བོད་སྨན་གྱིས་ཨེ་ཛིའི་ནད་དུག་བཅོས་པར་ཕན་ནུས་ངེས་ཅན་ཐོབ་པ།
——ལུའུ་ཡང་རིས་མེད་སྨན་ཁང་སྒོ་འབྱེད་མཛད་སྒོའི་མཐོང་ཐོས་བཀོད་པ།


རིས་མེད་སྨན་ཁང་གིས་གདན་ཞུས་ལྟར་གུས་པ་སྤྱི་ཟླ་༡༠པའི་ཚེས་༡༤ཉིན་ཧུའུ་ནན་ཞིང་ཆེན་ལེའུ་ཡང་གྲོང་ཁྱེར་དུ་འབྱོར། སྤྱི་ཟླ་༡༠པའི་ཚེས་༡༥ཉིན་གྱི་སྔ་དྲོའི་ཆུ་ཚོད་༩པའི་ཐོག་ལེའུ་ཡང་རིས་མེད་སྨན་ཁང་སྒོ་འབྱེད་ཀྱི་རྟེན་འབྲེལ་མཛད་སྒོར་ཞུགས་མཁན་གྱི་དབུ་ཁྲིད་རྣམ་པ་དང་མཁས་དབང་རྣམས་མཛད་སྒོར་ཕེབས་སྐབས།སྔར་མེད་དྭངས་པའི་མཁའ་ལ་ཉི་འོད་བཀྲག་མདངས་འཚེར་ཞིང་། ས་ལ་རྩི་ལྗོན་མགོ་ལྕོག་ལྡེམ་པའི་བཀྲ་ཤིས་དགེ་མཚན་མ་སྒྲིག་རང་འགྲིག་བྱུང་། ལུས་ལ་གཟབ་མཆོར་སྤྲས་ཤིང་གདོང་ལས་འཛུམ་མདངས་འཕྱུར་བཞིན།རྔ་བརྡུང་དར་འཕྱར་གྱི་དགའ་སྤྲོའི་ཡོ་ལངས་ཁྲོད། མཛད་སྒོར་ཞུགས་མཁན་གྱི་གྲས་སུ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྐུ་གཞོན་བསྟན་འཛིན་མཆོག་དང་། ཀྲུང་གོ་ཀྲུང་ལུགས་གསོ་རིག་ཨེ་ཛིའི་ནད་འགོག་བཅོས་ལྟེ་གནས་ཀྱི་ཨེ་ནད་ཆེད་མཁས་པ་ཀྲུའུ་རེན་ཝང་ཅེན། སྐབས་དགུ་པའི་རྒྱལ་ཡོངས་བཟོ་ཚོང་མཉམ་ལྷན་གྱི་ཀྲུའུ་ཞི་སྐུ་གཞོན་ཁྲེང་ལུའུ། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་གི་ཡོན་ཀྲང་སྐུ་གཞོན་འབུམ་རམས་པ་བྱམས་པ་དགེ་ལེགས། ཀྲུང་ཧྲན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚའོ་ཡུང་ཁྲང་སོགས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་ཁྱབ་ཁོངས་ཀྱི་དབུ་ཁྲིད་དང་སྐུ་མགྲོན། དེ་བཞིན་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་དང་། ཤང་ཀང་རྒྱ་བྱ་བརྙན་འཕྲིན་ཁང་། པེ་ཅིང་བརྙན་འཕྲིན་ལས་ཁུངས་སོགས་གྲགས་ཅན་སྨྱན་སྦྱོར་ཚན་པ་མང་དག་ཅིག་ཐེངས་འདིའི་སྨན་ཁང་སྒོ་འབྱེད་མཛད་སྒོ་ནང་ཞུགས་ནས་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག་བཅར་འདྲི་དང་གནས་ཚུལ་གཏོང་སྤེལ་བྱས་ཤིང་། གསར་འགོད་སྡེ་ཚན་༦༢ཀྱིས་ཡིག་ཐོག་དང་བརྙན་ལམ་ནས་སྒོ་དབྱེ་མཛད་སྒོའི་སྐོར་གསར་འགྱུར་བཀོད་འདུག
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་།སྐབས་དགུ་པའི་རྒྱལ་ཡོངས་བཟོ་ཚོང་མཉམ་ལྷན་གྱི་ཀྲུའུ་ཞི་སྐུ་གཞོན་ཁྲེང་ལུའུ་ཡིས་ཤིས་ཚིག་གསུང་སྐབས། རིས་མེད་སྨན་ཁང་ནི་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་རྨང་གཞི་བྱས་པའི་ཐོག དེང་རབས་ཀྱི་ཚན་རྩལ་བྱ་ཐབས་དང་སྨན་བཅོས་ལག་རྩལ་ཟུང་དུ་འབྲེལ་ནས་ནད་འགོག་གི་ནུས་པ་ཤོར་བའི་ནད་པར་སྨན་བཅོས་བྱ་སའི་སྨན་ཁང་ཞིག་ཡིན། ད་ལྟ་ངེད་སྨན་ཁང་གི་བོད་ལུགས་གསོ་རིག་མཁས་དབང་ཕུན་ཚོགས་རབ་རྒྱས་མཆོག་གིས་ནད་འགོག་གི་ནུས་པ་ཤོར་བའི་ནད་པ་ལ་དམིགས་སུ་བཀར་ནས་བཟོས་པའི་སྨན་སྦྱོར“བོད་ལུགས་ཨེ་འཇོམས་མུར་སྨན”ཞིབ་འཇུག་གསར་བཟོ་བྱས་པ་དེར་ཐོག་དང་པོའི་ཚན་རིག་གི་ཚོད་ལྟ་དང་། ནད་ཐོག་ལྟ་ཞིབ་ཚོད་ལྟ་སོགས་ཀྱི་གོ་རིམ་བརྒྱུད་མཐར་སྨན་དེ་བདེ་འཇགས་ལྡན་ལ་ཕན་ནུས་མངོན་གསལ་དོད་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད། སྨན་བཅོས་བརྒྱུད་རིམ་ཁྲོད་སྨན་བསྟེན་ཚད་ཉུང་ཞིང་ཞོར་སྐྱོན་མེད་ལ་གཤག་བཅོས་དང་སྨན་ཁབ་སོགས་ཀྱི་རྨ་དང་ན་ཟུག་མྱོང་མི་དགོས་པར། སྨན་བསྟེན་རྗེས་དུས་ཐུང་ཟླ་གསུམ་ནང་ཕན་སྐྱེད་མངོན་གསལ་དོད་པོ་ཐོན་ཐུབ་ཀྱི་ཡོད་པར་བརྟེན་སླད་ང་ཚོས་ཁྱབ་སྤེལ་རྒྱ་ཆེན་བྱ་གི་ཡིན། རིས་མེད་སྨན་ཁང་གིས་ད་དུང་ནད་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པའི་བོད་ཀྱི་སྨན་པ་དང་མཉམ་དུ་མཆིན་པའི་འབྲས་སྐྲན་དང་། གློ་བའི་འབྲས་སྐྲན། ནུ་མའི་འབྲས་སྐྲན། རྨེན་བུའི་འབྲས་སྐྲན། ཁྲག་རིལ་དཀར་པོའི་འབྲས་སྐྲན། ཤ་བཀྲའི་ནད་སོགས་བརྟག་བཅོས་ནུས་ལྡན་བྱེད་འཆར་ཡོད་པ་དེ་དག་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་ཞེས་གསུངས་པའི་མཚམས་སུ་སྨན་ཁང་གི་དབུ་འཛིན་ཧྲེ་ཧྥང་ཝུན་དང་། ཕུན་ཚོགས་རབ་རྒྱས། བསྟན་འཛིན་ཀྲུའུ་ཞི། ཁྲེང་ལུའུ་ཀྲུ་ཞི་བཅས་ནས་སྒོ་བྱང་གི་ཡོལ་བ་ཕྱེས་རྗེས་དབུ་ཁྲིད་རྣམས་དང་། མཁས་དབང་ཚོ་མཉམ་དུ་དྲན་རྟེན་སྐུ་པར་བསྒྲོན། དེ་རྗེས་ནད་པ་འགས་སྨན་པ་ཕུན་ཚོགས་རབ་རྒྱས་ལ་རྟེན་འབྲེལ་གཟེངས་དར་ཕུལ་ཞིང་། ཨེ་ཛིའི་ནད་པ་དང་། རྨེན་བུའི་འབྲས་སྐྲན་ནད་པ་ཞིག་གིས་སྨན་བཅོས་བྱས་རྗེས་དྲག་སྐྱེད་ཇི་ལྟར་བྱུང་ཚུལ་དང་། ད་ལྟའི་ལུས་སེམས་བདེ་ཐང་གི་ཚོར་བ་ཉམས་སུ་མྱོང་ཚུལ་ངོ་སྤྲོད་ཞུས་སོང་།
དེ་ཉིན་ཕྱི་དྲོ་ཆུ་ཚོད་༣དང་༣༠ཐོག་རིས་མེད་སྨན་ཁང་གི་སུམ་ཐོག་ཚོགས་ཁང་དུ་བོད་ལུགས་གསོ་རིག་མཁས་དབང་༢༢དང་། ནུབ་ལུགས་ཨེ་ཛིའི་སྨན་པ་ཆེད་མཁས་༣ ཀྲུང་ལུགས་ཨེ་ཛིའི་ཆེད་མཁས་༧བཅས་ལྷན་འཛོམས་ཐོག་ནད་དང་སྨན་ཐད་ཞིབ་མོལ་གནང་ཞིང་།ཚན་རིག་གི་ཐབས་ལམ་བརྒྱུད་དེ་ཨེ་ཛིའི་ནད་པ་ལ་བརྟག་དཔྱད་བྱས་པའི་ཞིབ་ཕྲའི་རང་བཞིན་གྱི་ནད་ཐོར་གཞིགས་ཏེ་ཕན་ནུས་གསལ་བཤད་དང་དོགས་གཅོད་བྱས། དེ་ནས་ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་ཀྲུང་ལུགས་གསོ་རིག་གི་ཨེ་ཛིའི་ནད་འགོག་བཅོས་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཅེན་དང་། ཨེ་ཛིའི་བརྟག་བཅོས་བྱེད་པའི་དམིགས་འཛུགས་སྨན་ཁང་ཧུའུ་ནན་ཀྲུང་ལུགས་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་དང་པོའི་ཡོན་ཀྲང་ཞུས་ཡི་རང་། ཧེང་ཡང་མི་དམངས་སྨན་ཁང་ཨང་གསུམ་པའི་ཡོན་ཀྲང་ལི་པེ་སོགས་དང་། ཆབ་མདོ་སྨན་རྩིས་ཁང་གི་ཡོན་ཀྲང་སྐུ་གཞོན་དང་སྨན་པ་འབུམ་རམས་པ་བྱམས་པ་དགེ་ལེགས་དང་། མཚོ་སྔོན་ཡུལ་ཤུལ་བོད་སྨན་ཁང་གི་ཡོན་ཀྲང་བཀྲ་ཤིས། དེ་བཞིན་ཡུན་ནན་གྱི་སྨན་པ་བདེ་ཆེན་སྒྲོལ་དཀར། ནག་ཆུའི་ཚེ་རིང་རྒྱལ་སོགས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་མཁས་དབང་དང་སྨན་པ་༢༢ཀྱིས་ཨེ་ཛི་དང་འབྲས་སྐྲན་ནད་པའི་ནད་དེབ་༡༢༠ལ་དབྱེ་ཞིབ་གནང་བ་མ་ཟད་ཕན་ལུགས་ཕན་ཚུལ་གྱི་ངོ་སྤྲོད་ཚང་མར་གསན་གཟིགས་ཞིབ་ཕྲ་གནང་སོང་། ཕུན་ཚོགས་རབ་རྒྱས་མཆོག་གི་སྨན་ལ་རྒྱུས་མངའ་ཡོད་པའི་ཀྲུང་ལུགས་གསོ་རིག་གི་མཁས་དབང་དང་སྨན་པ་མང་པོས་མགྲིན་གཅིག་ཏུ“བོད་ལུགས་ཨེ་འགོག་མུར་སྨན”ལ་ཕན་ནུས“ཧ་ཅང་ཡག་པོ་འདུག”ཅེས་བསྔགས་བརྗོད་ཀྱི་མེ་ཏོག་ཀྱང་གཏོར། ཚེས་༡༦ཉིན་གྱི་སྔ་དྲོ་གཙོ་འཛིན་མའོ་ཙེ་ཏུང་གི་ཕ་ཡུལ་དང་འཁྲུངས་གཞིས་ལ་བལྟ་སྐོར་སོང་སྟེ་དགོང་མོ་ཕྱིར་མགྲོན་ཁང་དུ་ལོག་ནས་མགྲོན་ཁང་དེའི་ཚོགས་ཁང་དུ་བོད་དང་། སི་ཁྲོན། ཡུན་ནན། མཚོ་སྔོན་བཅས་ནས་ཕེབས་པའི་བོད་ལུགས་གསོ་རིག་གི་སྨན་པ་ལྷན་འཛོམས་ཀྱི་ཚོགས་འདུའི་ཐོག་སྲོལ་གཏོད་ལྷ་རྗེ་ཕུན་ཚོགས་རབ་རྒྱས་མཆོག་གིས་ཨེ་ཛིའི་ནད་ཡམས་ནི་འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་ཞིག་རེད། ནད་ངན་དེ་གསར་དུ་ཤེས་རྟོགས་བྱུང་ནས་ད་བར་མི་ལོ་སུམ་ཅུ་ལྷག་ལས་མ་སོང་ཡང་འཛམ་གླིང་གི་མི་བྱེ་བ་དྲུག་ཙམ་ལ་འགོས་ཡོད་པ་དང་། མི་བྱེ་བ་གསུམ་ལྷག་ཙམ་ནད་དེའི་རྐྱེན་གྱིས་འདས་གྲོངས་སོང་ཡོད་པ་རེད། ནད་དེ་ནི་འཕྲོད་བསྟེན་གྱི་གནད་དོན་ཙམ་མ་ཟད་སྤྱི་ཚོགས་ཡོངས་ཀྱི་གནད་དོན་ཞིག་ཆགས་ཡོད། དེར་བརྟེན་ད་ལྟ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། རྒྱལ་ཁབ་སོ་སོའི་འཕྲོད་བསྟེན་སྒྲིག་འཛུགས་ཁག་ནས་ཐབས་བརྒྱ་ཇུས་སྟོང་གིས་ཨེ་ནད་བཅོས་ཐབས་ལ་འབད་ཀྱང་ད་བར་རྩ་བཅོས་ཐུབ་པའི་སྨན་ཞིག་བཟོ་ཐུབ་མེད། རྒྱུ་མཚན་དེའི་ཕྱིར་ན་རང་རེའི་བོད་ཀྱི་གསོ་བ་རིག་པ་ནི་ལོ་རྒྱུས་ཡུན་རིང་ལྡན་ལ་རིགས་པའི་གཞུང་ལུགས་ཆ་ཚང་བའི་འཛམ་གླིང་གསོ་རིག་ཆེན་མོ་བཞིའི་ཡ་གྱལ་ཞིག་ཡིན་པར་གཞི་བཞག་ཐོག་ཨེ་ཛིའི་ནད་བཅོས་པའི་རེ་བ་ཆེན་པོ་བཅངས་ནས་ཐོག་མ་ནད་དེའི་རྒྱུ་རྐྱེན་དང་ནད་དུག་ལ་ངོས་འཛིན་གཏིང་ཟབ། སྔོ་སྨན་ལ་ཞིག་འཇུག་དང་ནད་པ་མང་པོར་བརྟག་དཔྱད་ཡང་ཡང་བྱས་པར་བརྒྱུད་ཨེ་ཛིའི་ནད་དུག་གསོ་བཅོས་ཐུབ་པའི་བོད་སྨན་ཞིག་རྩ་བའི་ཆ་ནས་ལེགས་གྲུབ་བྱུང་ཡོད། ང་རང་༢༠༡༤ལོར་རྒྱལ་ཡོངས་རང་བཞིན་གྱི་ཨེ་ཛིའི་ཚོགས་ཆེན་ཁག་ཏུ་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་ཀྱི་ནང་བོད་ཀྱི་གསོ་རིག་གི་ལམ་ནས་ཨེ་ཛི་ལ་ཞིབ་འཇུག་བྱས་པའི་སྐོར་སྙན་ཞུ་ཕུལ་བར་མཁས་དབང་ཚོས་མཐོང་ཆེན་དང་གདེང་འཇོག་ཆེན་པོ་གནང་གི་འདུག ད་ལྟ་བཟོས་ཟིན་པའི“བོད་ལུགས་ཨེ་འཇོམས་མུར་སྨན”དེ་ནི་སྟབས་ལེགས་དང་སྟེས་དབང་གིས་བྱུང་བ་ཞིག་མ་ཡིན་པར་ཞིབ་འཇུག་བརྒྱུད་རིམ་གྱི་འཕྲང་ལམ་མང་པོ་བརྒྱུད་ཡོད་ཅིང་། སྨན་རྩྭ་རེ་རེ་ནས་ཚང་མ་ཚད་མཐོའི་འཕྲུལ་ཆས་མང་པོ་ཞིག་སྤྱད་དེ་ཞིབ་འཇུག་ཡང་ཡང་བྱས་ཡོད་པ་མ་ཟད། ཞིབ་འཇུག་གི་བརྒྱུད་རིམ་ཁྲོད་སྲིད་གཞུང་འབྲེལ་ཡོད་ཚན་པའི་བཀའ་བཀོད་ལྟར་ཡུན་ནན་ཁུན་མིན་དུ “འོད་གསལ་བོད་སྨན་ཞིབ་འཇུག་གླིང”ཞེས་པའི་བོད་སྨན་ཁང་ཞིག་བཙུགས་ཏེ་ཞིབ་འཇུག་བྱས་པ་ལས་འབྲས་རྟགས་ཐོབ་རིམ་བཞིན་རྒྱལ་སྤྱིའི་སྨན་སྲིད་དོ་དམ་ཅུས་ཀྱི་གཏན་འབེབས་ལྟར། སྨན་དེ་ལ་ཕན་ནུས་ཡོད་མེད་སྐོར་ཚོད་ལྟ་མང་པོ་བྱེད་དགོས་འདུག་པ་སྟེ་དང་པོ་དུག་ཤས་ཡོད་མེད་ཀྱི་ཚོད་ལྟ་དང་དེ་ནས་སྲོག་ཆགས་ལ་ཚོད་ལྟ་བྱེད་དགོས་པ་དེ་རེད། སྲོག་ཆགས་ལ་ཚོད་ལྟ་བྱེད་སྐབས་ཨེ་ཛི་དང་འབྲེལ་བ་ཡོད་པའི་སྨན་རིགས་ཚང་མ་སྤྱིར་བཏང་གི་སྨན་དང་མི་འདྲ་བར་སྤྲེའུ་ལ་བརྟག་དཔྱད་བྱེད་དགོས་འདུག དེ་ཡང་གོ་རིམ་མང་པོ་བརྒྱུད་དེ་ཚོད་ལྟ་བྱས་པས་རེ་རེ་བཞིན་ཚད་གཞི་དང་མཐུན་པ་བྱུང་ཞིང་དེ་ནས་མི་དངོས་ལ་སྨན་སྟེར་ཆོག་པའི་གནང་བ་ཐོབ། དང་པོ་ནད་པ་གཉིས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཚོད་ལྟ་བྱས་པས་སྨན་ནུས་ཡག་པོ་ཐོན།དེ་ནས་ནད་པ་བརྒྱ་ཕྲག་འགས་སྨན་དེ་ཟོས་རྗེས་ནད་དུག་ཇེ་ཉུང་དུ་གྱུར་ནས་CD4ཕྲ་ཕུང་གི་གྲངས་ཚད་ཧ་ཅང་མང་དུ་སོང་སྟེ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་བརྟེན་སྨན་སྦྱོར་དེ་ཕན་ནུས་ལྡན་པ་ཞིག་ཡིན་པ་ར་སྤྲོད་བྱུང་ཞིང་།སྨན་དེའི་ནུས་ལྡན་གྲངས་ཚད་ལ་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་ཆེད་མཁས་རྣམས་ཧང་སང་སྟེ་ཚད་མཐོའི་གདེང་འཇོག་དང་དོ་ཁུར་ཆེན་པོ་གནང་ཡོད།དེ་ནི་བོད་ཀྱི་གསོ་བ་རིག་པའི་ཕྱི་ནང་གསང་གསུམ་གྱི་ནུས་པ་རྩལ་དུ་སྤྲུགས་པ་ལས་བྱུང་བའི་ཉིང་བཅུད་ཅིག་ཡིན་པར་ངོས་འཛིན་ཞུ་གི་ཡོད་ཅེས་དང་ཡང་ཁོང་གིས་ཨེ་ཛིའི་ནད་དང་།དེ་མིན་གྱི་ནད་ཅི་འདྲ་ཞིག་ཡིན་ན་ཡང་ནད་པའི་སྡུག་བསྔལ་ཁོ་ན་ལ་དམིགས་ནས་བཅོས་ཐབས་འཚོལ་བ་ལས་གཞན་མིང་གྲགས་དང་རྒྱུ་ནོར་གྱི་ཆེད་དོན་དུ་གཉེར་བ་མིན་ཚུལ་དང་། ད་ལྟ་སྐུ་ཞབས་ཧྲེ་ཧྥང་ཝེན་དང་མཉམ་འབྲེལ་ཐོག་ལེའུ་ཡང་ལ་སྨན་ཁང་འཛུགས་དགོས་པའི་རྒྱུ་རྐྱེན་ཡང་གསལ་འགྲེལ་གནང་སོང་།
བོད་ཀྱི་གསོ་བ་རིག་པ་ནི་ནད་ཐོག་གི་ལག་ལེན་དངོས་ནང་ནས་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ཡུན་རིང་ལ་ཚན་རིག་གི་རང་བཞིན་ལྡན་པའི་གཞུང་ལུགས་ཟབ་མོ་ཞིག་རེད།དེས་ས་མཐོའི་མི་དམངས་དང་འགྲོ་བ་མིའི་རིགས་ཀྱི་ལུས་སེམས་བདེ་ཐང་ཐད་ཕན་བདེ་དང་བྱས་རྗེས་བླ་ན་མེད་པ་བསྐྲུན་ཡོད། སྨན་པ་ཕུན་ཚོགས་རབ་རྒྱས་ནི་མདོ་ཁམས་རི་བོ་ཆེ་རྫོང་གི་ཞིང་པའི་དུད་ཁྱིམ་ཞིག་ཏུ་འཁྲུངས་ཤིང་། ཆུང་དུས་ནས་ཕ་མའི་སྐུ་མདུན་ནས་གསོ་རིག་ལ་སྦྱངས་པ་བྱས་ཤིང་ལོ་ན་སོན་རིམ་བཞིན་གསོ་རིག་སློབ་གླིང་ཁག་ཏུ་སློབ་དཔོན་མཁས་པ་བསྟེན་ཏེ་སྔོན་བྱོན་མེས་པོའི་རྗེས་ཤུལ་བསྙེགས་པའི་གསོ་རིག་འཛིན་པ་ཞིག་ཏུ་གྱུར་ཡོད། ཁོང་གིས་ལོ་ལྟར་ལ་ཀྱོག་ལུང་ཀྱོག་མང་པོར་སོང་སྟེ་རིན་མེད་འཕྲོད་བསྟེན་གྱི་ཞབས་ཞུ་དང་།ཟས་སྤྱོད་སྤང་བླང་གི་ཤེས་བྱ་དྲིལ་བསྒྲགས། ད་བར་བོད་ཀྱི་གསོ་རིག་སྦྱོང་མཁན་སློབ་མ་བཞི་བཅུ་ཞེ་གཉིས་སློབ་ཐོན་བྱས་པ་དང་།སློབ་མ་བརྒྱ་དང་ཉི་ཤུ་ལྷག་གསོ་སྐྱོང་བྱས་དང་བྱེད་མུས་ཡིན།གཞན་ཡང་ཁོང་གིས་སྨན་རྩིས་སྐོར་གྱི་དཔྱད་རྩོམ་ཁག་ཅིག་ཀྱང་སྤེལ་བ་སོགས་གཞན་ཕན་གྱི་ལས་ལ་དུང་བ་ཆེན་པོས་གཞོལ་བཞིན་ཡོད། ལྷག་པར་དུ་ཁོང་གིས་འགྲོ་བ་ནད་པའི་སྡུག་བསྔལ་སེལ་ཆེད་ལྷག་བསམ་གྱི་གོ་ཆ་བཙན་པོ་བགོས་ཏེ། སློབ་སྦྱོང་དང་ཉམས་ཞིབ་ཡུན་རིང་བྱས་པ་བརྒྱུད་བོད་ཀྱི་གསོ་རིག་གཞུང་ལུགས་ལ་གཞི་བཅོལ་ཏེ་སོ་སོའི་རྣམ་དཔྱོད་དང་དཀའ་བ་ཟུང་དུ་སྦྲེལ་ནས། ད་ལམ་འཛམ་གླིང་ཡོངས་སུ་གྲགས་ཆེ་བའི་ནད་ངན་གདུག་པ་ཅན་ཨེ་ཛིའི་ནད་དུག་འགོག་བཅོས་བྱེད་པའི་བོད་ལུགས་ཨེ་འཇོམས་སྨན་མཆོག་སྦྱར་བཟོ་གནང་བར་ཐོག་མའི་གྲུབ་འབྲས་ཐོབ་པ་དེ་ནི་བོད་ཀྱི་རིག་གནས་སྤྱི་དང་།ཡང་སྒོས་གསོ་རིག་གི་ལོ་རྒྱུས་ཁྲོད་ལོ་རྒྱུས་རང་བཞིན་གྱི་ཤོག་ལྷེ་གསར་པ་ཞིག་ཕྱེ་ཐུབ་པ་བྱུང་ཡོད་པ་དང་།རྒྱ་ཆེའི་ནད་པ་ཚོར་གཏམ་བཟང་ཞིག་བསྒྲགས་ཡོད་པ་མ་ཟད། འཛམ་གླིང་ཡོངས་ལ་རེ་བ་གསར་པ་ཞིག་སྟེར་ཐུབ་པ་བྱུང་ཡོད་ལ།མ་འོངས་པར་མིའི་རིགས་ཀྱི་བདེ་ཐང་གི་བྱ་གཞག་རླབས་པོ་ཆེའི་ཆེད་དུ་དེ་བས་མང་བའི་ལེགས་སྐྱེས་འབུལ་ཐུབ་པའི་རེ་སྨོན་ཀྱང་མངོན་པར་བརྟས་སོ། །
གསར་འགོད་པ་ཨ་གཡང་ཚེ་རིང་ནས། ༢༠༡༥ལོའི་ཟླ་༡༠ཚེས་བཟང་པོར།