པས་བཅིངས་ནས་བློ་གྲོས་ཡར་རྒྱས་མེད་པ་དང་། དུས་རབས་ཉེར་གཅིག་པའི་དུས་མགོ་འདིར་ཡང་འཛམ་བུ་གླིང་འདིའི་སྟེང་དུ་གཟི་བརྗིད་དང་བཅས་པའི་སྒོ་ནས་ངོམ་རིན་ཡོད་ཅིང་དུས་རབས་འདིའི་ཚན་རིག་པ་མང་པོས་ཤིན་ཏུ་དགའ་བའི་སྒོ་ནས་དོ་སྣང་ཇེ་ཆེར་འགྲོ་བཞིན་པའི་ནང་ཆོས་ཀྱི་རིག་གནས་དང་དེའི་རྨང་གཞི་སྐད་ཡིག་དང་བཅས་པ་ཇི་མི་སྙམ་པར་ཅི་དགར་དོར་བ་དང་། མིའི་རིགས་ཀྱི་བསམ་བློའི་འཕེལ་ཕྱོགས་ལ་བརྟེན་ནས་ཤིན་ཏུ་ངོ་མཚར་བའི་ཐོན་གསར་གྱི་དཔལ་ཡོན་དབྱར་གྱི་མེ་ཏོག་བཞིན་དུ་ཐོན་དང་ཐོན་བཞིན་པའི་སྐབས་སུ་ལེ་ལོའི་གཞན་དབང་དུ་གྱུར་ནས་ཟ་དགའ་ཉལ་འདོད་ཀྱི་སྒོ་ནས་དུས་གྲོན་པར་བྱེད་པ་དང་། ཕྱིའི་དངོས་པོའི་དཔལ་ཡོན་དང་ནང་གི་བསམ་པའི་དཔལ་ཡོན་གཉིས་པོ་སྐྲུན་བྱེད་ཀྱི་ལས་གང་ལའང་ཁྱི་མཐའ་ཁ་ལ་དེད་པ་བཞིན་དུ་མི་ནུས་པའི་ཕྱིར་ནུར་རྐྱང་རྐྱང་བྱེད་པ་བཅས་ནི་མི་རིགས་གཅིག་གྱེན་དུ་མི་གཏོང་བའི་གནམ་སྒོ་ཆེན་པོ་ཞིག་མ་ཡིན་ནམ། དེའང་ཉེས་ཕྱོགས་ཀྱི་གནའ་བོའི་རིག་གནས་ཀྱི་སྲོལ་གྱི་དཔེ་མཚོན་ཁ་ཤས་ཤིག་བསྟན་ན། དཔེར་ན་ཧ་ཅང་ཐལ་ཆེ་བའི་ཕོ་མཆོག་མོ་དམན་གྱི་ལྟ་བའི་སྲོལ་ངན་དང་། ཕ་དཔོན་པོ་ལ་བུ་གཟའ་རོ་བྱུང་ཡང་ཕའི་དཔོན་གནས་བུས་གཟུང་དགོས་པའི་སྲོལ་ངན་དང་། གཙང་སྦྲ་མེད་ཅིང་གདོང་དྲེག་ཆགས་ན་གཡང་ཆེ་བར་བརྩི་བའི་སྲོལ་ངན་དང་། ལུང་པ་བྱེ་བྲག་པ་ཁ་ཤས་ནས་མཚོན་ཁར་འཆི་ཐུབ་ན་དཔའ་བོ་སྟག་ཤི་ཡིན་པའི་བསྟོད་བསྔགས་བྱེད་པའི་སྲོལ་ངན་དང་། ལུང་པ་བྱེ་བྲག་པ་ཁ་ཤས་ཤིག་ནས་ལུས་ཀྱི་ངལ་རྩོལ་བྱེད་པ་ལ་གཟི་བརྗིད་དུ་བརྩི་མི་ཤེས་པར་ངོ་ཚའི་གནས་སུ་བརྩི་བའི་སྲོལ་ངན་དང་། ཆོས་སེམས་ཆེ་ལ་གུ་ཡངས་ཤིང་ངང་རྒྱུད་རིང་བའི་གང་ཟག་ལ་དཔའ་མེད་དུ་བརྩི་བའི་སྲོལ་ངན་དང་། ངོ་མཚར་ཆེ་བའི་གསར་གཏོད་ལ་ཐན་དུ་ལྟ་བའི་སྲོལ་ངན་དང་། གཟི་བརྗིད་ཆེ་བའི་གནའ་སྲོལ་ལ་རྗེས་ལུས་སུ་བརྩི་བའི་སྲོལ་ངན་ལ་སོགས་པ་ནི་ངེས་པར་དུ་དོར་དགོས་པའི་གནད་ཅིག་མ་ཡིན་ནམ། དུས་རབས་ཉེར་གཅིག་པའི་དུས་མགོ་འདིར་ཡང་འཛམ་བུ་གླིང་འདིའི་སྟེང་དུ་གཟི་བརྗིད་དང་བཅས་པའི་སྒོ་ནས་ངོམ་རིན་ཡོད་ཅིང་དུས་རབས་འདིའི་ཚན་རིག་པ་མང་པོས་ཤིན་ཏུ་དགའ་བའི་སྒོ་ནས་དོ་སྣང་ཇེ་ཆེར་འགྲོ་བཞིན་པའི་ནང་ཆོས་ཀྱི་རིག་གནས་དང་དེའི་རྨང་གཞི་སྐད་ཡིག་དང་བཅས་པ་ཇི་མི་སྙམ་པར་ཅི་དགར་དོར་མི་རིགས་པའི་ཚུལ་ནི། དེང་དུས་འཛམ་བུ་གླིང་འདིའི་སྟེང་ནས་ཕྱིའི་དཔལ་ཡོན་སྤྱིའི་ཆ་ནས་ཉིན་བཞིན་གོང་འཕེལ་སོང་ན་ཡང་། ནང་གི་དཔལ་ཡོན་གྱི་ཆ་ཤས་བཟང་སྤྱོད་དང་། ཡ་རབས་ཀྱི་བསམ་མནོ་དང་། ལྷག་པར་དུ་ནང་གི་སེམས་ཀྱི་བདེ་སྐྱིད་ཀྱི་ཆ་རྣམས་ཕྱིའི་ལོངས་སྤྱོད་གཅིག་པུར་བརྟེན་ནས་འགྲུབ་དཀའ་བ་ཤིན་ཏུ་གསལ་བས། ནང་གི་དཔལ་ཡོན་དག་གི་ཐད་ནས་ཀྱང་ནང་པ་སངས་རྒྱས་པའི་དམ་ཆོས་འདིས་འཛམ་བུ་གླིང་འདིར་ངོ་མཚར་བའི་མཛད་རྗེས་ཆེན་པོ་འཇོག་ནུས་པ་ང་སྨྲའོ། །འཇིག་རྟེན་ཕ་རོལ་ཕན་ཆད་རེ་ཞིག་བཞག་ནས་ཚེ་འདིའི་མྱོང་བའི་ཐོག་ནས་བཤད་ན་ཉིན་གཅིག་གི་རིང་ལ་དམ་པའི་ཆོས་བློ་སྦྱོང་གི་ཉམས་ལེན་ལ་ཅུང་ཟད་བསམ་བློ་བཏང་རྒྱུ་བྱུང་ན་དེའི་ཉིན་གྱི་སེམས་དེ་ཞི་བ་དང་དུལ་བ་དང་བདེ་བ་བཅས་ཀྱིས་བརྒྱན་པ་ཞིག་འོང་རྒྱུ་ཡོད་པ་ནི་མྱོང་བ་མངོན་སུམ་གྱི་སྒོ་ནས་འགྲུབ་རྒྱུ་ཡོད་པ་ལ་སུ་ཞིག་གིས་བསྙོན། ནང་པ་སངས་རྒྱས་པའི་ཆོས་དེར་མི་བྱེ་བྲག་པ་རེ་རེའི་རྒྱུད་ལ་སེམས་ཞི་བདེ་ཅན་སོགས་འོང་རྒྱུ་ཡོད་པ་ཙམ་དུ་མ་ཟད། རྒྱ་ཆེ་ས་ནས་འཛམ་གླིང་ཞི་བདེ་སོགས་མིའི་སྤྱི་ཚོགས་ཡོངས་ལ་ཞབས་འདེགས་རླབས་པོ་ཆེ་ཞུ་ཐོབ་པའི་ནུས་པ་མཆིས། འོན་ཀྱང་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་དབང་གིས་རང་རིགས་ཀྱི་དབུ་འཕང་ལྷུང་བའི་ཉམས་ཉེས་མང་པོ་ཞིག་བྱུང་བ་ལྟ་བུར་སྣང་སྲིད་ཀྱང་། སྐྱོན་དེ་དག་ནི་ཆོས་མིན་སྲིད་མིན་གྱི་ཕུང་གསུམ་པའི་བསྟན་པ་འཛིན་ཚུལ་གྱི་སྒོ་ནས་ཕུང་སོང་བ་ལས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེས་ཕུང་མ་སོང་ཞེས་ཁོ་བོས་སྨྲའོ། །དེས་ན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཚུལ་བཞིན་འཛིན་ཚུལ་མ་ལོག་པ་ནི་ཤིན་ཏུ་གནད་ཆེའོ། །གཞན་དུ་ན་གནད་མི་ཤེས་པའི་རྒན་མོའི་ལག་ཏུ་མེ་ཤུགས་འཕུར་མདའ་བཞག་པ་བཞིན་དུ་འཛིན་མི་ཤེས་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་ཁུལ་བྱེད་པ་པོ་ལ་གཟབ་དགོས་སོ། །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་ཞུགས་པའི་སྐྱ་སེར་རྣམ་པས་རྒྱུ་འབྲས་ཀྱི་གནད་ལ་ཡིད་ཆེས་འདྲེན་པའི་ཐབས་ལ་ངེས་པར་དུ་བརྩོན་དགོས་ཤིང་། གཞན་དུ་ན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་འཇུག་པར་ཁས་འཆེ་ཞིང་གྲྭ་ཆས་ལུས་ལ་དཀྲི་བཞིན་དུ་དཀོན་མཆོག་གསུམ་དང་ལས་རྒྱུ་འབྲས་ཀྱི་གནད་ལ་བསྐུར་བ་ནམ་ཡང་འདེབས་མི་རིགས་ཤིང་ནམ་ཡང་ལྟ་ལོག་པ་བྱེད་མི་རིགས་སོ། །འོན་ཀྱང་ནང་ཆོས་ཀྱི་ར་བ་ལས་ཕྱི་རོལ་དུ་བརྒལ་ཏེ་སྐྱ་བོའི་རྟེན་གྱི་སྟེང་ནས་རང་རིགས་དང་རིག་གཞུང་ལ་ཤ་ཚ་ཡོད་པའི་ལྟ་ལོག་པ་ཞིག་ཀྱང་ཡོད་ཆོག་ཅིང་། འཛམ་གླིང་འདི་དམར་ལེབ་གཅིག་ཏུ་མ་ངེས་པར་ཚོན་མདོག་སྣ་མང་ཅན་གྱི་རས་གཞི་ལྟ་བུའི་འཛམ་གླིང་ཞིག་ཡོད་ཆོག་པའི་གནད་ལ་བསམ་དགོས། འོན་ཀྱང་ལྟ་ལོག་པས་ཀྱང་ནང་ཆོས་ལ་བརྩི་བཀུར་བྱེད་པ་ལས་དམའ་འབེབ་དང་གཏོར་བཤིག་ནི་འཛམ་གླིང་སྤྱི་དང་བྱེ་བྲག་གང་གི་ཡང་ཚད་ལྡན་གྱི་སྒྲིག་གཞི་དང་བསྟུན་ནའང་བྱེད་ཆོག་པའི་དབང་ཆ་མེད་དོ། །དེ་ཙམ་དུ་མ་ཟད་སྤྱིར་ཆོས་ལུགས་ནང་ཕན་ཚུན་དང་། བྱེ་བྲག་ཏུ་ནང་པའི་ཆོས་བརྒྱུད་ཕན་ཚུན་གྱི་བར་ལ་མཐུན་སྒྲིལ་བྱེད་དགོས་པ་འདི་ནི་གནད་ཀྱི་དོན་རྩ་ཞིག་ཡིན་ཞིང་། དེའང་དེའི་མཐུན་སྒྲིལ་གྱི་གཞི་མ་ནི་ཆོས་བརྒྱུད་སྟོབས་ལྡན་གྱིས་ཆོས་བརྒྱུད་སྟོབས་ཆུང་ཟིལ་གྱིས་མནན་པ་དང་། རང་ཕྱོགས་སུ་བསྒྱུར་ཐབས་བྱེད་པ་དང་། འཇམ་པོའི་སྒོ་ནས་བསླུ་བ་དང་། བཙན་པོའི་སྒོ་ནས་མནན་པ་སོགས་ནམ་ཡང་བྱེད་མི་རུང་ཞིང་། དཔེ་ན་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་ཧོར་རྒྱལ་གྱིས་བོད་ཀྱི་ཆོས་བརྒྱུད་ཐམས་ཅད་ས་སྐྱའི་ཆོས་བརྒྱུད་དུ་བསྒྱུར་དགོས་པར་བཤད་ཀྱང་ཆོས་རྒྱལ་འཕགས་པས་དང་ལེན་མ་གནང་བ་ནི་ཁོང་ནི་གུ་ཡངས་ངང་རྒྱུད་རིང་པོ་ཅན་གྱི་སྐྱེས་བུ་བཟང་པོ་ཞིག་ཏུ་མཚོན་ཟིན་ཡོད། དཔེ་དེ་ལྟ་བུའི་སྒོ་ནས་སྣ་ཚོགས་པའི་ཆོས་བརྒྱུད་རྣམས་ཕན་ཚུན་གུས་བཀུར་གྱི་སྒོ་ནས་མཉམ་གནས་བྱེད་པ་ནི་ཤིན་ཏུ་གལ་ཆེའོ། །ཤིན་ཏུ་དཀོན་པའི་ནོར་བུ་ལས་ལྷག་པའི་བོད་བརྒྱུད་ནང་བསྟན་གྱི་རྨང་གཞི་ནི་བོད་ཀྱི་སྐད་ཡིག་གཉིས་པོ་འདི་ལ་ཐུག་ཡོད་ཅིང་། ལེགས་སྦྱར་གྱི་སྐད་ཡིག་དང་དབྱིན་ཇིའི་སྐད་ཡིག་བཅས་དང་ཧ་ལམ་ཚད་བསྡུར་གྱི་སྒོ་ནས་མཉམ་འགྲོ་བྱེད་ཐུབ་པའི་བོད་ཀྱི་སྐད་ཡིག་གཉིས་པོ་འདི་མི་ཉམས་ཚུལ་བཞིན་སྲུང་པའི་འགན་དེ་ཁ་བ་ཅན་གྱི་གཞོན་སྐྱེས་ཕོ་མོ་རྣམས་ཀྱི་ཕྲག་ཏུ་བབས་ཡོད། བློ་ཕམ་པ་ཞིག་ལ་དེང་དུས་རང་རིགས་ཀྱི་གཞོན་སྐྱེས་མང་པོ་ཞིག་གི་བསམ་པའི་འཁྱེར་སོ་ལ་རང་རིགས་འདི་བློ་རྟུལ་དང་རང་སྐད་འདི་ཕན་མེད་དུ་བརྩི་བཞིན་འདུག །དེ་ནི་ཞིབ་ཏུ་བསམ་ན་མ་བརྟག་པའི་སྐྱོན་ཆེན་པོ་ཞིག་སྟེ། དེང་དུས་རང་རིགས་པ་མང་པོས་དངོས་ཁམས་རྫས་བསྒྱུར་ལ་སོགས་པ་ཤེས་པ་ལ་སྐད་ཡིག་ལ་མོ་གཉིས་བརྒལ་གྱི་སྒོ་ནས་འགྲོ་དགོས་པའི་རྒྱུ་མཚན་གྱིས་གཞན་རིགས་དང་བསྡུར་ན་ཡིག་ཚད་ལོན་དཀའ་བར་སྣང་བ་ཙམ་ལས་རང་རིགས་དེ་གཞན་རིགས་དང་བསྡུར་ན་བློ་རྟུལ་ཡིན་པར་མི་སེམས་སོ། །རང་སྐད་འདི་ཚད་གཞི་ལོན་པའི་སྒོ་ནས་བེད་སྤྱོད་ཤེས་པ་དང་བྱེད་པའི་གོ་སྐབས་ཡོད་པ་གཉིས་འཛོམ་ན་བཞུ་བཏུལ་བྱས་པའི་གསེར་བཞིན་དུ་ཁྱད་ཆོས་མངོན་པར་འགྱུར་རོ། །དེས་ན་རང་གི་སྐད་ཡིག་མ་ཉམས་པའི་ཐབས་མཆོག་ལ་བརྩོན་དགོས་པར་མ་ཟད། ཆོད་ཆེ་བའི་གཤིས་འཇམ་གྱི་རང་སྐད་ཅིག་རང་རིགས་ཀྱི་སྤྱི་སྐད་དུ་ཁྱེར་ཤེས་དགོས་པ་ནི་གནད་ཀྱི་དོན་ཞིག་ཡིན་པར་སེམས། ཁ་བ་གངས་ཅན་པའི་སྐད་ཡིག་གཉིས་པོ་འདི་ཡོངས་སུ་ཉམས་ན་འཛམ་གླིང་ན་ཆེས་དཀོན་པའི་བོད་བརྒྱུད་ཀྱི་ནང་བསྟན་རིན་པོ་ཆེ་དང་རང་རིགས་གཉིས་པོ་རེ་ཞིག་ཉམས་པ་ལ་མངོན་དུ་ཕྱོགས་པ་ཡིན་ནོ། །མིའི་རིགས་ཀྱི་བསམ་བློའི་འཕེལ་ཕྱོགས་ལ་བརྟེན་ནས་ཤིན་ཏུ་ངོ་མཚར་བའི་ཐོན་གསར་གྱི་དཔལ་ཡོན་དབྱར་གྱི་མེ་ཏོག་བཞིན་དུ་ཐོན་དང་ཐོན་བཞིན་པའི་སྐབས་སུ་ལེ་ལོའི་གཞན་དབང་དུ་གྱུར་ནས་ཟ་དགའ་ཉལ་འདོད་ཀྱི་སྒོ་ནས་དུས་གྲོན་པར་བྱེད་མི་རིགས་པའི་ཚུལ་ནི། ང་ཚོ་འགྲོ་བ་མི་འདི་ནི་དུད་འགྲོ་ལ་སོགས་པའི་འགྲོ་བ་གཞན་ལས་རྣམ་དཔྱོད་ཀྱི་སྒོ་ནས་ཁྱད་པར་འཕགས་པས། གལ་ཏེ་འགྲོ་བ་མི་ཞིག་ཡིན་ན། ཡང་ན་དམ་པའི་ཆོས་ཀྱི་སྙིང་པོ་ལོན་པ་དང་། ཡང་ན་འཇིག་རྟེན་གྱི་བྱ་བའི་སྟེང་ནས་ཕུན་སུམ་ཚོགས་པའི་ལག་རྗེས་འཇོག་དགོས་པ་ལས་དམ་པའི་ཆོས་དང་འཇིག་རྟེན་གྱི་བྱ་བ་གཉིས་ཀྱིས་དབུལ་བའི་གཉིས་མེད་ཀྱི་སེང་གེ་ནམ་ཡང་བྱེད་མི་རིགས་སོ། །དམ་པའི་ཆོས་ཀྱི་ཉམས་ལེན་གྱི་སྐོར་རེ་ཞིག་བཞག་ནས། འཇིག་རྟེན་གྱི་བྱ་བའི་ཐོག་ནས་བཤད་ན། ང་ཚོའི་སྔར་ཡོད་ཀྱི་ལག་ཤེས་སོགས་མ་ཉམས་པའི་སྒོ་ནས་གསར་གཏོད་ཀྱི་དངོས་པོ་ངོ་མཚར་བ་སྐྲུན་པ་ལ་ངེས་པར་དུ་འབད་དགོས་པར་མ་ཟད་གསར་གཏོད་ཀྱི་བྱས་རྗེས་འཇོག་པའི་རང་རིགས་ཀྱི་སྤུན་ཟླ་ལ་ངེས་པར་དུ་བསྟོད་བཀུར་བྱེད་པ་ལས་ཕྲག་དོག་གི་སྒོ་ནས་དམའ་འབེབ་བྱེད་མི་རིགས་སོ། །རང་རིགས་ཀྱི་སྤྱི་ཚོགས་ཀྱི་ནང་དུ་བྱས་རྗེས་ཆེ་བའི་གྲགས་ཅན་གྱི་མི་སྣ་རེ་ཟུང་ཡོད་ན་དེ་ལ་ཕྲག་དོག་དྲག་པོས་དམའ་འབེབ་ཀྱི་ཞྭ་མོ་ནག་པོ་རེ་སྐོན་པ་ནི་རང་རིགས་སྤྱི་ཚོགས་ཀྱི་ནག་ཐིག་ཅིག་ཡིན་ནོ། །དཔེར་ན་རྩིས་པ་ལུང་ཤར་རྔ་མ་ཡོད་པའི་འདྲེ་ཕྲུག་ཡིན་པའི་དྲིལ་བསྒྲག་དང་། དགེ་འདུན་ཆོས་འཕེལ་དངུལ་ལོ་རྫུན་མ་བཟོ་བའི་ཉེས་ཅན་ཡིན་པའི་དྲིལ་བསྒྲག་སོགས་དང་། དེང་དུས་མི་ནུས་ལྡན་གོ་རྒྱུ་ཡོད་པ་ཞིག་གང་ན་ཡོད་ན་ཕྲག་དོག་གི་དབང་གིས་དེ་མ་ཐག་རྫུན་གྱིས་དམའ་འབེབ་བྱེད་པའི་སྲོལ་ངན་འདི་དག་ངེས་པར་བཅོས་བསྒྱུར་དགོས་པའི་གནད་ཅིག་ཡིན་ཞིང་། དེ་ལས་ལྡོག་སྟེ་མི་སྣ་ནུས་ལྡན་དང་བཟོ་རིགས་གསར་གཏོད་པ་ནུས་ལྡན་སོགས་རང་རིགས་ཀྱི་མཁས་པ་རྣམས་ལ་གཟིངས་བསྟོད་ཀྱི་རྟགས་མ་སོགས་སྤྲད་པ་ལས་དེ་རྣམས་ཀྱི་དབུ་འཕང་ནམ་ཡང་སྨད་མི་རུང་ངོ་། །དཔེར་ན་དེང་རབས་ཀྱི་བཟོ་རིགས་གསར་གཏོད་མཁན་རྣམས་དེང་དུས་སུ་རང་རང་སོ་སོའི་རྒྱལ་ཁབ་དང་གོ་ལ་ཁྱོན་ཡོངས་ནས་བྱས་རྗེས་ཅན་གྱི་མི་སྣའི་གྲས་སུ་འཇོག་དང་འཇོག་བཞིན་པ་ལྟ་བུ་སྟེ། དེའང་ཆིག་སྟོང་དགུ་བརྒྱ་བཅུ་གཉིས་ལོར་སྐུ་འཁྲུངས་པའི་རིག་མཛོད་འཕྲུལ་ཆས་འཆར་འགོད་མཁན་ཐུ་ལེན་དང་། ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་དགུ་ལོར་ཧྥ་རན་སེར་སྐུ་འཁྲུངས་པའི་གཤགས་ལས་རིགས་གསར་གྱི་འཆར་འགོད་པ་ཅེ་ཝེ་ཡེ་དང་། ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་བདུན་ལོར་ཨ་རིའི་ས་ཆ་ཨོ་ཧ་ཡེ་ཨ་འུའེ་ཆ་ཤས་དྷེ་ཐན་ན་སྐུ་འཁྲུངས་པའི་གནམ་གྲུ་གསར་གཏོད་པ་ཝེའོ་བྷ་རོའེ་ཐ་ནི་དང་། ཁོང་གི་ནུ་བོ་ཨོ་ཝེའོ་གཉིས་པོ་དང་། ཆིག་སྟོང་བརྒྱད་བརྒྱ་ལྔ་བཅུ་ང་བཞི་ཡས་མས་སུ་སྐུ་འཁྲུངས་ཤིང་ནུབ་ཕྱོགས་དབྱིན་ཇིའི་ཡུལ་ནས་བློ་གྲོས་ཀྱི་མྱུ་གུ་འབུས་པའི་ཁ་པར་གསར་གཏོད་པ་བྷེའོ་དང་། ཆིག་སྟོང་དགུ་བརྒྱ་བདུན་ཅུ་དོན་གཉིས་ལོའི་ཟླ་བ་བཞི་པའི་ཚེས་ལྔ་ཉིན་ཨི་ཏྲ་ལིའི་གྲོང་ཁྱེར་ཕའེ་དྷེའུ་ཝ་རུ་སྐུ་འཁྲུངས་པའི་སྐུད་མེད་གློག་འཕྲིན་གསར་གཏོད་པ་མཱ་ཁོ་ཎི་དང་། ཆིག་སྟོང་དགུ་བརྒྱ་བཅུ་མེད་བཞིའི་ལོའི་ཟླ་བ་བཞི་པའི་ཚེས་ཉེར་གཉིས་ཉིན་ཨ་རིའི་གྲོང་ཁྱེར་ཉིའུ་ཡོག་ཏུ་སྐུ་འཁྲུངས་པའི་རྡུལ་ཕྲན་འབར་མདེལ་གྱི་ཡབ་ཆེན་ཨོ་པུན་ཧེམ་དང་། ད་དུང་ཡང་འདིར་འབྲི་བ་མི་ལོང་པའི་ངོ་མཚར་བའི་ཆབ་སྲིད་གསར་གཏོད་པ་དང་། ངོ་མཚར་བའི་ཁྲིམས་ལུགས་གསར་གཏོད་པ་ལ་སོགས་པ་ནི་རང་རང་གི་རྒྱལ་ཁབ་དང་འཛམ་གླིང་ཡོངས་ཁྱབ་ཀྱི་སྒོ་ནས་གསར་གཏོད་པ་རུ་ཆེ་མཐོང་ཞུ་བཞིན་པ་འདི་དག་གིས་མཚོན་ཡོད། ཆེ་དཔེ་ཆུང་འགེབ་ཀྱི་སྒོ་ནས་རང་རིགས་ཀྱི་བཟོ་ལས་གསར་གཏོད་པ་དང་། ཆེས་ངོ་མཚར་བའི་ཁྲིམས་སྲིད་གསར་གཏོད་པ་སོགས་དབྱར་གྱི་ཤྭ་མོ་འབུས་པ་བཞིན་དུ་འོང་དགོས་པ་ལས། མ་རབས་ཀྱི་ལྟ་སྤྱོད་འཆང་བའི་ལྟ་ལོག་པ་ཙམ་གྱིས་ཕན་མི་ཐོག་གོ །གསར་གཏོད་ཀྱི་དངོས་པོའི་ཁར་རྙིང་སྲོལ་གྱི་ལག་ཤེས་བཟང་པོ་སོགས་ཀྱང་ཉམས་མེད་དུ་རྒྱུན་བསྐྱངས་བ་ནི་མི་རིགས་ཤིག་གི་ཁྱད་ཆོས་དང་འཚོ་སྡོད་བཅས་ལ་འགན་ཁུར་བར་མཚོན་པ་ཡིན་ཞིང་། དེའང་རང་རིགས་ཀྱི་རྙིང་སྲོལ་གྱི་ལག་ཤེས་བཟང་པོ་ནི། སྡེ་དགེའི་ཤིང་བསྐོས་ཀྱི་ལག་རྩལ། རེབ་གོང་གི་ཐང་བྲིས་ཀྱི་ལག་རྩལ། ཆབ་མདོ་རྫ་རྒྱུད་ཀྱི་ལག་རྩལ། ལྷོ་ཁའི་སྣམ་བུའི་བཟོ་རྩལ། ལྷོ་ཁའི་གྲྭ་ཕྱིའི་སྤོས་བཟོའི་ལག་རྩལ། གཙང་སྙེ་མོའི་སྤོས་བཟོའི་ལག་རྩལ། གཙང་གི་གྲུམ་རྩེའི་བཟོ་རྩལ། དབུས་ཀྱི་སྤང་གདན་གྱི་བཟོ་རྩལ། སྡེ་དགེ་འབྲི་ཆུ་འགྲམ་གྱི་གློ་ཆའི་བཟོ་རྩལ། དབུས་ཀྱི་རྩིགས་བཟོའི་ལག་རྩལ། མལ་གྲོ་གོང་དཀར་གྱི་རྫ་བཟོའི་ལག་རྩལ། ནང་ཆེན་གྱི་རྫ་བཟོའི་ལག་རྩལ། སྨན་ལུགས་ཀྱི་ཐང་གའི་སྒྱུ་རྩལ། མཁྱེན་ལུགས་ཀྱི་ཐང་གའི་སྒྱུ་རྩལ། ཀར་ལུགས་ཀྱི་ཐང་གའི་སྒྱུ་རྩལ། གཡུ་ཐོག་པའི་ལུགས་ཀྱི་སྨན་དཔྱད་ཀྱི་ལག་རྩལ་ལ་སོགས་པའི་ལག་ལེན་ཉམས་མེད་གོང་འཕེལ་བྱེད་རྒྱུའི་གནད་ལ་འབད་ཅིང་། རྫ་བཟོ་ལ་སོགས་གཉེར་བའི་ལས་རིགས་པ་ལ་ངན་སྨོད་བྱེད་པའི་གནའ་སྲོལ་ངན་པ་རྣམས་དོར་བའི་སྒོ་ནས་བཟང་པོའི་སྲོལ་རྒྱུན་ལ་གཅེས་སྤྲས་བྱེད་དགོས་སོ། །འོན་ཀྱང་ན་ནིང་བཟོས་པའི་སྟོད་གོས་རྐྱང་པས་ཆོག་མི་ཤེས་པར་ཡིད་འཕྲོག་པའི་ད་ལོའི་གོས་ཤིག་ཀྱང་གཉེར་བ་ལྟར་དུ། རང་རིགས་པ་རྣམས་ནི་སྲོལ་རྒྱུན་གྱི་སྒྱུ་རྩལ་རྐྱང་པས་ཆོག་ཤེས་ན་མདུན་བསྐྱོད་ཀྱི་ལམ་བུ་ཞིག་རྙེད་དཀའ་བས། ཆེས་ངོ་མཚར་ཞིང་མཁོ་བའི་གསར་གཏོད་ཀྱི་དངོས་པོ་བསྐྲུན་པ་ལ་འབད་འོས་སོ། །དེ་ལྟར་འོང་བའི་རང་རིགས་ཀྱི་འགལ་རྐྱེན་ཆེ་ཤོས་ཤིག་ནི་སྒྱིད་ལུག་པའི་ལེ་ལོ་ངན་པ་འདི་ངོས་འཛིན་བྱེད་དགོས་སོ། །དཔེར་ན་ཟ་དགའ་ཉལ་སྐྱིད་ཀྱི་སྒོ་ནས་ཡུལ་གྱི་ཐོན་ཁུངས་ཅུང་ཟད་ཡོད་པ་ལ་བརྟེན་ནས་འདུ་འཛི་ཆེ་བའི་གྲོང་སོགས་སུ་གནས་སྤོ་དང་རྣམ་གཡེང་ཁོ་ནས་དུས་འདའ་བ་དང་། རྫུན་བཤད་པ་དང་། རང་རིགས་ལ་དམའ་འབེབ་པ་དང་། དྲིན་ལན་ལོག་འཇལ་བྱེད་པ་དང་། ཆོས་ལས་གཉིས་ཀ་མི་ལྕོགས་པར་མཐེ་བོང་ཚད་ནས་སློང་བ་དང་། མེས་པོའི་རྐང་འདྲེན་བྱེད་པ་བཅས་ལ་ངོ་མི་ཚ་བར། ལམ་བྱི་དོར་བྱེད་པ་དང་། རླངས་འཁོར་བཀྲུ་བ་དང་། ལས་གླ་ལེན་པ་དང་། ནོར་ཕྱུགས་འཚོ་བ་དང་། ངལ་ལས་བྱེད་པ་གཞན་སོགས་ལ་ངོ་ཚ་བ་ནི་ངོ་ཚ་ཚུལ་མ་ཤེས་པའོ། །ཕྱིའི་དངོས་པོའི་དཔལ་ཡོན་དང་ནང་གི་བསམ་པའི་དཔལ་ཡོན་གཉིས་པོ་སྐྲུན་བྱེད་ཀྱི་ལས་གང་ལའང་ཁྱི་མཐའ་ཁ་ལ་དེད་པ་བཞིན་དུ་མི་ནུས་པའི་ཕྱིར་ནུར་རྐྱང་རྐྱང་བྱེད་མི་རིགས་ཏེ། སྙིང་སྟོབས་དང་། ཤེས་རབ་གཉིས་ཀྱི་རྒུལ་ཤུགས་ལ་བརྟེན་ནས་ངོ་མཚར་ཆེ་བའི་ཐོན་གསར་གྱི་དངོས་པོ་དང་། རྨད་དུ་བྱུང་བའི་ཁྲིམས་སྲིད་དང་། ཡིད་འགུ་བའི་དཔལ་ཡོན་སོགས་འོང་རྒྱུ་ཡོད་པའི་དཔེ་མཚོན་ཤིན་ཏུ་མང་བ་མ་ཡིན་ནམ། འོན་ཀྱང་འདིར་ཤེས་དགོས་པ་ཞིག་ནི། གོང་གི་འཇིག་རྟེན་གྱི་བྱ་བའི་ལག་ལེན་དེ་དག་ནི་གཙོ་བོར་ཚེ་འདིའི་འདུན་མ་ལ་བརྩོན་པའི་ཁྱིམ་པས་སྒྲུབ་འོས་ཤིག་ལས་རབ་བྱུང་ཆོས་པ་ཚད་ལྡན་རྣམས་ཀྱིས་གཙོར་འདོན་ཏེ་སྒྲུབ་འོས་ཤིག་ནི་ག་ལ་ཡིན་ཏེ། ཆོས་པ་ཚད་ལྡན་རྣམས་ཀྱིས་ནི་དགྲ་གཉེན་རོ་སྙོམས་སོགས་ཀྱི་ཉམས་ལེན་གྱི་སྒོ་ནས་ཚུལ་ལྡན་ཐོས་བསམ་ལ་བརྩོན་པ་ཞིག་གནད་དུ་ཆེའོ། །དེ་ཙམ་དུ་མ་ཟད་འཆི་ཆོས་ཡག་པོ་ཞིག་སྒྲུབ་བསམ་པའི་མི་སྐྱ་ཕོ་མོ་རྣམས་ཀྱིས་ཀྱང་གོང་གི་འཇིག་རྟེན་གྱི་བྱ་མང་ལ་འབད་དགོས་པར་མ་ངེས་པར་འདོད་ཆུང་ཆོག་ཤེས་ཀྱི་སྒོ་ནས་དམ་པའི་ཆོས་ལ་བརྩོན་ནས་དལ་འབྱོར་གྱི་སྙིང་པོ་ལེན་དགོས་པར་སེམས་སོ། །གཞན་དུ་ན་ཆོས་པའི་གྲལ་དུ་འཚང་བ་དང་། ལུས་ལ་གྲྭ་ཆས་སྤྲས་ཤིང་ཁྱིམ་པ་ཐ་ཤལ་བའི་བྱ་སྤྱོད་རྐྱང་རྐྱང་བསྒྲུབས་ནས་ཁ་ནས་ལས་རྒྱུ་འབྲས་དང་སངས་རྒྱས་ཀྱི་བསྟན་པ་དང་བསྟན་འཛིན་བཅས་ལ་རྒྱུ་མཚན་བཟང་པོ་སྤུ་རྩེ་ཙམ་ཡང་མེད་པའི་ངན་སྨོད་བྱེད་པའི་ལས་ངན་དག་བཟང་པོ་ཡིན་ཟེར་མི་དང་། མི་ལ་རས་པ་ལ་གསེར་ཡོད་ཟེར་མི་གཉིས་ཀྱི་ཁ་ལ་སྐྱག་གོང་ཞིག་ཆུག་ཅིག །སྙིང་གི་ཉི་མ་ཡོངས་འཛིན་བླ་མ་དང་། །འཁོར་བའི་ནད་སེལ་སྡེ་སྣོད་རིན་ཆེན་བཅས། །ཡུན་དུ་བསྟེན་པས་བདག་བློའི་ཉི་གཞོན་འདིས། །ལུགས་གཉིས་གང་ལའང་ཐོགས་པ་མེད་དམ་སྙམ། །རང་རིགས་གཙང་མའི་རང་ངོ་འཕྲོད་པ་དང་། །གཅེས་པའི་རིག་གཞུང་གོ་ལའི་རྩེ་མོ་ན། །ད་དུང་སྟོང་ལོ་འགའ་ལ་གནས་པའི་སླད། །སློབ་གསོའི་གཞུང་ལུགས་གཞུང་ཆུ་རྒྱུག་རྒྱུག་ལྟར། །འཛད་མེད་འོང་རྒྱུའི་སྔོན་བརྡ་དེང་བཏང་ན། །ཁུངས་མེད་སྨྲ་བའི་རི་ཡི་བོང་བུ་དང་། །འབྲེལ་མེད་ཅར་རྗེས་འབྲང, ་བའི་བསོད་ཆུང་རྣམས། །དྲེད་ཤ་ཐོན་པའི་མིག་གཉིས་གཅེར་བར་མཛོད། །རིག་པའི་གཞུང་ལ་ཤ་ཚ་མི་ཆུང་ཞིང་། །རང་རིགས་གཅེས་པར་འཛིན་པའི་ཁ་བའི་བུ། །གལ་ཏེ་ཕྲག་དོག་ཆང་གིས་མ་བསླད་ན། །འཐད་པའི་དོན་རྣམས་མོ་རྡེའུ་ཐུ་ཐུ་གྱིས། །ལྷག་བསམ་གངས་རི་དཀར་པོ་ལས་ཐོན་པའི། །དེ་ལྟར་བརྩམས་པའི་དགེ་བ་དལ་འབབ་མས། །རབ་ཡངས་གོ་ལའི་གཞི་ན་གནས་བཅས་པའི། །འགྲོ་རྣམས་ཞི་བདེའི་དཔལ་གྱིས་འཚོ་བར་ཤོག །ཅེས་པ་འདི་ནི་ཡང་དག་པའི་གཞུང་ལུགས་ལ་རིང་དུ་འདྲིས་པར་བྱས་པ་ལ་བརྟེན་ནས་གནའ་དེང་གི་གནས་ཚུལ་གང་འཆད་ནའང་སྨྲ་བའི་ངག་སྒོ་མི་འགག་པའི་ངག་དབྱངས་ཅན་གཙུག་ལག་རྒྱ་མཚོ་ལུང་རིགས་སྨྲ་བའི་ཉི་མའམ་ཡབ་རྗེ་བླ་མ་མཁན་ཆེན་འཇམ་དཔལ་དོན་བརྒྱུད་ཉི་མའི་ཞབས་རྡུལ་རྙོགས་པ་མེད་པ་གཙུག་ཏུ་ལེན་པའི་སྐལ་བཟང་ཐོབ་པའི་ཤཱཀྱའི་དགེ་སྦྱོང་བསྟན་པ་རབ་རྒྱས་ནས་ལུང་རིགས་ཚད་ལྡན་སྨྲ་བའི་འདུན་ས་ཕྱག་ཆེན་གླིང་གི་དགོན་པ་ནས་སྦྱར་བའོ།། །།ཤིན་ཏུ་བཀྲ་ཤིས།།

·གསར་འགྱུར་གོང་མ:མི་ཚེ་དོན་ལྡན་ཡོང་བ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ།
·གསར་འགྱུར་འོག་མ:སློབ་གསོའི་སྐོར་གྱི་བཅར་འདྲི་ཞིག
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·དེང་གི་ཡུལ་མི་རྣམས་ལ་གཏམ་དུ་བྱ་བ། 2015/1/17 11:39:30
·མི་ཚེ་དོན་དང་ལྡན་པ་ཡོང་བའི་ཆ་རྐྱེན་བཞི། 2014/4/1 10:52:59
·མི་ཆོས་ལྔ་པ། རིཊ་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ། 2012/2/13 10:35:53
·མི་ཆོས་བཞི་པ། ཡོན་ཏན་ཅན་ལ་ཆེ་མཐོང་ཡོད་པ། 2012/2/6 15:33:49
·མི་ཆོས་གསུམ་པ། ཕ་མ་ལ་དྲིན་ལན་འཇལ་བ། 2012/1/30 15:34:01
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:snytla
XLK2MN  <a href="http://dyoettahdsls.com/">dyoettahdsls</a>, [url=http://nouehniiqrca.com/]nouehniiqrca[/url], [link=http://rrbmezxzyrkn.com/]rrbmezxzyrkn[/link], http://lnkqixtwziza.com/
发表时间:2016/5/3 10:29:15 [来自: 46.161.9.32]

འབྲེལ་ཡོད་དཔྱད་བརྗོད 1 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS