ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
  གསར་འགྱུར་ཀློག་པ།

གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ།

[རྩོམ་པ་པོ:ཁོན་ཐར་རྒྱལ།  ཡོང་ཁུངས:བོད་ཀྱི་སློབ་གསོ།  དུས་ཚོད:2015/10/28 12:35:46  བཀླགས་ཐེངས:1155][ཡིག་གཟུགས:ཡིག་གཟུགས་མདོག]

གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ།

________________________

-གྲོང་ཁྱེར་གྱི་ཕ་མ་ཞིག་གིས་རང་གི་བུ་ཕྲུག་ལ་བསྩལ་བའི་མི་ཚེའི་གདམས་ངག


མཚོ་སྔོན་ཟི་ལིང་པར་སྐྲུན་ཁང་།  ཁོན་ཐར་རྒྱལ།

\

སྙིང་གི་བུ་ཆུང་གནམ་གྱིས་བསྲུང་རྒྱུ་ལགས། ཁྱོད་ཉིད་མཚར་སྡུག་གི་འཇིག་རྟེན་འདིར་སླེབས་ཏེ་ཕ་མ་ཟུང་ལ་རེ་བཞག་གི་འཛུམ་ཆུང་་བསྣན་པ་དེར་ང་རང་ཅི་ནས་ཀྱང་ལོས་དགའ་མོད། ཡིན་ནའང་ཁྱོད་རང་སྐྱེས་པའི་དུས་སྐད་ཅིག་མ་དེ་ནས་བཟུང་སྟེ། ཨ་ཕ་ང་བར་མཚམས་མེད་པར་སེམས་ཁུར་དང་བསམ་གཞིག་ལྕི་མོས་ཡོངས་སུ་ནོན་རྐྱེན། ད་ལྟ་ནི་མཚན་མོའི་གཉིད་ཐེབས་ཀྱང་ཆག་སོང་།

སྤྱིར་བཤད་ན། དུས་རབས་ཉེར་གཅིག་པ་ནི་མི་ཚོས་ཤེས་ཡོན་གྱི་གཏེར་མཛོད་དང་། ཚན་རིག་གི་བྱེད་པོ། བདེ་སྐྱིད་ཀྱི་ཞིང་ཁམས་ཉག་གཅིག་ཏུ་སྒོམ་བཞིན་ཡོད་ཅིང་། ཁྱོད་ཀྱིས་ཀྱང་སྐལ་བཟང་གི་དུས་སྐབས་འདི་ལྟ་བུ་ཞིག་ཏུ་ཕྱི་སྣོད་གངས་དང་ནང་བཅུད་སྤང་ལ་བཞད་པའི་རྫོགས་ལྡན་སྒང་བ་བོད་ཀྱི་ཡུལ་དབུས་སུ། ལས་ཀྱི་མཐའ་མ་ལོག་པར་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ཡི་ལུས་རྟེན་བཟང་བོ་ཞིག་རྙེད་པར་ཨ་ཕ་ང་རང་དེ་བས་ཀྱང་དགའ་བཞིན་པ་སྨོས་ཅི་དགོས། ཡིན་ནའང་ངས་ཁྱོད་ཀྱི་མི་ཚེ་རིང་མོར་མནོ་བསམ་རེ་བགྱིས་ཚེ། ཁྱོད་རང་རྐྱང་འདྲ་འབྲོང་འདྲ་དང་སྟག་འདྲ་གཟིག་འདྲའི་གངས་ཅན་བོད་ཀྱི་བུ་ཕྲུག་དངོས་པ་ཞིག་ཏུ་སྐྱེད་སྲིང་བྱེད་པར་བསམ་བློ་རེ་འཁོར་ཚེ། ངས་ད་གཟོད་དོན་དག་ཡོད་ཚད་ཀྱི་འགག་རྩ་ནི་དེ་འདྲའི་སླ་མོ་ཞིག་མ་ཡིན་ཁྱོན་ནས་རྟོགས་ཡོང་།

དེང་སྐབས་ནི་བོད་ཡུལ་ཁམས་འདིའི་བྱ་དངོས་ཡོད་དོ་ཅོག་ལ་ཕྱི་ནས་བལྟས་ན་རྫ་རི་སྨུག་པོ་སྟེ། དག་གཙང་གི་ཁོར་ཡུག་དང་རྔམ་བརྗིད་ཀྱི་འཛུགས་སྐྲུན། གྲལ་དག་པའི་གྱོན་གོས་དང་ཞིམ་མངར་གྱི་ཟས་མཆོག མྱུར་མགྱོགས་ཀྱི་འགྲིམ་འགྲུལ་དང་དཔལ་ཡོན་གྱི་སློབ་གསོ་སོགས་ཕལ་ཆེར་ཟས་གོས་རང་གྲུབ་ཀྱི་རྫོགས་ལྡན་ལྷའི་ཞིང་ཁམས་དང་དབྱེར་མ་མཆིས་མོད། འོན་ཀྱང་རང་སེམས་ནང་དུ་བཀུག་ནས་ཞིབ་འདང་རེ་བརྒྱབ་ཚེ། མཐོ་དཔོན་པོ་ལ་ལས་དང་རྒྱུ་འབྲས་སྟོང་ཞིང་། འབངས་མི་སེར་རྣམས་ཅོལ་ཆུང་གཡམ་རྒྱུག་ཆེ་བ། ཤེས་ཡོན་པ་ལ་བློ་སྦྱོང་གི་ཆུ་ཚད་དམན་ཞིང་། སློབ་མ་ལ་ཧུར་བརྩོན་གྱི་སྡུག་རུས་བྲལ་བ། མདོར་ན་བོད་ཀྱི་སྐྱེ་བོ་སུ་ཡང་ལྷག་བསམ་གྱིས་དབུལ་ཞིང་ཟོལ་ཟོག་ལ་དགའ་བའི་དུས་རབས་སྐྱི་གཡའ་བ་ཞིག་ཏུ་མཐོང་བས། བོད་ཀྱི་སྐྱེས་ཆེན་་དགུང་གི་ཉི་མ་ལྟ་བུ་དག་དལ་གྱིས་ནུབ་རི་ལ་གཟིམས་པ་དང་ཆབས་ཅིག ད་ནི་ཕྱི་ཚུལ་ནས་སྤམ་མདོག་རྫིག་མདོག་སྟོན་མཁན་ཇེ་མང་ནས་ཇེ་མང་ལ་ནང་སེམས་ན་ལུང་རྟོགས་ཀྱི་ཡོན་ཏན་འཁྲུངས་མཁན་མོ་གཤམ་གྱི་བུ་ལྟ་བུ། དབུ་མ་དང་ཕར་ཕྱིན་གྱི་དམ་བཅའ་འབུལ་མཁན་ཇེ་མང་ནས་ཇེ་མང་ལ་རྣམ་དཔྱོད་དབུ་མའི་བཙན་ས་ཟིན་མཁན་རུས་སྦལ་གྱི་སྤུ་ལྟ་བུ། རབ་འབྱམས་དང་འབུམ་རབས་མཁས་པའི་ཐོབ་ཐང་འཁུར་མཁན་ཇེ་མང་ནས་ཇེ་མང་ལ་འདུས་བྱས་ཆོས་ཉིད་ཀྱི་ངོ་བོ་རྗེན་པར་གཟིགས་མཁན་ཉིན་མོའི་སྐར་མ་ལྟ་བུའི་ཚོད་དུ་གདའ། ཏག་ཏག་དུས་རབས་ཀྱི་ལམ་ཁ་དེ་ཡང་ཁྱོད་ཀྱིས་མ་བརྒྱུད་འོས་མེད་པའི་བགྲོད་ལམ་གྱི་ཁོར་ཡུག་ཡིན་པས་ན། ཨ་ཕ་ང་རང་ཡང་ཁྱོད་ཀྱི་དོན་དུ་སེམས་ཁུར་ཤིན་ཏུ་ལྕི་སྟེ། དུས་རབས་འདིའི་ངན་ཤན་དང་གོམས་གཤིས་ངན་པའི་རླུང་ཤུགས་ཀྱིས་ཁྱེར་ཏེ། ཁྱོད་རང་ཡང་གྲགས་སྟོང་འུད་ཀྱིས་བརྟས་པ་དབུགས་ཀྱིས་བཀང་བའི་རྐྱལ་བ་ལྟ་བུ་ཞིག་ཏུ་མི་འགྱུར་རམ་སྙམ་པའི་སེམས་ཁུར་ལྕི་ཞིང་། ཁྱོད་རང་ཡང་ཕྱི་རྫིག་ནང་སྙིང་སྟོང་བ་གསེར་བུམ་ལ་ཁྱི་ཡི་རྟུག་པ་བླུགས་འདྲ་ཞིག་ཏུ་མི་འགྱུར་རམ་སྙམ་པའི་སེམས་ཁུར་ལྕི། ཁྱོད་རང་སྡར་མས་དཔའ་རྟགས་ངོམས་པ་སེང་ལྤགས་ཁྱི་ལ་གཡོགས་འདྲ་ཞིག་ཏུ་མི་འགྱུར་རམ་སྙམ་པའི་སེམས་ཁུར་ལྕི་ཞིང་། ཡང་ཁྱོད་རང་དམུན་པོར་ཐོབ་ཐང་བསྩལ་བ་ཝ་སྐྱེས་རྒྱལ་པོར་བསྐོས་འདྲ་ཞིག་ཏུ་མི་འགྱུར་རམ་སྙམ་པའི་སེམས་ཁུར་གྱིས་རྟག་ཏུ་མནན་ཡོང་། སྙིང་གི་གཅེས་ལོ་ལགས། ངེད་ཕ་མ་གཉིས་ཀྱིས་ཁྱོད་ལ་བཟུང་བའི་རེ་ལྟོས་ཉིད་ཇི་ལྟར་ཆེ་ན། ཡིད་ཀྱི་ན་ཟུག་དང་སེམས་ཁུར་ཡང་དེ་ལྟར་དུ་འཕེལ་དོན་ཅི།

རྒྱུན་ལྡན་གྱི་གནས་བབ་ལྟར་ན། ཁྱོད་ཀྱིས་ད་ལྟའི་ཕྱོགས་ཀུན་ནས་འགྲན་རྩོད་ཀྱིས་ཁེངས་པའི་སྤྱི་ཚོགས་འདིའི་བྱིས་པ་ཞིག་གི་སྐྱེ་བ་བླངས་ཕྱིན། རིམ་པ་བཞིན་བྱིས་སྐྱོང་ཁང་ནས་སློབ་ཆུང་དང་། སློབ་ཆུང་ནས་དམའ་འབྲིང་། དམའ་འབྲིང་ནས་མཐོ་འབྲིང་། མཐོ་འབྲིང་ནས་སློབ་གྲྭ་ཆེན་པོ་དང་ཞིབ་འཇུག་སློབ་མ་སོགས་སུ་སློབ་སྦྱོང་རྒྱུགས་སྤྲོད་ཀྱི་རྣམ་པ་ཁོ་ནར་བརྟེན་ནས་འགྲོ་དགོས་པ་དེང་འདིའི་སྤྱི་ཚོགས་ཀྱི་འགྲོ་ལུགས་ལགས་ཀྱང་། ངེད་ཕ་མ་གཉིས་ཀྱི་རེ་བ་ཉག་གཅིག་ནི་ཁྱོད་ཀྱིས་ཚུལ་འཆོས་དང་སྦམ་བརྫུ་ཁོ་ན་རྒྱན་དུ་སྤྲོས་ཤིང་། བཀུར་སྟི་དང་སྙན་གྲགས་སྟོང་བ་དམིགས་སུ་བཟུང་ནས། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། ཆིང་ཧྭ་སློབ་ཆེན་སོགས་ནས་མཐར་ཕྱིན་ཏེ་གདོས་སུ་ཆེ་བའི་ལག་རྟགས་བརྩེགས་རིམ་དུ་མ་ཞིག་ཤ་ཉེ་ཁྱིམ་མཚེས་དག་གི་ངོམ་སོར་ཁྱེར་ཡོང་རྒྱུ་དེ་མ་ཡིན་པར། ཆུང་ངུའི་དུས་ནས་ནང་སེམས་ཀྱི་འདུ་འཛི་ཐབས་ཅད་གཡུང་ལ་ཕབ་སྟེ་མདོ་རྒྱུད་རིག་གནས་ཀུན་ལ་ཤ་འདྲེས་པགས་འདྲེས་ཀྱི་ཐོས་བསམ་རྣལ་མ་ཞིག་བྱ་རྒྱུ་སྟེ། དང་པོ་ཀ་ཁ་ནས་བཟུང་སྟེ་སྒྲ་གདངས་དང་སྨྲ་ལྕེ་དག་པ། བར་དུ་སུམ་རྟགས་ནས་བཟུང་སྟེ་བརྡ་སྤྲོད་པའི་ལོག་ལམ་དུ་མ་གོལ་བ། མཐའ་མར་མེས་པོའི་ལེགས་བཤད་དང་བསྟན་བཅོས་ཀུན་ལ་ཐོས་བསམ་གྱི་ཉམས་ལེན་གདམས་པར་ཤར་བ། མདོར་ན་གཞན་དྲིང་མི་འཇོག་པའི་བློ་དང་རྣམ་དཔྱོད་ཀྱི་སྟོབས་རྒྱས་ཤིང་། ངལ་བ་མེད་པའི་བརྩོན་འགྲུས་ཀྱི་གྲུ་ཆེན་ལ་བརྟེན་ནས་མཐའ་ཡས་གཞུང་ལུགས་རྒྱ་མཚོར་སྤོབས་པས་འཇུག་པ་ན། དེ་ནི་ངེད་ཕ་མ་གཉིས་ཀའི་འདོད་ཐོག་ཏུ་རྟ་རྒྱུག་པ་ཡིན་ཞིང་། དེ་ནི་དེང་གི་ཉི་ཚེ་བའི་མཐར་ཕྱིན་དཔང་ཡིག་ཙམ་དང་བསྡུར་ན་ཁྱོད་ལ་འཐོབ་འོས་པའི་མི་ཚེའི་གཟི་བརྗིད་དང་རིན་ཐང་ངོ་མ་དེ་ཡིན་པས་ན། ཚེ་འདིར་ཁྱོད་ཀྱིས་རང་གི་ཕ་མ་དང་མི་རིགས་འདི་ལ་དེ་ལས་ལྷག་པའི་དྲིན་ལན་ཞིག་ཀྱང་འཇལ་ཐབས་མེད་དོ། །

སྙིང་གི་བུ་ཆུང་ལགས། དོན་ངོ་མར་བཤད་ན། ཟླ་ངོ་གསུམ་ཏག་ཏག་ལོན་པའི་ཁྱོད་རང་འདི་ལྟར་ཐག་རིང་གི་ཨ་མ་ལོ་ལོན་ཡོད་སར་སྐྱེལ་རྒྱུ་ནི་ངེད་ཕ་མ་གཉིས་ཀས་ཀྱང་ག་ལ་ནུས། ཁྱོད་ཉིད་ཕ་ཡུལ་དུ་བསྐྱུར་བའི་ཉིན་མོ་དེ་ནས་བཟུང་སྟེ། ཁྱོད་ཀྱི་ཨ་མས་རྒྱུན་དུ་ཅི་ཆ་མེད་པར་ང་རང་ལ་མཆི་མ་གཏོར་ཞིང་། ཁ་པར་ནང་ཤར་བའི་ཁྱོད་ཀྱིས་འདྲ་རིས་ལ་ལྟ་བཞིན། “ངའི་སེམས་ཀྱི་གཅེས་ལོ་གེ་རེ། འདི་ནི་སྙིང་རེ་རྗེ་ཨང… …”ཞེས་ཆིག་ལབ་དང་ཁེར་བཤད་རྒྱག་པའི་མཚམས་མི་ཆད། དོན་འདི་མཐོང་ཐེངས་རེ་ལ། ཕྱི་ཚུལ་དུ་སྐྱེས་ཕོ་རབ་ཀྱི་རྣམ་ཐར་སྐྱོང་བའི་ཨ་ཕ་ང་ཡང་ཡ་ཆུང་གཟེར་བྲེང་བྲེང་དང་སྣ་ཁུང་ཚ་བེར་བེར་བྱས་ཏེ། མཆི་མའི་རྡོག་པོ་འགའ་ཞིག་མིག་ཁར་འཚངས་མོད། འོན་ཀྱང་ཁྱོད་ཀྱི་མ་འོངས་པའི་ལས་དབང་མི་སྐྱེས་ཀྱི་རིན་ཐང་སོགས་འདང་བརྒྱབ་ཚེ། འུ་ཅག་ཡུད་ཙམ་བྲལ་བའི་གདུང་བ་འདི་ཙམ་ནི་གང་ལའང་རྩི་ཡི་མ་རེད། དེ་བས། ཨ་ཕས་ལྐོག་ཏུ་ཨམ་གཙུགས་སྡོམ་བཞིན་བསྲན་པ་ཡིན། ཁྱོད་རང་རྣམ་དག་བོད་པའི་བུ་རྒྱུད་འཁྲུལ་མེད་ཅིག་འཁྲུངས་ཏེ་ཕ་མེས་ཀྱི་ངོ་སོ་མི་འབོར་ཆེད། ཨ་ཕས་བསྲན་བཙུགས་ཏེ་སྔར་བཞིན་བཟོད་སྒོམ་བྱས་པ་ཡིན། བུ་ཆུང་ལགས། ནམ་ཞིག་ཁྱོད་ཀྱིས་ཀྱང་རྟོགས་ངེས་ཏེ། ཨ་ཕ་ནི་མ་གཞི་ནས་མདུན་གྱི་སྡུག་བསྔལ་ཕྲན་ཙམ་ལ་སྐྲག་ནས་ཕུགས་ཀྱི་དོན་ཆེན་རླག་མཁན་སྡར་མ་དེའི་རིགས་སུ་མི་གཏོགས་པས། འུ་ཅག་ཕ་མ་བུ་གསུམ་དར་ཅིག་རིང་ཁ་བྲལ་བའི་སྡུག་བསྔལ་འདི་ཉིད། ནམ་ཞིག་ཁྱོད་ཀྱི་ལུས་སྟེང་ལ་གསེར་མདོག་ཉི་མའི་འོད་སྣང་ལྟར་བདེ་སྐྱིད་དང་གཟི་བརྗིད་དུ་འབར་ངེས་ཤིང་། དེ་དུས་ད་གཟོད་ཁྱོད་ཀྱིས་རང་གི་ཕ་རྒན་གྱི་གདམ་ག་འདི་འཆུགས་མེད་པའི་ངེས་པ་དང་དཔའ་གདེང་རྙེད་སྲིད།

སྤྱིར་ན་གྲོང་ཁྱེར་གྱི་བོད་མི་ཕལ་མོ་ཆེ་ལྟར། ཁྱོད་ཀྱི་ཕ་མ་གཉིས་ཀས་ཀྱང་རང་གི་ལྟོ་རྒྱབ་མི་ཕོངས་པའི་སྤྱི་གཞུང་གི་ལས་ཀ་སྣ་རེ་གཉེར་བཞིན་ཡོད་པས། ཁྱོད་རང་གྲོང་ཁྱེར་འདིའི་སློབ་གྲྭར་འགྲིམ་དུ་བཅུག་ནའང་སློབ་གསོའི་གཏོང་གྲོན་ལ་ནི་ཁྱད་པར་གང་ཡང་མི་འདུག་མོད། ཡིན་ནའང་ས་འདིར་ཁྱོད་ལ་སྤྲེའུ་དང་བྲག་སྲིན་གྱི་གཏམ་རྒྱུད་འཆད་མཁན་མེད་པས། ནམ་ཞིག་ཁྱོད་ཀྱིས་ཡབ་མེས་ཀྱི་ལོ་རྒྱུས་མ་ཤེས་ན་འུ་ཕ་བུ་ལ་དེ་ལས་ལྷག་པའི་ངོ་ཚ་ཞིག་གང་ན་ཡོད། ས་འདིར་ཁྱོད་ལ་ཡིག་དྲུག་གི་དབྱངས་རྟ་གྱེར་མཁན་མེད་པས། ནམ་ཞིག་ཁྱོད་ཀྱིས་རིགས་རྒྱུད་ཀྱི་གོམས་སྲོལ་མ་རྟོགས་ན་འུ་ཕ་བུ་ལ་དེ་ལས་ལྷག་པའི་ངོ་ཚ་ཞིག་གང་ན་ཡོད། ས་འདིར་ཁྱོད་ལ་དབྱངས་གསལ་གྱི་ཀ་ཁ་འཁྲིད་མཁན་མེད་པས། ནམ་ཞིག་ཁྱོད་ཀྱིས་སྐད་ཡིག་གི་སྦྱོར་ཀློག་མ་འཁྱོངས་ན་འུ་ཕ་བུ་ལ་དེ་ལས་ལྷག་པའི་ངོ་ཚ་ཞིག་གང་ན་ཡོད། མདོར་ན་ས་འདིར་ཁྱོད་ལ་ཡུམ་སྐད་ཀྱི་སྣང་བ་ཆར་བཞིན་འཇོ་བའི་ཁོར་ཡུག་དེ་མེད་པས། ནམ་ཞིག་ཁྱོད་ཀྱིས་རང་ཡུལ་གྱི་གོ་བརྡ་མ་འཕྲོད་ན་འུ་ཕ་བུ་ལ་དེ་ལས་ལྷག་པའི་ངོ་ཚ་ཞིག་དང་། དེ་ལས་པའི་བླ་རྡོལ་ཞིག དེ་ལས་ལྷག་པའི་ཞབས་འདྲེན་ཞིག་གང་ན་ཡོད་དེ། མེད་དོ། ། རྒྱུ་མཚན་ནི། ཕ་མེས་ཀྱི་སྐད་བརྡ་མི་འཕྲོད་པའི་གདུང་རྒྱུད་ཅིག ཨ་ཕ་ང་ལ་མཚོན་ནའང་ཡོད་པ་དང་མེད་པ་གཅིག་འདྲ་ཡིན་ཞིང་། ཕ་མེས་ཀྱི་སྐད་བརྡ་མི་འཕྲོད་པའི་བོད་མི་ཞིག མི་རིགས་འདིར་མཚོན་ནའང་ཡོད་པས་ཡོད་གོ་མི་ཆོད་ལ་མེད་པས་མེད་གོ་ཡང་མི་ཆོད་དོ། །

ཁྱོད་ཀྱིས་ད་དུང་ཉོན་དང་གཅེས་ལོ་ལགས། དེང་གི་གྲོང་ཁྱེར་གྱི་བོད་མི་ཚོའི་ཟེར་སྟངས་ཤིག་ལ། གྲོང་ཁྱེར་ནས་སློབ་གྲྭར་ཆུགས་དང་སློབ་གྲྭའི་ཆ་རྐྱེན་ལེགས་ཟེར། དེང་གི་གྲོང་ཁྱེར་གྱི་བོད་མི་ཚོའི་ཟེར་སྟངས་ཤིག་ལ། གྲོང་ཁྱེར་ནས་སློབ་གྲྭར་ཆུགས་དང་སློབ་གསོའི་རྒྱུ་སྤུས་བཟང་ཟེར། དེང་གི་གྲོང་ཁྱེར་གྱི་བོད་མི་ཚོའི་ཟེར་སྟངས་ཤིག་ལ། གྲོང་ཁྱེར་ནས་སློབ་གྲྭར་ཆུགས་དང་སློབ་སྦྱོང་གི་མཁའ་དབུགས་བཟང་ཟེར། དྲང་མོར་བཤད་ན། ཁོ་ཚའོི་ཤོད་སྟངས་དེ་རིགས་ཀྱང་གཏན་ནས་གནས་ལུགས་མེད་པ་ཞིག་མིན་ན་ཐང་། ཡིན་ནའང་ནམ་རྒྱུན་སྐད་ཆ་དེ་རིགས་ཤོད་མཁན་གྱི་བོད་མི་དག་ལ་འཕྲད་ཐེངས་རེར། ངས་ཁོ་ཚོའི་ལུས་པོའི་མགོ་མཇུག་བར་གསུམ་དུ་ཞིབ་ལྟ་ཐེངས་ཤིག་མི་བྱེད་ཀ་མེད་རེད། རྒྱུ་མཚན་ནི། ཐམས་ཅད་བོད་མི་ཡིན་པ་འདྲ་འདྲ་ལ། ཀུན་གྱི་བསམ་པའི་འཁྱེར་སོ་ཁ་ཁ་རེད། བོད་མི་ཞིག་ཡིན་པ་ནས་ཀྱང་། ཁོ་ཚོ་ནི་གང་ཞིག་ཁྱབ་རྒྱུགས་ཆེ་བ་སློབ་མཁས་ལས། གང་ཞིག་འབོར་མི་ཉན་པ་ཤེས་པའི་བོད་མི་ཞིག་མ་རེད། ཁོ་ཚོ་ནི་གང་ནས་བྱ་བ་རེག་ན་སྙེག་མཁན་ལས། གང་ཞིག་སྐྱུར་མི་རུང་བ་ཤེས་པའི་བོད་མི་ཞིག་མ་རེད། ཁོ་ཚོ་ནི་གང་གིས་ལྟོ་རྒྱབ་སོས་ནས་སྒྲུབ་མཁན་ལས། གང་ཞིག་ངོ་ཚ་ཡིན་པ་ཤེས་པའི་བོད་མི་ཞིག་མ་རེད། ཁོ་ནི་གང་ན་ཁེ་བཟང་ཡོད་ན་ལེན་མཁན་ལས། ངོ་སོ་ལ་རྒྱ་དགོས་པའི་བོད་མི་ཞིག་མ་རེད། མདོར་ན། ཁོ་ནི་ཚོ་ནི་བོད་མིའི་རྒྱུད་པ་ཁོ་ནར་གཏོགས་མཁན་ཞིག་ལས། སེམས་ན་རུས་པ་ཅན་གྱི་བོད་མི་ཞིག་མ་རེད། གལ་སྲིད་ཁོ་ཚོ་ནི་ལ་རྒྱ་དང་རུས་པ་ཅན་གྱི་བོད་མི་ཞིག་ཡིན་ཚེ། ལོ་ངོ་གང་མང་གི་རིང་ལ། སློབ་གསོའི་ཆ་རྐྱེན་དང་རྒྱུ་སྤུས་ཟེར་བའི་བསླུ་བྲིད་དེས་རང་ཅག་ཁྲིད་ནས་བོད་མའི་བས་མཐའ་ཞིག་ཏུ་སྐྱོད་ཀྱིན་པ་རྟོགས་སྲིད་ལ། སྐྱོད་ཀྱིན་སྐྱོད་ཀྱིན་དུ་རང་ཉིད་ནི་བོད་མི་མ་ཡིན་པའི་ངོ་བོ་གཞན་ཞིག་ཏུ་འགྱུར་བཞིན་པའང་རྟོགས་ངེས། དེ་དུས་བྱིས་པ་དེར་སྤུས་ལེགས་སློབ་གསོ་ཐོབ་ཡོད་ཀྱང་བོད་སྐད་མི་ཤོད་པས། བོད་སྐད་མི་ཤོད་པའི་བོད་མི་ཞིག་ལ་ད་དུང་བོད་མི་ཞེས་འབོད་དམ། དེ་དུས་བྱིས་པ་དེར་ཤེས་ཡོན་བློ་རིག་རྒྱས་ཀྱང་བོད་ཡིག་མི་རྟོགས་པས། བོད་ཡིག་མི་རྟོགས་པའི་བོད་ཀྱི་ཤེས་ཡོན་པ་དེས་བོད་འབངས་ལ་ཕན་པ་དང་ཞབས་འདེགས་ག་རེ་བསྒྲུབ་ཐུབ་བམ། མཐར་གཏུགས་ན། འུ་ཅག་གིས་སློབ་གསོའི་རྒྱུ་སྤུས་ཞེས་སྙེག་གིན་སྙེག་གིན་དུ་བུ་ཕྲུག་གི་བོད་མིའི་གཤིས་ཀ་དེ་རྩ་བ་ཉིད་ནས་བོར་བརླག་ཏུ་བཏང་ཟིན་པས། བོད་གཤིས་མེད་པའི་བུ་ཕྲུག་ཅིག་གིས་བོད་ཀྱི་ཁོག་དཔུང་དང་མགོ་རྣ་ག་ཚོད་ཟིན་ནམ།

དེ་བས་ངའི་སྙིང་གི་བུ་ཆུང་ལགས། རང་གི་འཚོ་གནས་དང་ལྟོ་རྒྱབ་ཀྱི་སླད་དུ་རིགས་རུས་རྒྱབ་ཏུ་བོར་བའི་ཅོལ་ཆུང་མགོ་ཡང་གི་ཕ་མ་ཞིག་ཨ་ཕ་ང་ཡང་བྱེད་འདོད་མི་འདུག་ལ། “བཟང་བཏུང་ལོངས་སྤྱོད་ཕྱི་ཡི་སྐྱིད་ཆས་ཙམ་འགྲིག་ཀྱང་། ། བློ་བདེ་གུ་ཡངས་ནང་གི་སྐྱིད་ཉམས་དེ་མི་འདུག །”པའི་བོད་མིན་ཕུང་བུ་གསུམ་པ་བ་ཞིག་བུ་ཆུང་ཁྱོད་ཀྱིས་ཀྱང་བྱས་ན་མི་འོས་པས། སྔ་འདང་ཕྱི་འདང་མང་པོ་ཞིག་བརྒྱབ་སྟེ་གྲོང་ཁྱེར་གྱི་སློབ་གསོའི་རྒྱུ་སྤུས་འདི་ཉིད་བློས་བཏང་བ་ཡིན་ཞིང་། ཁྱོད་ཀྱིས་ཀྱང་ཨ་ཕ་ངའི་སེམས་ཤུགས་འདི་རྟོགས་པར་བྱས་ཏེ། མ་མཐར་བོད་སྐད་ལ་ཐོགས་པ་མེད་ཅིང་བོད་ཡིག་གི་སྦྱོར་ཀློག་ཤེས་པའི་མི་ཞིག་ཏུ་འགྱུར་ཐུབ་ཚེ། ཁྱོད་ལ་སྲིད་གཞུང་གི་ལས་གནས་མ་རེག་རུང་། ཁྱོད་ལ་རྒྱལ་ཁབ་ཀྱི་ཅ་ནེ་མ་ཐོབ་རུང་། ཁྱོད་ཉིད་རང་གི་ཨ་ཕ་ལ་ངོ་གནོང་མི་དགོས་ཤིང་། ཨ་ཕ་ང་ཡང་རང་གི་མི་རིགས་འདིར་ངོ་གནོང་མི་དགོས་པས། སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར། འུ་ཅག་ཕ་བུ་གཉིས་བློ་བདེ་སེམས་སྐྱིད་ངང་འཚོ་ཆོག་སའི་གནས་ཤིག་ལོས་ཡོད།

བུ་ཆུང་ལགས། ངས་ནམ་རྒྱུན་ཁྱོད་ཉིད་ཀྱི་དོན་དུ་སེམས་པའི་བློས་བསླངས་མང་པོ་ཞིག་བྱེད་བཞིན་ཡོད། གལ་སྲིད་ངས་ཁྱོད་རང་གྲོང་ཁྱེར་འདིར་སློབ་གྲྭར་བསྐྱལ་བའི་བློས་བསླངས་ཤིག་བྱས་ཚེ། ཁྱོད་ཀྱི་མ་འོངས་པའི་ཁ་རིས་ངོ་ཚུགས་དག་ཀྱང་སྣང་ངོར་འཆར་འོང་ཞིང་། ཁྱོད་རང་སློབ་གྲྭའི་གུང་གསེང་གྲོལ་ནས་ཕྱིར་རང་ཁྱིམ་དུ་སླེབས་ཚེ། “པཱ་པཱ--” ཞེས་བོས་མི་ཡོང་ངམ་སྙམ་ནས་དངངས་སྐྲག་སྐྱེས་ཡོང་། རང་ཉིད་བོད་རིགས་ཀྱི་ཨ་ཕ་ཞིག་ཡིན་པའི་ཆ་ནས། སྐད་སྒྲ་དེ་ནི་ཇི་འདྲའི་རྣ་བར་གཟན་ཞིང་སྙིང་ལ་ཟུག་པའི་འབོད་སྐད་ཅིག་སྟེ། དེ་ནི་ཁྱོད་ཀྱིས་གློ་བུར་དུ་ཆུ་་འཁྱག་གྲང་མོ་ཟོ་བ་གང་ཨ་ཕའི་སེམས་མགོར་བྱོ་བ་དང་ཁྱད་པར་ཅི་ཡོད། ངས་དེ་ལྟར་བསམ་ཞིང་བསམ་བཞིན་དུ། ཁྱོད་དང་ཕ་མ་གཉིས་ཀའི་ཡུལ་མི་དག་གི་བར་ལའང་ལོ་ཙཱ་བྱེད་མཁན་ཞིག་མེད་ཚེ་ཕན་ཚུན་གོ་བརྡ་འཕྲོད་དཀའ་བའི་ལས་སྐལ་སྡུག་ཆགས་དེ་དྲན་འོང་ཞིང་། འུ་ཅག་ཕ་མ་བུ་ཕྲུག་དག་གི་སེམས་པའི་ཁ་ཐག་དེ་ཡང་རིམ་བཞིན་ཇེ་རིང་ནས་ཇེ་རིང་དུ་གྱུར་ཏེ། མཐར་སྐད་རིགས་དང་བྱ་སྤྱོད། གོམས་གཤིས་དང་ལྟ་བའི་འཁྱེར་སོ་ལ་སོགས་གཏན་ནས་མཚུངས་ཐབས་མེད་པའི་ཕ་མ་དང་བུ་ཕྲུག་ཅིག་ཏུ་གྱུར་ཚེ། ཨ་ཕ་ངས་རང་གི་མི་རིགས་འདི་ལ་ཇི་ལྟར་རྩིས་སྤྲོད་བྱ། ཨ་ཕ་ངས་རང་གི་ཡབ་མེས་དམ་པ་རྣམས་ལ་ཇི་ལྟར་རྩིས་སྤྲོད་བྱ། ཨ་ཕ་ངས་རང་གི་ཁྱིམ་རྒྱུད་དང་ཆུང་ནས་བསྐྱངས་པའི་དྲིན་ཆེན་གྱི་ཕ་མ་གཉིས་ལ་ཇི་ལྟར་གདོང་གཏད་དམ། ཨ་ཙི… …ད་ནི་ངས་མུ་མཐུད་དུ་དྲན་བཟོད་པ་མི་འདུག དེ་འདྲའི་གནོང་འགྱོད་ཆེ་བའི་མི་རིགས་ཀྱི་ཕ་མ་ཉེས་ཅན་དེ་ཚེ་ཚེ་རབས་རབས་སུ་ང་རང་མིན་པའི་སྨོན་ལམ་འདེབས། དེ་འདྲའི་འགན་འཁྲི་བྲལ་བའི་མི་རིགས་ཀྱི་ཕ་མ་གཏེ་བོ་དེ་སྐྱེ་བའི་ཕྲེང་བ་རུ་ང་རང་མིན་པའི་སྨོན་ལམ་འདེབས།

གཅེས་པའི་བུ་ཆུང་ལགས། ད་ནི་ཡིད་གཉིས་ཐེ་ཚོམ་མེད་པར་ཕྱིར་རང་གི་ཕ་ཡུལ་དུ་བཞུད་ཅིག དེ་རུ་ཁྱོད་ལ་གྲོང་ཁྱེར་གྱི་དུད་སྤྲིན་ལས་ལྷག་པའི་མཁའ་དབུགས་གཙང་མ་ཡོད་པས། ཁྱོད་ཀྱིས་རི་རབ་ཁོང་གསེང་གི་བསིལ་རླུང་ཐམས་ཅད་ཤེད་ཀྱིས་རྔུབ་ཆོག་ཅིང་། དེ་རུ་ཁྱོད་ལ་གྲོང་ཁྱེར་གྱི་མཛེས་བཟོ་ལས་ལྷག་པའི་ཁྲ་ཚོམ་མེ་ཏོག་ལྷམ་མེར་བཞད་པས། ཁྱོད་ཀྱི་སེམས་པའི་ཁོད་རྒྱ་ཡང་འབྱམས་ཀླས་སྤང་ལྗོངས་སྔོན་མོའི་མཐའ་རུ་བསྐྱེད་ཆོག དེ་རུ་ཁྱོད་ལ་གྲོང་ཁྱེར་གྱི་གློག་སྒྲོན་ལས་ལྷག་པའི་ནམ་མཁའི་སྐར་ཚོགས་ལམ་ལམ་འཚེར་བས། ཁྱོད་ཀྱིས་སྐད་ཅིག་སྐད་ཅིག་ཏུ་རང་བྱུང་ཁམས་ཆེན་པོའི་མཛེས་པ་མ་ལུས་ཉམས་སུ་མྱོང་ཐུབ་ཅིང་། དེ་རུ་ཁྱོད་ལ་གྲོང་ཁྱེར་གྱི་གློག་མིག་ལས་བརྗིད་པའི་ཉི་ཟླའི་འོད་སྣང་རབ་ཏུ་གསལ་བས། ཁྱོད་ཀྱིས་དུས་རྣམ་ཀུན་ཏུ་རང་དབང་དང་བག་ཡངས་ཀྱི་འཚོ་བར་ངོམ་མེད་སྤྱད་ཆོག ཉིན་ཞིག་ཁྱོད་རང་འཚར་ལོངས་བྱུང་བ་དང་ཆབས་ཅིག གནས་དེ་རུ། ཁྱོད་ཀྱི་ཕ་མ་ཆུང་དུས་གཉིད་སའི་སྦྲ་ནག་གི་ངོ་ཐིག་དང་ཁ་ཚུབ་མཐོང་ཐུབ་ཅིང་། ཁྱོད་ཀྱི་ཕ་མས་ཆུང་དུས་བརྩིགས་པའི་འབར་རྡེའུ་དང་རྭ་ཅོའི་རྩེད་ར་རྙེད་ཐུབ། ཁྱོད་ཀྱི་ཕ་མ་ཆུང་དུས་འགེལ་སའི་གཡག་རྒན་སྣ་ལོ་མའི་རྒྱབ་ཀྱི་སླེ་བོ་ཤེས་ཐུབ་ཅིང་། ཁྱོད་ཀྱི་ཕ་མ་ཆུང་དུས་རྩེད་སའི་ལུག་ལྷས་དང་ཆུ་འགྲམ་གྱི་གྲམ་གཞུང་སྐྱ་བོ་དེ་རིག་ཐུབ། དེ་དག་མཐོང་ནས་ཀྱང་། ཁྱོད་རང་ཨ་ཕ་ལུག་རྫིར་འགྲོ་སའི་རྫ་རི་དེའི་གོང་ཁར་འགྲེང་ནས་ཡིད་ཆེས་ཀྱི་ཀི་རྒྱང་ལན་གསུམ་བཏབ་ཆོག་ལ། ཁྱོད་རང་ཨ་མས་ནོར་ཁྱུ་འཚོ་སའི་སྤང་རི་དེའི་གདོང་སྣེར་ཙོག་ནས་བདེ་སྐྱིད་ཀྱི་སྣ་གླུ་ཁྱག་ཁྱོག་ཅིག་དབྱངས་སུ་གྱེར་ཡང་ཆོག དེ་ལྟར་བྱེད་དོན་གྱི་རྩ་བ་ཡང་། ཁྱོད་ཀྱིས་ཕ་མ་གཉིས་ཀའི་ལོ་རྒྱུས་ཀྱི་གནའ་ཤུལ་རྙིང་བ་དག་ལ་རྗེས་དྲན་བྱེད་པ་ཙམ་མ་ཡིན་པར། སེམས་དང་བསམ་པའི་གཏིང་ནས་ཁྱོད་ཀྱི་མེས་པོ་རྣམས་འབྱོན་བཞུགས་བྱེད་སའི་ཕ་ཡུལ་གྱི་རི་ཆུ་དག་ལ་འབྲེལ་འདྲིས་ཟབ་ཙམ་བྱེད་པ་སྟེ། མེས་པོ་གོང་མ་ཚོའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་ཕ་ས་གཡང་གི་ར་བ་འདིར་ཆ་རྒྱུས་གཏིང་ནས་ལོན་ཆེད་ཡིན། དུས་དེ་ཤེད་ན། ཁྱོད་ཀྱི་བློ་རྒྱའང་ཕ་ཡུལ་གྱི་ནམ་མཁའ་ལྟར་དུ་རྒྱ་ཆེ་ཞིང་། ཁྱོད་ཀྱི་ཤེས་རྒྱའང་ཕ་ཡུལ་གྱི་ས་གཞི་ལྟར་དུ་ཁོད་ཡངས་པར་འགྱུར་བས། བརྩོན་འགྲུས་དང་བཟོད་བསྲན། བྱམས་སེམས་དང་སྙིང་རྗེ། ལྷག་བསམ་དང་སྤོབས་པས་གཤོག་རྩལ་རྒྱས་པའི་རྩྭ་ཐང་གི་གླག་ཕྲུག་ཁྱོད་ནི། གྲོང་ཁྱེར་གྱི་རྡུལ་འཚུབ་ཁྲོད་དུ་བློ་ཆུང་དང་གུ་དོག ཧམ་འདོད་དང་སྒེར་ཞེན། བདག་འཛིན་དང་གཏི་ཐུག་ངང་ནར་སོན་པའི་བྱིས་པ་མུ་ཏོ་བ་དེ་དག་དང་བསྡུར་ཐབས་ཅི།

མདོར་ན། སྙིང་གི་བུ་ཆུང་ལགས། འུ་ཅག་ལ་སྔར་ནས་མེས་པོའི་ཁྲག་དང་རྔུལ་ཆུ་ལ་འཇལ་བའི་གངས་ཀྱི་ར་བ་འདི་ཡོད་པས། ཁྱོད་རང་ས་ལ་བགྲོད་པའི་གོམ་པ་དང་པོ་ནི་འདི་ཕྱོགས་སུ་སྤོ་འོས། འུ་ཅག་ལ་སྔར་ནས་མེས་པོའི་ཐབས་དང་ཤེས་རབ་ཀྱིས་སྤྲུལ་བའི་དབྱངས་གསལ་སོ་བཞི་འདི་ཡོད་པས། ཁྱོད་རང་བསླབ་ལ་འཇུག་པའི་སྒོ་འཕར་ཐོག་མ་ནི་འདི་ནས་ཕྱེ་འོས། འུ་ཅག་ལ་སྔར་ནས་མེས་པོའི་བླང་དང་རྣམ་དཔྱོད་ཀྱིས་བརྫིས་པའི་གསུང་རབ་ཁྲི་འབུམ་ཡོད་པས། ཁྱོད་རང་ལུང་དང་རྟོགས་པའི་མངའ་བདག་ཏུ་འགྱུར་བའི་རྟེན་འབྲེལ་མགོ་མ་ནི་འདི་ཉིད་ནས་བསྒྲིག་འོས། སེམས་ལ་ཟུངས་ཤིག་སྙིང་གི་གཅེས་ལོ་ལགས། འཚོ་བ་ནི་ཉིན་རེ་བཞིན་དུ་འགྱུར་ངེས། བསྐལ་བ་ནི་ལོ་རེ་བཞིན་དུ་བརྗེ་སྲིད། ནམ་ཞིག་སའི་གོ་ལའི་སྟེང་གི་རིགས་རྒྱུད་དང་རྒྱལ་ཁབ་མཐའ་དག་ཚོགས་ནས་ཁྱོད་ལ་ཟུར་ཟ་དང་དམའ་འབེབས། གདེང་འཇོག་དང་བསྟོད་བཀུར་གྱི་སྐད་ཆ་གང་ཞིག་དྲིས་ཀྱང་། ཁྱོད་ཀྱིས་རང་གི་ཕ་སྐད་ཀྱི་སྟེང་ནས་དེ་དག་ལ་ལན་ཐོབས་ཤིག རྒྱུ་མཚན་ནི། ཕ་སྐད་དེ་མི་རིགས་ཤིག་མི་རིགས་སུ་འགྱུར་བའི་རྟགས་མཚན་དང་ཁྱད་ཆོས་ཡིན་ལ། ཕ་སྐད་དེ་མི་རིགས་ཤིག་མི་རིགས་སུ་བཀུར་བའི་དར་ཆ་དང་བསྒྲགས་གཏམ་ཡིན་པས་ན། ཕ་ཡི་སྐད་དང་ཡི་གེ་མེད་པའི་མི་རིགས་ཤིག་ལ་ནམ་ཡང་གཞན་གྱི་ཁས་ལེན་དང་བརྩི་འཇོག་ཐོབ་རེ་སྐན། བུ་ཆུང་ལགས། མི་ཞིག་འཇིག་རྟེན་འདིར་འཚོ་བ་ནི་རང་གི་ལྟོ་གང་གི་ཆེད་དུ་ཡིན་མི་སྲིད། མི་ཞིག་འཇིག་རྟེན་འདིར་གསོན་པ་ནི་རང་གི་རྒྱབ་གང་གི་སླད་དུ་ཡིན་མི་སྲིད། ནམ་ཞིག་གངས་ཀྱི་ར་བ་འདིའི་འོད་མདངས་ཉམས་ཤིང་། སྤང་གི་གཡུ་ལོ་འདིའི་བཀྲག་མདངས་ནོག་སྟེ། ཕ་ཡིག་གསལ་བྱེད་སུམ་ཅུ་ཡང་གོང་དང་རིན་ཐང་མེད་པའི་གད་སྙིགས་ལྟར་འཕོ་དུས། འུ་ཚོའི་ངོ་སོ་དང་རྩིས་ཐང་ཡང་ས་རུ་གཏོར་བ་ཡིན་ལ། འུ་བུ་ཅག་ཀྱང་གདོང་གི་བཀྲག་མདངས་ཤོར། སྙིང་གི་རུས་པ་ཆག དུངས་ཞེན་གྱི་གཙུག་ན་འཁོར་བའི་ལ་རྒྱའི་རྒྱལ་མཚན་ཡང་དུས་དེ་ནས་བཟུང་སྟེ་ས་རུ་འགྲིལ་བ་ཡིན་པས། སྐད་ཡིག་ཉམས་རྒུད་ཀྱི་བས་མཐར་གྱུར་པའི་གནས་སྐབས་དེར། མི་རིགས་ཉམས་རྒུད་ཀྱི་ཕ་མཐར་གཏུག་པའི་གནས་སྐབས་དེར། འུ་ཅག་ཉེ་ཞོ་མེད་པར་འཇིག་རྟེན་འདིར་གསོན་ཡང་མདོག་དང་བྲོ་བ་བྲལ་བ་ཡིན།

སྙིང་གི་གཅེས་ལོ། ཡང་རེང་རེའི་བོད་མི་གཅམ་བུ་པ་ཚོས། འུ་ཅག་ཕ་བུ་ཟུང་གི་བྱ་སྤྱོད་ནི་ཉི་མའི་དྲུང་གི་མེ་ཁྱེར་དང་། རི་རབ་སྟེང་གི་རྡུལ་ཕྲན། རྒྱ་མཚོའི་ནང་གི་ཆུ་ཐིགས་རེད་ཅེས་འཕྱ་སྨོད་དང་བཞད་གད་བྱེད་སྲིད་ཀྱང་མ་སྐྲག་ཅིག མ་འོངས་པའི་དར་རྒུད་ཆགས་འཇིག་ནི་སུས་ཀྱང་ཁ་ཚོན་གཅོད་དཀའ་བས། འུ་ཅག་གིས་རང་གི་མི་རིགས་འདིར་བཟུང་བའི་རྣམ་འགྱུར་གསལ་ན་དེས་ཀུན་ནས་ཆོག་པ་ཡིན། ཡང་རང་རེའི་བོད་མི་ཅོལ་ཆུང་ཚོས། རྒྱ་ཡིག་སློབ་པ་ནི་འཚོ་གནས་ཀྱི་ཆེད་དང་། གོ་གནས་ཀྱི་ཆེད་དུ། དུས་རབས་ཆེད་ཡིན་ཞེས་འུད་ཤོབ་དང་ཡིན་མདོག་ལབ་སྲིད་ཀྱང་མ་སྨོན་ཞིག མི་ཡུལ་འདིར་ཉེར་འཚོའི་ཆ་རྐྱེན་ཙམ་སུས་ཀྱང་སླ་མོར་སྒྲུབ་ཐུབ་པས། འུ་ཅག་གིས་རང་གི་མི་རིགས་འདིའི་ཞབས་འདྲེན་མ་བྱས་ན་དེས་ཡོངས་སུ་འཐུས་པ་ཡིན། སྤྱིར་ན་ཕ་སྐད་དང་ཕ་ཡིག་སྦྱོང་བ་ནི་གཅེས་ལོ་ཁྱོད་ཀྱི་འོས་འགན་ཏེ། དེ་ལ་བསམ་བློ་མང་པོ་གཏོང་དུ་མེད། དེ་ལ་གནས་ལུགས་མང་པོ་བགྲང་དུ་མེད། ཉི་འོད་དང་ས་གཞི། མཁའ་རླུང་ཇི་བཞིན་ཕ་སྐད་ནི་འུ་ཅག་གི་སྲོག་གི་ཀ་བ་དང་སྙིང་གི་རྟེན་ཕུར་ཡིན། བཟའ་བཏུང་དང་གྱོན་གོས། སྡོདང་ཇི་བཞིན་ཕ་སྐད་ནི་འུ་ཅག་གི་འཚོ་བའི་རུ་མ་དང་ཡིད་ཀྱི་ཞིང་ས་ཡིན། ནམ་ཞིག ཁྱོད་ལ་ཕ་སྐད་ཀྱི་བློ་དང་རིག་པ་རྒྱས་ཤིང་། ཁྱོད་ལ་ཕ་ཡིག་གི་སྟོབས་དང་སྤོབས་པ་རྫོགས་ཏེ། མི་རིགས་རང་ཉིད་ཀྱི་སྐད་དང་བརྡ་སྤྲོད་ལ་ཐོགས་པ་མེད་དུས། རྒྱའི་སྐད་ཡིག་ནི་འུ་ཚོའི་ཁོར་ཡུག་གི་སྤྱི་ཚོས་འདིས་ཁྱོད་ལ་སྔར་ནས་བསླབས་ཟིན་ཞེས་ཨ་ཕ་ངས་ཁ་ཚོན་གཅོད་ཕོད་དོ། ། དེང་འདིར་ཁོར་ཡུག་གི་བག་ཆགས་རྐྱེན་གྱིས། བོད་ཀྱི་ཟོག་རྫི་དང་ཞིང་པ་རྣམས་ཀྱང་རྒྱའི་སྐད་ཡིག་ལ་ཐོགས་པ་མེད་པར་འཇུག་དུས། ཁྱོད་རང་དཔེ་ཆ་པའི་ཁྱིམ་དུ་སྐྱེས་ཤིང་ཤེས་རིག་གི་ལམ་ལ་འཇུག་པའི་གང་ཟག་ཅིག་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལ་བློ་མིག་ལྡོངས་པའི་འོས་མེད་དོ། །

བུ་ཆུང་ལགས། ཁྱོད་ཀྱིས་ཕ་རྒན་ངའི་གཏམ་འདི་སེམས་ལ་དམ་དུ་བཅངས་ཏེ། ད་ནི་ཉ་མོ་ཆུ་ལ་འཇུག་པ་ལྟར་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་ཡུལ་སྲོལ་གོམས་གཤིས་ཀྱི་གཏིང་དུ་རྐྱོལ་ཅིག ད་ནི་རྒོད་པོས་ནམ་འཕང་གཅོད་པ་ལྟར་ཚན་ཚན་རིག་གནས་དང་བཀའ་བསྟན་གླེགས་བམ་གྱི་དགུང་དུ་འཕུར་ཅིག ད་ནི་སེང་ཆེན་གངས་ལ་འགྱིང་བ་ལྟར་རི་ཁ་བ་ཅན་གྱི་རིག་གཞུང་ཀུན་ལ་འགྲོགས་ཤིང་འདྲིས་ཏེ་ཤེས་རབ་རྩལ་གྱི་གདེང་ཐོབ་པར་གྱུར་ཅིག མཐའ་བྲལ་དབུ་མའི་དོན་རྟོགས་པར་གྱུར་ཅིག རྣམ་དཔྱོད་གཉུག་མའི་བཙན་ས་ཟིན་པར་གྱུར་ཅིག །


 

·གསར་འགྱུར་གོང་མ:ཐར་ལོ་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་རྩེ་གྲའི་འོས་མིང་ཐོབ་པ།
·གསར་འགྱུར་འོག་མ:འཛམ་གླིང་སློབ་ཆེན་ཨང་དང་པོའི་སློབ་མའི་སློབ་སྦྱོང་བྱེད་སྟངས།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·ཐར་ལོ་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་རྩེ་གྲའི་འོས་མིང་ཐོབ་པ། 2015/10/25 20:04:28
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:ktvcndbgye
GCVPyp  <a href="http://gttuffydtkod.com/">gttuffydtkod</a>, [url=http://uyuvkdtqdght.com/]uyuvkdtqdght[/url], [link=http://xxxyuxyfzynu.com/]xxxyuxyfzynu[/link], http://mdvoeubouuyd.com/
发表时间:2016/5/20 4:58:56 [来自: 46.161.9.32]

འབྲེལ་ཡོད་དཔྱད་བརྗོད 1 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS