ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
  གསར་འགྱུར་ཀློག་པ།

མི་ཚེ་དོན་ལྡན་ཡོང་བ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ།

[རྩོམ་པ་པོ:ཆོས་འཕེལ་བྱམས་པ།  ཡོང་ཁུངས:ལུག་ཚང་་ལས།  དུས་ཚོད:2015/11/18 13:56:23  བཀླགས་ཐེངས:968][ཡིག་གཟུགས:ཡིག་གཟུགས་མདོག]
མི་ཚེ་དོན་ལྡན་ཡོང་བ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ།
                              ཆོས་འཕེལ་བྱམས་པ།
 
    དེ་རིང་འདིར་ཚོགས་མགོན་དུ་བཞུགས་པའི ༧ སྐྱབས་རྗེ་སེར་ཤུལ་ཁྲི་རིན་པོ་ཆེ་གཙོས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་། ཆོས་བརྒྱུད་རིས་སུ་མ་ཆད་པའི་ཇོ་སེར་ཁྲི་ལ་ཉེ་བ་ཙམ་ཞིག་ཐག་རིང་གི་སྐུ་ཚེགས་དང་འོ་བརྒྱལ་ལ་མ་འཛེམ་པར་འདིར་ཕེབས་པ་ལ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་རིང་གི་གླེང་སྟེགས་འདི་བརྒྱུད་ནས་ངས་( མི་ཚེ་དོན་དུ་ཡོང་བ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ་) ཞེས་པའི་ཁ་བྱང་གི་ཐོག་ནས་གཏམ་གླེང་སྤེལ་འཆར་ཡོད། དེ་ལའང་ནང་ཚན་(ཀུན་སྤྱོད)དང་(སློབ་སྦྱོང)། འཕྲོད་བསྟེན་བཅས་སྡེ་ཚན་གསུམ་དུ་བཀར་ནས་བཤད་རྒྱུ་ཡིན།

དང་པོ། ཀུན་སྤྱོད་ཐོག་ནས་བཤད་རྒྱུ་ཡིན།
ཀུན་སྤྱོད་གླེང་ཡོང་དུས་ཕྱོགས་གཅིག་ནས་ཚུལ་ཁྲིམས་ཀྱང་མ་གླེང་ཐབས་མེད་ཏུ་གྱུར་ཡོད། གལ་ཏེ་མི་དེས་ཚུལ་ཁྲིམས་རྣམ་པ་དག་པ་ཞིག་སྲུང་ཐུབ་ན་དེ་ལ་ཀུན་སྤྱོད་དམ་འགྲོ་ཆགས་ཉལ་འདུག་གི་སྤྱོད་ལམ་ཡང་མིག་དཔེར་ལྟ་འོས་པ་ཞིག་ཡོང་ཐུབ། དེ་ནི་ཚུལ་ཁྲིམས་དང་ཀུན་སྤྱོད་བར་གྱི་ལྟོས་བཅས་ཀྱི་འབྲེལ་བ་ཞིག་རེད།
དེ་ལྟར་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུ་ས་བཞིན་དུ།།ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་སྲུང་།། ཞེས་གསུངས་པ་ལྟར་རེད། སྤྱིར་ང་ཚོ་སྟེ་སེར་མོ་བའི་སྡེ་ལ་ཆ་བཞག་ན་ཀུན་སྤྱོད་སློབ་གསོ་ཡག་པོ་ཞིག་ཡོད་དགོས་པ་ནི་ཆེས་གལ་ཆེ་ཞིག་ཏུ་མཐོང་གི་འདུག སྤྱིར་གང་ཟག་སྒེར་ཚན་ལ་ཆ་མཚོན་ན་ཕྱི་ཡི་ཀུན་སྤྱོད་ལས་ནང་གི་རྟོགས་པ་གཙོ་ཆེ་ནའང་། བསྟན་པ་སྤྱི་ཚན་ལ་བསམ་བློ་བཏང་ན་ནང་གི་རྟོགས་པ་ལས་ཕྱིའི་ཀུན་སྤྱོད་སློབ་གསོ་གཙོ་བོར་ངེས། མ་ཟད།ང་ཚོ་བོད་ཀྱི་གཏམ་དཔེ་ལ། རྟོགས་པ་ལྷ་དང་མཉམ་ཡང་།། ཀུན་སྤྱོད་མི་དང་བསྟུན་དགོས།། ཞེས་པའི་དཔེ་དེའང་བསྟན་པ་སྤྱི་ཚན་གྱི་དབང་དུ་བྱས་པ་རེད། དེ་འདྲ་ཡིན་དུས་དགེ་འདུན་པ་སྤྱི་དང་། ལྷག་པར་ཏུ་གཞུང་ཆེན་ལ་སློབ་གཉེར་གནང་མཁན་དེ་ཚོས་ཀུན་སྤྱོད་ཡག་པོ་ཞིག་ངེས་ཅན་དུ་གནང་དགོས་འདུག མ་གཏོགས། སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཞབས་འདེབས་ཞུ་མི་ཐུབ་པར་མ་ཟད། སྐྱེ་བོ་སྒེར་ངོས་ནས་ཀྱང་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་འགྱུར་མི་ཐུབ་པ་རེད། དེང་གི་དུས་སུ་རྒྱ་བོད་སོག་གསུམ་གྱི་ཁྱིམ་པ་མང་ཤོས་ཤིག་གིས་དགེ་འདུན་པའི་ཕྱིའི་ཀུན་སྤྱོད་ལ་དཔག་ནས་སངས་རྒྱས་ཀྱི་བསྟན་པ་ལ་དག་སྣང་དང་དོ་སྣང་བྱེད་ཀྱིན་ཡོད་པ་རེད། ང་ཚོས་ནམ་རྒྱུན་སངས་རྒྱས་ཀྱི་བསྟན་པ་དེ་སེམས་ཅན་གྱི་བདེ་བའི་འབྱུང་ཁུངས་ཡིན་ཟེར་བ་དེའང་། ཨ་ཕའི་ཁ་ཕོར་གཙང་ཞེན་ཙམ་མ་ཡིན་པར་དཔྱོད་ལྡན་པ་དང་དད་ལྡན་པ་དག་གི་མིག་ལམ་དུ་ཀུན་སྤྱོད་ཚད་དང་ལྡན་པ་ཞིག་བྱེད་པ་དེ་གནད་འགག་ཆེན་པོར་ངེས་ཤིང་། དེང་གི་ཆར་འཛམ་གླིང་གི་ཡུལ་གྲུ་མང་པོར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་བར་བཤད་ཀྱང་། ང་ཚོ་གངས་ཅན་བོད་ནང་བཞིན་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཆ་ཚང་ཞིག་རྒྱལ་ཁབ་གང་ལའང་མེད་སྟབས། དེ་འདྲའི་བསྟན་པ་རིན་པོ་ཆེ་དེའང་འཛམ་བུ་གླིང་གི་བདེ་སྐྱིད་སྐྲུན་པའི་ཆ་རྐྱེན་དུ་འགྲོ་བ་ལ་ཀུན་སྤྱོད་ནི་ཆེས་མེད་དུ་མི་རུང་བ་དེའོ།། གལ་ཏེ། ང་ཚོར་རྩ་བའི་ཀུན་སྤྱོད་ཚད་ལྡན་ཞིག་མ་ཡོང་ཚེ་སངས་རྒྱས་བསྟན་པས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་མ་ཐུབ་པ་རེད། དེ་ལྟར་མ་ཐུབ་ཚེ་སངས་རྒྱས་བསྟན་པའི་འབྱུང་འགྱུར་གྱི་འཕེལ་འགྲིབ་ལའང་གནད་འགག་ཆེན་པོ་ཆགས་འདུག་པས། ང་ཚོས་ངེས་པར་དུ་ཀུན་སྤྱོད་ཡར་རྒྱས་གཏོང་བར་འབད་བརྩོན་ཆེན་པོ་བྱེད་དགོས།

གཉིས་པ། སློབ་སྦྱོང་གི་ཐོག་ནས་བཤད་རྒྱུ་ཡིན།
སྤྱིར་ང་རང་སློབ་སྦྱོང་བྱས་ནས་ཡུན་རིང་ཞིག་མ་རེད་ལ་སློབ་སྦྱོང་གི་ཚད་གཞི་མཐོན་པོའང་དེ་བས་ཀྱང་མིན། ཡིན་ཡང་། ང་རང་གིས་ནམ་རྒྱུན་དུ་ནང་པའི་གཟི་བརྗིད་སྟོན་ཟེར་ནའང་འདྲ། ནང་པའི་ཉམས་ལེན་ཟེར་ན་ཡང་འདྲ། གཙོ་བོར་སློབ་སྦྱོང་གི་ཐོག་ནས་ཡོང་དགོས་པ་མཐོང་གིན་འདུག
ཇེ་ཙང་། བསྟན་པ་འཛིན་ཟེར་བ་དེའང་གཙོ་བོར་སློབ་གཉེར་གྱི་སྟེང་ནས་ཡོང་དགོས་པ་ཞིག་རེད། དཔེར་ན། སྔོན་འཕགས་བོད་ཀྱི་སྐྱེས་ཆེན་དམ་པ་ཀུན་གྱིས་སློབ་སྦྱོང་བྱས་ནས་བསྟན་པ་ལ་དག་ཐེར་དང་འཛིན་སྐྱོང་གནང་པ་ཞིག་ལས་གཞན་དུ་མེད། དེང་གི་ཆར་འཛམ་གླིང་ཤར་ནུབ་ཀྱི་མི་མང་པོས་ནང་བསྟན་ལ་དོ་སྣང་དང་ཡིད་ཆེས་བྱེད་པ་དེའང་གཙོ་བོ་སློབ་སྦྱོང་གི་ཐོག་ནས་ཡོང་གི་འདུག དེ་ཙམ་མ་ཟད་ནང་ཆོས་ཀྱི་གཟི་བརྗིད་ཀྱང་སློབ་སྦྱོང་དང་སློབ་སྦྱོང་ལས་མཆེད་པའི་གཏན་ཚིགས་ལས་ཡོང་བར་མཐོང་། ཆོས་ལུགས་གཞན་པ་གང་ལའང་དད་མོས་དང་བཀའ་ཁྲིམས་བརྩི་འཇོག་བྱེད་པ་ཙམ་ལས། སློབ་སྦྱོང་དང་ཤེབ་རབ་ཀྱིས་དཔྱད་ཞིབ་བྱེད་རིན་ཡོད་པའི་ཆོས་ལུགས་ནི་ཕལ་ཆེར་ནང་ཆོས་ཁོ་ན་ཡིན་པར་གསུང་བཞིན་འདུག དེ་འདྲ་ཡིན་ཙང་། བོད་པ་སྤྱི་དང་ལྷག་པར་དུ་རབ་ཏུ་བྱུང་བས་སློབ་སྦྱོང་ལ་འབད་པ་ནི་ཆེས་གལ་ཆེ་བར་མཐོང་། སློབ་སྦྱོང་བྱེད་དུས་ཀྱང་ལུང་ཙམ་དང་གཏམ་རྒྱུད་ཙམ་སྒྲིབ་བྱེད་དུ་འགོད་པ་ཙམ་མ་ཡིན་པར། གཙོ་བོ་རིགས་པའི་ལམ་ནས་སྒྲོ་འདོགས་ཆོད་པ་ཞིག་བྱེད་དགོས། དེ་ནི་དཔལ་ལྡན་ཆོས་གྲགས་དང་ཟླ་གྲགས་སོགས་སྔོན་བྱོན་གྱི་སྐྱེས་ཆེན་མང་པོའི་གཤེགས་ཤུལ་ཞིག་ཡིན་ལ། ང་ཚོ་རྗེས་རབས་པ་དག་གིས་ཀྱང་རིགས་ལམ་དང་དཔྱོད་ཤེས་ཀྱི་ཐོག་ནས་སློབ་སྦྱོང་ཅི་ཕྱིར་མི་བྱེད་དེ་ངེས་པར་དུ་བྱེད་དགོས།
དེ་ཙམ་དུ་མ་ཟད་སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་པ་རྣམས་དང་ལོ་ཙྭ་བ་བཀའ་དྲིན་ཅན་རྣམས་ཀྱིས་སྐུ་ངལ་མཛད་མེད་ཀྱི་ཐོག་ནས། རྒྱ་གར་ནས་བོད་དུ་སངས་རྒྱས་གྱི་བསྟན་པ་ནང་འདྲེན་བྱེད་ཚུལ་དེ་ཡང་དེང་དུས་གི་ཤར་ནུབ་ཀྱི་མི་རིགས་ཁག་གི་ནང་ཆོས་ལ་དོ་སྣང་བྱེད་སྟངས་ལྟ་བུ་མ་ཡིན་པར། སངས་རྒྱས་ཀྱི་བསྟན་པའི་སྙིང་བཅུད་ངོ་མ་དེ་ལེན་ཐུབ་པ་བྱུང་ཡོད། དེ་འདྲའི་རིན་ཐང་དང་བྲལ་བ་སངས་རྒྱས་བསྟན་པ་དེ་འཛིན་སྐྱོང་བྱེད་དགོས་ན་ངེས་པ་དུ་སློབ་སྦྱོང་ལ་བསྟེན་ནས་ཡོང་དགོས་ངེས་རེད།
གསུམ་ལ། འཕྲོད་བསྟེན་གྱི་ཐོག་ནས་སྐད་ཆ་ཅུང་ཟད་བཤད་རྒྱུ་ཡིན།
དེང་སང་འཕྲོད་བསྟེན་དང་གཙང་སྦྲའི་ལས་འགུལ་སྣ་ཚོགས་དང་ཚོགས་འདུས་མང་པོ་འཛམ་གླིང་གི་ཡུལ་ལུང་དུ་མར་སྤེལ་བཞིན་ཡོད་པ་ལྟར་དུ། ང་ཚོ་སྒང་པ་བོད་ཀྱི་རྒན་གཞོན་བར་མ་གང་ལ་ཆ་མཚོན་ནའང་། འཕྲོད་བསྟེན་ནི་རང་གི་ཚེ་སྲོག་དང་འབྲེལ་བ་དམ་ཟབ་ཏུ་ཡོད་པའི་མཁོ་གལ་ཅན་གྱི་རྒྱུན་ཤེས་གལ་ཆེན་ཞིག་རེད། གལ་ཏེ། འཕྲོད་བསྟེན་མི་དེར་མེད་པ་ཡིན་ན། མཁས་དང་བཙུན་པ། འབྱོར་ལྡན་དང་གོ་ས་ཅན་སུ་ཡིན་རུང་། ལས་འགན་གང་ཡང་སྒྲུབ་མི་ནུས་པར་ཆགས་པའི་ཉེན་ཁ་ཡོད་པ་རེད། ལྷག་པར་དུ། མཐོ་སྒང་གི་ས་གནས་འདི་ལྟ་བུར་དམིགས་བསལ་གྱིས་འཕྲོད་བསྟེན་ལ་དོ་སྣང་དགོས་པ་རེད། གལ་ཏེ། འཕྲོད་བསྟེན་མ་བྱས་ན་ཁོར་ཡུག་དང་གནམ་གཤིས་གཉིས་ཆར་ནས་གནོད་སྐྱོན་མང་པོ་བྱུང་གི་ཡོད་པ་མངོན་འགྱུར་རེད་ལ། རང་ཉིད་ལོ་ན་བགྲེས་པོར་ཆགས་དུས་སྔོན་འཕྲོད་བསྟེན་མ་བྱས་པས་ནད་གཞི་མང་པོ་སྐྱེ་རྒྱུ་ཡོད་པ་དེའང་ཤེས་གསལ་ལྟར་རེད། ཁྱད་པར་དུ། དཀའ་བ་ཁྱད་གསོད་གནང་བའི་གྲྭ་བ་ཕྱག་དཔེ་བ་དག་གིས་ནི་ནམ་རྒྱུན་འགྲོ་ཆགས་ཉལ་འདུག་གི་སྤྱོད་ལམ་གང་གི་སྐབས་ལའང་འཕྲོད་བསྟེན་གལ་ཆེན་པོ་ཡིན། མ་ཟད། དགོན་སྡེ་སོ་སོས་ཀྱང་དགེ་འདུན་པའི་སྤྱི་ལ་ཕན་པའི་ཞལ་ལག་དང་བཞུགས་ཤག
གཙང་སྦྲ་དང་འཕྲོད་བསྟེན་སོགས་ལ་འབད་དགོས་པ་ལས། སྣུམ་ཟས་དང་ཞོར་ཟས་ཀྱི་རིགས་བསྟེན་པ་མང་དྲགས་པ་དང་། དུས་ལྟར་སྨན་བཅོས་མི་བྱེད་པ། ལུས་ལ་ཚིམ་པའི་ན་བཟའ་མི་གྱོན་པ་སོགས་འཕྲོད་བསྟེན་ལ་གནོད་པའི་འགལ་རྐྱེན་དང་གནོད་ཚབས་ཆེ་བའི་རིགས་ལ་མི་འཇུག་པར། ནམ་རྒྱུན་འཕྲོད་བསྟེན་དང་གཙང་སྦྲ་ལ་འབད་པ་ནི་ཆེས་གལ་ཆེན་པོ་མཐོང་གི་འདུག རྒྱུ་མཚན། སློབ་གཉེར་བ་ནི་མ་འོངས་པའི་སངས་རྒྱས་བསྟན་པའི་བདག་པོ་ཡིན་པས། དེ་དག་ལ་འཕྲོད་བསྟེན་ནི་མེད་ཐབས་མེད་པ་ཞིག་ཆགས་ཡོད། གོང་གི་དོན་ཚན་གསུམ་པོ་དེ་དག་ལ། ང་རང་གི་བསམ་ཚུལ་ཙམ་ཞིག་ལས་དཔྱད་མཐའ་རན་པ་གང་ཡང་མིན་སྟབས། ནོར་འཁྲུལ་རིགས་བྱུང་ཡོད་ན་ཚང་མ་ལ་བཟོད་གསོལ་དང་ལེགས་པའི་ཆ་ཅུང་ཡོད་ན་ཅི་ནས་ཀྱང་ཕྱག་ལེན་ལ་ཐེབས་པ་ཞུ་ཞུ།ཚང་མ་ལ་ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།།
ཚ་སྤྲུལ་སྐུ་འཕྲེང་བཞི་པ་ཆོས་འཕེལ་བྱམས་པ་རིན་པོ་ཆེ་མཆོག་གིས། སྤྱི་ལོ་ ༢༠༡༥ ལོའི་ཟླ་༩ ཚེས་༢༣ཉིན། མདོ་ཁམས་རྫ་སེར་ཤུལ་དགོན་དུ་འཚོགས་པའི་གངས་ལྗོངས་སྤྱི་རིམ་ཆེན་མོ་《གངས་རྒྱན་སྨོན་ལམ་》ཞེས་པའི་ཆོས་ཚོགས་བླ་གྲྭ་ཁྲི་ཕྲག་ལས་བརྒལ་བའི་དབུས་སུ་བཀའ་སློབ་གནངས་པའི་གསུང་ཚན་པ་ཞིག་གི་མགར་མུན་སེལ་ཡི་གེར་ཕབ།
·གསར་འགྱུར་གོང་མ:མི་བུ་རེ་རེའི་སྒེར་ཚུགས་དང་རྒྱལ་ཁབ་ཀྱི་སྒེར་ཚུགས།
·གསར་འགྱུར་འོག་མ:མི་ཆོས་ལས་འཕྲོས་པའི་བསླབ་བྱ་
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·མི་ཆོས་ལས་འཕྲོས་པའི་བསླབ་བྱ་ 2015/12/1 14:15:34
·མི་བུ་རེ་རེའི་སྒེར་ཚུགས་དང་རྒྱལ་ཁབ་ཀྱི་སྒེར་ཚུགས། 2015/11/18 13:00:16
·མིའི་ཐོབ་ཐང་དང་དམངས་གཙོ། 2015/6/9 11:12:53
·དེང་གི་ཡུལ་མི་རྣམས་ལ་གཏམ་དུ་བྱ་བ། 2015/1/17 11:39:30
·མཁས་པའི་གསུང་སྒྲོས་ལ་སྦྱར་བའི་མི་ཆོས་ལེགས་བཤད་ 2014/5/11 14:43:07
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS