ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> དཔྱད་བརྗོད།
  གསར་འགྱུར་ཀློག་པ།

ཚ་བ་མདའ་སྨྱུག་གི་གདོང་གྲོགས།

[རྩོམ་པ་པོ:སྤྱང་སྐྱ།  ཡོང་ཁུངས:འཇམ་སེང་བོད་ཡིག་འཕྲིན་སྟེགས།  དུས་ཚོད:2015/9/8 14:22:19  བཀླགས་ཐེངས:903][ཡིག་གཟུགས:ཡིག་གཟུགས་མདོག]
ཚ་བ་མདའ་སྨྱུག་གི་གདོང་གྲོགས།
 
 སྤྱང་སྐྱ།
 
  ཤེས་རབ་ཀྱི་དཔལ་འབར་ཞིང་རྣམ་དཔྱོད་ཀྱིས་གླིང་བཞི་གཞལ་བཞིན་པའི་སྐྱེས་ཆེན་གསེར་འདྲ་བ་རེ་འཇིག་རྟེན་འདིར་ཐོན་ན་དུས་རབས་ཀྱི་ཁུག་པ་ལ་འགྱུར་ལྡོག་ཆེན་པོ་རེ་ཆགས་ཤིང་། མི་རྣམས་ཀྱི་ལྟ་གྲུབ་དང་བསམ་བློའི་ཆུ་ཚད་ལ་འཕོ་འགྱུར་ཆེན་པོ་ཞིག་གཏོང་ཐུབ་ཀྱི་ཡོད། ནང་བསྟན་གྱིས་ཤ་འཐིམ་རུས་འཐིམ་དུ་སོང་ཞིང་དད་པ་ཡིས་ཉིན་རྨོངས་མཚན་རྨོངས་སུ་གྱུར་ཟིན་པའི་ང་ཚོ་བོད་པ་ཚང་ལ་ཆ་བཞག་ན་བདེན་བཞིའི་གནས་ལུགས་ལ་བརྒལ་བའི་ལྟ་དཔྱོད་དང་། གཞུང་ལྔའི་སྤྱི་འགྲོས་དང་འགལ་བའི་བཤད་ཐབས་གཅིག་ཡོད་ན་དེ་ནི་གདོན་གྱིས་ཟིན་པའི་རྟགས། ཤེས་རབ་འཆལ་བའི་རང་བཞིན་ཞིག་ལས་གསར་གཏོད་དང་སྙིང་སྟོབས་སོགས་བསམ་པའི་ཡུལ་དུ་ཤར་ཐུབ་ཀྱི་མེད་ཅིང་། དེའི་རྐྱེན་གྱིས་དུས་རབས་བཅུ་དགུའི་ནང་མ་ཐོན་བར་དུ་ནང་བསྟན་རིགས་གཞུང་ལ་དོགས་སློང་བྱེད་མྱོང་མེད་ཅིང་། ཅུང་ཟད་གྲུབ་མཐའ་ཕན་ཚུན་གྱི་བར་དུ་དགག་སྒྲུབ་བྱེད་མཁན་དག་ཀྱང་མང་ཆེ་བ་ཞིག་ལྐོག་གསོད་དང་གཡོ་ཐབས་ཀྱིས་ས་ལ་འཐིམ་པ་དང་། ཆུ་ལ་བྱིངས་ཚར་བ་རེད།
རེད་དེ་དུས་རབས་ཉེར་གཅིག་གི་སྒོ་མོ་གསར་དུ་ཕྱེས་པ་དང་མཉམ་དུ་ན་གཞོན་བསམ་བློ་པ་ཁག་ཅིག་ཚ་ཚ་འུར་འུར་གྱིས་དོགས་སློང་གི་རུམ་ནས་འབུས་འགོ་ཚུགས་ཤིང་། དགག་སྒྲུབ་ཀྱི་མཚོ་ལ་འཁྱུག་འགོ་ཚུགས། ཚ་བ་མདའ་སྨྱུག་ནི་བཤད་མི་དགོས་པ་དེའི་ནང་གི་ཆེས་ཚོར་བ་སྐྱེན་བ་དང་། འདུ་ཤེས་གསལ་བ། རྣམ་དཔྱོད་ཀྱི་གཤོག་སྟོབས་རྒྱས་པའི་ཁྱུང་ཕྲུག་ཅིག་ཡིན། ཁོང་གིས་དང་ཐོག་གོ་ལན་གནམ་ལྕགས་འཁོར་ལོ་དང་གོ་ལན་ལྟ་ངན་མུན་སེལ། སྟག་ལན་དགུ་གསུམ་མ་སོགས་གོ་སྟག་གཉིས་ཀྱི་བརྒལ་ལན་དག་དཔྱད་པ་ཞིབ་མོ་ཞིག་བཏང་སྟེ་དགག་ལན་ཚ་ཐག་ཆོད་རེ་ཕུལ་ཡོད་ཀྱང་། སྤྱིར་བཏང་དེའི་སྐབས་སུ་ཁོང་གི་དགག་སྒྲུབ་ཀྱི་ཆུ་ཚད་ནི་ཧ་ཅང་ཐོན་པོ་ཞིག་མིན་ལ་དགག་ལན་དེ་དག་གི་ནང་དུ་རིགས་པའི་འགྲོས་མ་ཤེས་པ་དང་། གོ་བ་ཕྱིན་ཅི་ལོག་ཏུ་སོང་བ་ཡང་ཅུང་ཙམ་མཐོང་རྒྱུ་ཡོད་པས་དགེ་ལྡན་པའི་གཞུང་ལུགས་དག་ལ་དེ་ཙམ་ངེས་ཆ་དང་། བྱང་ཆ་མི་ལྡན་པ་གསལ་པོ་རེད། འོན་ཀྱང་དེའི་རྗེས་ནས་ནང་བསྟན་རིག་གཞུང་སྤྱི་ཡོངས་ཀྱི་ཆ་ནས་དོགས་སློང་མཛད་དེ་གཞུང་ཆེན་དཀའ་པོད་ལྔ་དང་སྔགས་བླ་མེད་རྒྱུད་སྡེ་ནས་བཟུང་སྟེ་དོགས་གཞི་ཆེ་བའི་གནད་ཐམས་ཅད་འབེན་དུ་བཞག་ནས་ལོག་རྟོགས་སྙིང་སྟོབས་བྲིས་ཡོད་ཅིང་། དེ་ནི་གནད་ལ་འབྱོར་བ་དང་། སྐྱོན་གྱི་ཆ་གསལ་གསལ་རྗེན་རྗེན་དུ་ཕུད་ཡོད་པས་ནང་བསྟན་མཚན་ཉིད་པ་ཐམས་ཅད་འུར་ཟིང་ཟིང་དུ་བཏང་བ་རེད།
སྣོད་ཀྱི་འཇིག་རྟེན།
དང་པོ་མངོན་པའི་ལུགས་ཀྱི་གནོད་བཅུད་གཉིས་ཀྱི་རྣམ་བཞག་དཔྱད་པའི་སྐབས་སུ་སྣོད་ཀྱི་འཇིག་རྟེན་གྱི་ཆ་ནས་ང་ཚོ་ད་ལྟ་གནས་འདུག་སའི་གོ་ལ་ཟླུམ་པོ་འདི་ལ་དཔྱད་པ་བྱས་ཡོད་པ་དང་། དཔྱད་སྟངས་ཀྱང་གཞན་དང་མི་འདྲ་ནུབ་ཕྱོགས་ཚན་རིག་པའི་བཤད་ཚུལ་དང་ཁ་སྦྱར་ཏེ། ད་ལྟ་མཐོང་ཆོས་མྱོང་འགྱུར་གྱི་དབྱིབས་གཟུགས་དང་གཤིབ་བསྡུར་བྱེད་བཞིན་དཔྱད་ཡོད་པས། དེ་ལས་འཇིག་རྟེན་ཁམས་གཞན་པ་ཞིག་གི་དབྱིབས་གཟུགས་དང་ཆེ་ཆུང་ཟེར་ནས་དགག་ལན་མཁན་པོ་དག་གིས་འབྲེལ་མེད་ཀྱི་དཔྱད་བརྗོད་མང་པོ་ཞིག་བྱས་པ་ནི་སྐབས་སུ་བབས་པའི་གཏམ་མིན་པས་དོགས་སློང་གི་གླེང་གཞི་ལ་གཙོ་ཆེར་འཛིན་དགོས། དེ་ལ་དབྱིབས་ཀྱི་ཆ་ལ་དཔྱད་པ་དང་། རྒྱུ་རྐྱེན་དང་སྐྱེ་འཇིག་གི་ཆ་ལ་དཔྱད་པ། སྐར་མའི་ཆེ་ཆུང་དང་འཕེལ་གྲིབ་ཀྱི་ཆ་ནས་དཔྱད་དེ། ཆོས་མངོན་པའི་ལུགས་གཙོར་བྱས་པས་ནང་བསྟན་གཞུང་ལུགས་སུ་བསྟན་པའི་འཇིག་རྟེན་གྱི་རྣམ་བཞག་འདི་ནོར་ཞིང་འཁྲུལ་པ་དང་། བདེན་པའི་རྒྱབ་ལྗོངས་མེད་པའི་གསལ་བཤད་བྱས་པས་མངོན་པའི་ལུགས་ཀྱི་རྣམ་བཞག་ནི་ཕལ་ཆེ་བ་ཞིག་བློ་རྩེ་གཏད་ས་མེད་པ་ལྟ་བུའི་གནས་སྟངས་ཆགས་ཡོད།
དེང་སང་ནང་བསྟན་ལ་ལྷག་བསམ་ཆེ་བའི་ན་གཞོན་རེ་ཟུང་གིས་ལོག་རྟོགས་སྙིང་སྟོབས་ལ་དགག་རྩོམ་འབྲི་ཁུལ་བྱས་ཡོད་ཀྱང་གནད་ལ་འབྱོར་བ་དང་རིགས་པ་ཡང་དག་གི་ལམ་ནས་དཔྱད་བརྗོད་བྱས་པ་ཞིག་རྩ་བ་ནས་མཐོང་རྒྱུ་མི་འདུག གལ་སྲིད་ལོག་རྟོགས་སྙིང་སྟོབས་ཀྱི་རིགས་པ་དག་གནས་ལུགས་དང་རྒྱུ་མཚན་མེད་པའི་གསལ་བཤད་བྱེད་འདོད་ན་ཐོག་མར་མངོན་པའི་ལུགས་ཀྱི་འཇིག་རྟེན་གྱི་རྣམ་བཞག་དེ་བདེན་པ་ཡིན་པའི་ར་སྤྲོད་དགོས་པ་ལས་ལུང་ཚིག་མང་པོ་ཞིག་དྲངས་ནས་བཤད་ཡམ་བྱས་ཀྱང་རི་བོ་མཆོག་རབ་དང་གླིང་བཞི་གླིང་ཕྲན་མུ་མཁྱུད་ལྕགས་རི་བཅས་པ་བདེན་དཔང་བྱེད་མ་ཐུབ་ན་དེ་མིན་མང་པོ་བཤད་ཀྱང་དགོས་པ་ཅི་ཞིག་ཡོད། ཚ་བ་མདའ་སྨྱུག་གིས་ནུབ་ཕྱོགས་ཚན་རིག་པ་ཀུན་མཁྱེན་ཞིག་ཡིན་པར་བཤད་ཀྱི་མེད་ལ་ཁོང་ཚོས་དཔྱད་ཞིབ་བྱས་པའི་མཇུག་འབྲས་ཀྱང་གཞི་འཛིན་ས་ཡོད་ཙམ་ལས་ཁྱབ་མཐའ་ཆོད་པ་ཞིག་ཡིན་པར་འདོད་མྱོང་མེད། ཤེས་རབ་ཀྱི་མེ་ལྕེ་རྩོམ་པ་པོས། འཇིག་རྟེན་གྱི་ཤེས་བྱ་ཡོངས་རྫོགས་ནུབ་ཕྱོགས་པའི་བློ་ངོར་འཐད་དགོས་པ་དང་། ཚན་རིག་པའི་མིག་ལ་འབབ་དགོས་པ་འདི་ཁྱོད་ལ་སུ་ཡིས་བཙན་བཀའ་ཕབ་པ་རེད། ཅེས་དང་། ད་ལྟའི་བར་དུ་མི་དང་དུད་འགྲོ་གཉིས་ལས་གཞན་པའི་སྲོག་ཆགས་ཤིག་ཁྱོད་ཀྱིས་འདོད་པའི་མཁས་ཆེན་འཁྲུལ་བ་མི་མངའ་བ་དེ་དག་གིས་རྙེད་དགོས་ལ་དེ་དག་གིས་སྲོག་ཆགས་གཞན་ཡོད་པར་གསུངས་པའི་ལུང་མེད་པས་ད་ལྟའི་བར་དུ་རྙེད་མེད་ཟེར་བ་ཡིན་ནམ། ཞེས་སོགས་ཅོ་འདྲི་བའི་སྐད་ཆ་ཞིག་བཤད་དེ་ངར་ངར་་རྫིག་རྫིག་བྱས་ཡོད་ཀྱང་དེ་ནི་དོན་མེད་པ་དང་། འཆལ་གཏམ་ལས་མ་འདས་ཏེ་ཕྱོགས་སྔ་ནམ་མ་ལངས་གོང་། དགག་པའི་ཉི་མ་ཤར་ཞེས་པའི་དཔེ་དེ་རང་ཡིན་པའི་ཕྱིར། མདའ་སྨྱུག་གིས་ཡོད་ན་ནུབ་ཕྱོགས་པས་རྙེད་དགོས། དེས་མ་རྙེད་ན་མེད་དགོས་ཞེས་པའི་ཚིག་གཅིག་བསྐལ་བའི་བར་དུ་སྒུག་ཀྱང་ཡོད་པ་མ་ཡིན། དེ་ལས་སངས་རྒྱས་ཀྱིས་འདས་མ་འོངས་ད་ལྟ་བའི་ཆོས་ཐམས་ཅད་མཁྱེན་ཞིང་ཁོང་གིས་མ་མཁྱེན་ན་མེད་པས་ཁྱབ་ཅིང་། ཡོད་ན་སངས་རྒྱས་ཀྱིས་ཤེས་དགོས་པར་འདོད་མཁན་གྱི་ལུགས་ལ་ད་གཟོད་ཁྱེད་རང་གིས་བཤད་པའི་སྐྱོན་ཆ་སྟེ། དགག་ཡིག་འབྲི་མཁན་མདའ་སྨྱུག་དང་དགག་ལན་འབྲི་མཁན་ཁྱེད་དང་བཅས་པ་མེད་དགོས་པའི་སྐྱོན་དེ་དག་བྱུང་བ་ཡིན།
ད་དུང་ཆོས་ར་གྲུ་བཞི་ལས་བརྒལ་མ་མྱོང་ཞིང་། བསྡུས་གྲྭའི་རིགས་སྐམ་ལས་རྩོད་མི་ཤེས་པའི་ཕལ་ཆེ་བ་ཞིག་གིས་ལ་བཏུས་ལུང་བཏུས་ཀྱིས་གཞུང་ཚིག་མང་པོ་ཞིག་དྲངས་འདུག་ཀྱང་དེ་ཐམས་ཅད་ནི་ཆ་མ་ངེས་པ་དང་། མཐའ་མ་ཆོད་པ། བདེན་པའི་གནས་ལུགས་ཡོད་པ་ཅི་མི་འདུག་པས་དུག་འཐུང་བའི་མིས་སྨྱོ་ལབ་ལྟ་བུ་ཡིད་ཆེས་དང་ཁས་ལེན་བྱེད་རྒྱུ་གང་ཡང་མི་འདུག དཔེར་ན། ཕྱོགས་རྣམས་ཀུན་ནས་ཞིང་རྣམས་རྒྱ་མཚོ་སྣང་། །ལ་ལ་ཟླུམ་པོ་ལ་ལ་གྲུ་གསུམ་སྟེ། །དེ་དག་ལ་ལ་ཕྱོགས་གནས་གྲུབ་བཞི་གནས། །ནོར་བུ་པད་མ་འཁོར་ལོ་ཡན་ལག་བརྒྱད། །ཀུན་ཁྱབ་ལས་རྣམས་རྒྱ་མཚོས་རྣམ་པ་བྲིས། །ལྟ་བུ་ལས་ཀྱི་དབང་གིས་འཇིག་རྟེན་ཁམས་འདིའི་དབྱིབས་ལ་ཟླུམ་པོ་དང་། གྲུ་གསུམ་གྲུ་བཞི་སོགས་ཅི་རིགས་པ་སྣང་ཐུབ་དང་། འཇིག་རྟེན་གྱི་ཁམས་འདི་སེམས་ཅན་སོ་སོའི་ལས་སྣང་ལྟར་དུ་དབྱིབས་སྣ་ཚོགས་སུ་སྣང་གི་ཡོད་པས་མཐའ་གཅིག་ཟླུམ་པོར་མ་ངེས་ལ་གྲུ་གསུམ་ཡང་མ་ངེས་ཞེས་ཐམས་ཅད་ལས་ལ་སྐྱབས་བཅོལ་བཞིན་སྐད་ཆ་ནག་ནོག་ཅིག་བཤད་པས་རིགས་པའི་གཞུང་ལུགས་ཀྱི་ངོ་བོ་ཞིག་གང་ན་ཡོད། ད་དུང་དུས་འཁོར་དུ་ཟླུམ་པོ་དང་། མདོ་གཞན་པ་གཅིག་གི་ནང་ནས་གྲུ་བཞི། དེ་ལས་གཞན་པ་ཞིག་གི་ནང་དབྱིབས་གཞན་པ་གཅིག་བཤད་ཡོད་པས་མངོན་པ་མཛོད་ཀྱིས་འཇིག་རྟེན་གྱི་རྣམ་བཞག་ཆ་ཚང་བ་ཞིག་བཤད་ཐུབ་མེད་ཅེས་བཤད་ཀྱང་དོན་དུ་གཏན་འཁེལ་མེད་པའི་གང་ཡིན་ཆ་མ་ཚལ་བའི་རྣམ་བཞག་ཅིག་ལས་བཤད་རྒྱུ་མེད་པས་མངོན་མཛོད་ལས་ཆ་ཚང་ཡང་མ་ཚང་དགོས་པ་ཆེར་མི་འདུག
ང་ཚོས་ད་ལྟ་ཤེས་དགོས་རྒྱུ་ནི་མདོ་སྡེ་དེ་དག་ལས་བཤད་པའི་འཇིག་རྟེན་འདིའི་དབྱིབས་བདེན་པ་ཡིན་མིན་དཔྱད་དགོས་པ་དེ་རེད། མདོ་མང་པོ་ཞིག་རྣམ་བཞག་མི་འདྲ་བ་མང་པོ་ཞིག་བསྟན་ཡང་བདེན་པ་དང་དོན་དངོས་ལས་འདས་པ་ཞིག་ཡིན་ན་དེ་ལ་བཤད་རིན་དང་རྩོད་རིན་ཅི་ཡོད། གལ་སྲིད་ཚང་མ་བདེན་པ་ཡིན་དགོས་པར་འདོད་ན་འཇིག་རྟེན་གྱི་རྣམ་བཞག་ལ་བདེན་མཐའ་ཟེར་བ་ཅི་ཡང་མེད་པས་རང་གིས་གང་བཤད་ཐམས་ཅད་བདེན་པའི་ངོ་བོ་རུ་གྲུབ་ཆོག་པ་རེད། དེ་མིན་བདེན་རྫུན་གྱི་དབྱེ་བ་ཡོད་ཅིང་། མངོན་པའི་ལུགས་ཀྱི་རྣམ་གཞག་དེ་བདེན་པ་ཡིན་པའི་དབང་དུ་བཏང་ན་དེ་དང་འགལ་བའི་མདོ་སྡེ་གཞན་པའི་རྣམ་བཞག་དེ་ནོར་བ་ཡིན་པར་ལྡོག་ཐབས་ཀྱི་རིགས་པ་ཞིག་རྙེད་སྲིད་དམ།
རབ་ལྡན་གྱིས་དང་ཐོག་སྐལ་བ་ཆགས་དུས་སུ་ས་གཞི་ལེབ་ཆེན་ཞིག་གིས་དབུས་སུ་རི་ཆེན་གྲུ་བཞི་ཞིག་ཡར་འབུར་ཏེ་ཡོད་དུ་ཆུག་ཀྱང་། གནས་སྐལ་ཚེ་ལོ་བརྒྱ་བའི་དུས་སུ་སྔར་བཞིན་མ་ཞིག་མ་འཐོར་བའི་ངང་དུ་སྔར་བཞིན་ཀྲོང་ངེར་སེར་ལམ་ལམ་ངང་ཡོད་དགོས་དོན་ཅི། ཞེས་དྲི་བ་ཡ་མཚན་ཞིག་བཀོད་ནས་བསམ་བློ་གསར་པ་ཞིག་རྙེད་ཡོད་མདོག་སྟོན་ཡང་ཁོང་བཤད་མི་ངོ་མ་ཚ་ཡང་ང་ཀློག་མི་གདོང་པ་ཚ་ལམ་ལམ་དུ་བྱེད་པའི་ཉོག་གཏམ་ཞིག་སྟེ། གལ་སྲིད་རི་ཆེན་གྲུ་བཞི་དེ་ཚེ་ལོ་བརྒྱ་བའི་སྐབས་འཐོར་ཞིག་ཏུ་སོང་ཡོད་ན་ཚེ་ལོ་བརྒྱ་བའི་སངས་རྒྱས་ཀྱིས་ཅིའི་ཕྱིར་མ་གསུངས་པ་རེད། མ་ཤེས་པ་རེད་དམ་བཤད་མ་འདོད་པ་རེད། ཡང་མིན་ན་ཉི་ཟླ་ཤར་ནུབ་ཀྱི་རྣམ་གཞག་བཤད་མི་ཤེས་པས་རི་ཆེན་གྲུ་བཞི་དེ་འཐོར་ཞིག་ཏུ་སོང་བ་བཤད་མ་ཕོད་པ་རེད་དམ། མཚམས་རེར་ཐམས་ཅད་མཁྱེན་ཡོད་མདོག་གིས་འཇིག་རྟེན་ཐོག་མ་ཆགས་ཚུལ་དང་། མཐའ་མ་འཇིག་འགྲོ་ཚུལ་སོགས་འདི་ཡིན་འདི་མིན་གྱི་རྣམ་གཞག་མི་འདྲ་བ་མང་པོ་ཞིག་གསུངས་ཡོད་ལ། མཚམས་ལ་ལར་རི་བོ་མཆོག་རབ་ཀྱང་འཐོར་ཞིག་ཏུ་སོང་ཡོད་པ་གསང་ནས་འདུག་དོན་ཁྱོད་ལ་རྒྱུ་མཚན་བཤད་རྒྱུ་ཡོད་དམ། ད་དུང་མཁའ་སྐྱོད་པ་ཚོས། མཁའ་དབྱིངས་ནས་རྒྱང་རིང་པོའི་སའི་གོ་ལར་ལྟ་སྐབས་ཆུ་ཡི་སྤོ་ལོ་ལྟ་བུ་ཞིག་ལ་གོས་སེར་པོས་སྟོད་ཁེབ་བྱས་པ་ལྟ་བུ་ཞིག་མཐོང་བ་ལས། ཞེས་དང་། ཁོང་ཚོས་མཐོང་དོན་དག་འཛམ་གླིང་གི་མི་ཡོངས་རྫོགས་ལ་ལྟད་མོ་བསྟན་ཡང་། དེ་ས་གཞི་ལེབ་མོ་ཡིན་པའི་སྒྲུབ་བྱེད་དུ་མ་སོང་རུང་། རིལ་རིལ་ཡིན་པའི་རྒྱུ་མཚན་དུ་ཅིའི་ཕྱིར་སོང་འདུག་ཅེས་འདྲི་ཁུལ་ཞིག་བྱས་འདུག་པ་ངོ་མ་བྱས་ན་ཚ་བ་མདའ་སྨྱུག་ལ་རྒྱབ་སྐྱོར་དང་བདེན་མཐའ་འབྱེད་མཁན་མི་འདུག་སྙམ་ནས་སྤོབས་བཤད་བྱས་པ་ཙམ་ཡིན་ཏེ། སྤོ་ལོ་ལྟ་བུ་མཐོང་བ་ལས་ལྷག་པོ་རིལ་རིལ་ཞིག་ཇི་ལྟར་མཐོང་དགོས། ཡང་མིན་ན་ཁྱེད་ཀྱིས་རིལ་རིལ་མཐོང་མ་མྱོང་བ་དང་། ཡང་མིན་ན་ཁྱེད་ཀྱི་མིག་གིས་སྤོ་ལོ་ལྟ་བུའི་དབྱིབས་ཟླུམ་པོ་དག་རིལ་རིལ་མིན་པར་ནར་ནར་འདྲ་དང་ཟུར་གསུམ་ལྟ་བུ་མཐོང་གི་ཡོད་པ་འདྲ། དེ་ཡིན་ན་ང་ཚོའི་མིག་ལམ་དུ་སྟོན་པའི་གོ་ལའི་དབྱིབས་དེ་ཡང་རིལ་རིལ་དུ་མཐོང་ཐབས་ཅི་ཡོད་དེ། རིལ་རིལ་མཐོང་ཐབས་མེད་པའི་ནད་ཅིག་གིས་མིག་ལ་སྐྱོན་བྱུང་ཡོད་པའི་ཕྱིར། དེ་དང་ལྟ་བུ་ཉོག་བཤད་དག་དག་འདུག་པས་ད་ཐེངས་དེ་ཙམ་ཞིག་ལས་དཔྱད་བརྗོད་བྱས་མེད།
སྐྱེ་འཇིག་གི་ཆ་དང་འཕེལ་གྲིབ་ཆ་ཐམས་ཅད་ཀྱང་དེའི་རང་བཞིན་ལས་མ་འདས་པ་ཡིན་པས་ལུང་གཞན་པ་མང་པོ་ཞིག་དྲངས་ཀྱང་ཁྱི་སྔུན་ལ་རྩ་གཡུག་པ་ཙམ་ཡིན་ཏེ། ད་ལྟ་ནང་བསྟན་གྱི་ར་བ་ལས་བརྒལ་ཏེ་མི་ཆོས་རིང་ལུགས་ཀྱི་སྟོང་ཁམས་ཆེན་མོ་ནས་བཤད་དགོས་པའི་ཕྱིར། ཉོག་བཤད་མི་བྱེད་པར་ལོག་རྟོགས་སྙིང་སྟོབས་ཀྱི་རིགས་པ་ལ་བརྒལ་ལན་ཡང་དག་ཅིག་སྤྲད་འདོད་ན་ཆོས་མངོན་པའི་ལུགས་ཀྱིས་འཇིག་རྟེན་གྱི་རྣམ་གཞག་འཆད་སྟངས་དེ་ལ་བདེན་དཔང་གི་དངོས་པོ་ཡོད་དགོས་པ་དང་། གནམ་རིག་མཁས་པ་ཀུ་པེ་ནི་དང་ཚན་རིག་པ་ནེའུ་ཐོན་སོགས་ཀྱིས་ཚོད་དཔག་དང་དཔྱད་ཞིབ་བྱས་པའི་འཇུག་འབྲས་དང་། ནུབ་ཕྱོགས་པས་འཛམ་གླིང་བསྐོར་བ་བརྒྱབ་ཏེ་མངོན་སུམ་མྱོང་སྣང་གིས་མཐོང་བའི་འཇུག་འབྲས་དེ་བདེན་པ་མིན་པའི་ར་སྤྲོད་བྱེད་རྒྱུ་ཡོད་ན་ཁྱོད་ལ་ལོག་རྟོགས་སྙིང་སྟོབས་ཀྱི་དོན་སྙིང་བསྲེག་པའི་ནུས་པ་ལྡན་ཞིང་། ཚ་བ་མདའ་སྨྱུག་གི་དོགས་སློང་ཐལ་བའི་རྡུལ་དུ་གཏོང་ཆོག་པ་ཡིན་མ་གཏོགས་བདེན་དཔང་དང་། རིགས་པ་ཅི་ཡང་མེད་པར་ས་ལྡིང་གནམ་ལྡིང་བྱས་པས་གྲུབ་འབྲས་ཅི་ཡང་ཐོབ་རྒྱུ་མེད། དེ་ནི་ངས་གསལ་བྱེད་དགོས་པ་ཞིག་སྟེ་མངོན་མཛོད་གཙོ་བྱས་པའི་མདོ་སྡེ་དག་ལས་གསུངས་པ་ད་ལྟ་ང་ཚོའི་ཡིད་ངོར་འཆར་བཞིན་པའི་གོ་ལ་འདི་དང་རྣམ་པ་མཚུངས་ཤིང་ཐོད་ཐུག་པའི་རྒྱུ་མཚན་ནམ། ཡང་མིན་ན་ནུབ་ཕྱོགས་པ་ཨ་མོའུ་སུ་ཐུ་ལང་སོགས་ཀྱིས་སྟོང་ཁམས་ཆེན་མོ་ནས་མཐོང་བའི་གོ་ལའི་འཇིག་རྟེན་འདིའི་དབྱིབས་ཟླུམ་པོ་སྒོང་ང་ལྟ་བུ་དེ་དངོས་པོ་མིན་པའི་བདེན་དཔང་བཅས་སྟོན་རྒྱུ་ཡོད་ན་ནི་དོགས་སློང་གི་གནད་དུ་འབྱོར་བའི་རིག་གཞུང་དམ་པ་ཡིན།
དེ་མིན་མདོ་སྡེ་གང་ཞིག་ནས་ཟླུམ་པོ་གསུངས་པའི་ཕྱིར་ཐོད་ཐུག་འདུག་བསམ་ན་ཟླུམ་ན་ཟླུམ་ལུགས་དང་སྒོར་ན་སྒོར་ལུགས་ཡོད་པས་དུས་འཁོར་དུ་བཤད་པའི་འཇིག་རྟེན་ཟླུམ་པོ་ཡིན་ཟེར་རྒྱུ་ལྟ་བུ་ད་ལྟ་མཐོང་བཞིན་པའི་གོ་ལ་ཟླུམ་པོ་འདི་དང་ཐོད་ཐུག་ཐབས་ག་ལ་ཡོད། འདི་ནི་རབ་ལྡན་གྱིས་བཤད་པ་ལྟར་དུ་བྲེ་ནང་བྲེ་བླུགས་པ་ལྟ་བུ་ཅ་དངོས་ཀྱི་གང་བའི་བྲེ་ལྟ་བུའི་ས་ཆེན་ལེབ་མོ་དེའི་ཁ་ལ་རྩ་བ་ཕྲ་ལ་རྩེ་མོ་སྦོམ་པའི་མགོ་རྡོ་རྗེ་དང་མཇུག་ཕུར་པ་ལྟ་བུ་རི་རབ་ཅིག་གྱེན་དུ་ལངས་ཡོད་པ་བཤད་ཡོད་པས་དེ་ནི་ཟླུམ་པོ་ཞིག་ཡིན་ཐབས་རྩ་བ་ནས་མེད། མཐའ་ཟླུམ་པས་ཟླུམ་པོ་ཡིན་ཟེར་མཁན་གྱི་རྟོག་གེ་བས་ད་དུང་ཟླུམ་པོའི་གོ་བ་ཡང་དག་ཅིག་ཤེས་མེད་པས་རྒྱུ་མཚན་ཡོད་པ་ཅི་ཡང་མ་མཐོང་།
རབ་ལྡན་གྱིས་དཀར་ཡོལ་ཆེ་ཐག་ཆོད་ཅིག་གི་ནང་ལ་འབྲས་ཁ་བཅད་ཅིག་བླུགས་ཏེ་དཀྱིལ་དུ་དཀར་ཡོལ་ཆུང་བ་ཞིག་ཁ་བུབ་ནས་བཞག་པ་དང་ཧ་ལམ་ཆ་འདྲ་བས་ཟླུམ་པོར་གསུངས་ཡོད་ཅེས་བཤད་ན་མ་ཆོག་པ་ཆེར་མེད། ཅེས་དུས་འཁོར་ལུགས་ཀྱི་རྣམ་བཞག་གསར་པ་གནའ་དེང་མཁས་པ་སུས་ཀྱང་དེ་སྔ་བཤད་མྱོང་མེད་པ་གཅིག་བཤད་འདུག་ཀྱང་དེ་ལ་བདེན་དཔང་མེད་ན་རྒྱུ་མཚན་ཅི་ཡོད། ཡག་ཤོས་བྱུང་ན་ཁྱེད་རང་སྟོངས་ཁམས་ཆེན་མོར་སོང་ནས་དཀར་ཡོལ་ཆེ་ཆུང་གཉིས་ཁ་སྦྱར་བྱེད་པ་ལྟ་བུའི་པར་རིས་ཤིག་སྟོན་རྒྱུ་ཡོད་དགོས་འདུག་ལ། དེ་མ་བྱུང་ཡང་རི་མོ་བྲིས་ནས་འདྲ་ཆགས་ཆགས་ཤིག་སྟོན་རྒྱུ་ཡོད་དགོས་འདུག རི་རབ་ལྷུན་པོ་འཕང་དུ་དཔག་ཚད་ཆིག་འབུམ། ཞེང་དུ་རྩ་བར་སྟོང་ཕྲག་བཅུ་དྲུག རྩེ་མོར་སྟོང་ཕྲག་ལྔ་བཅུ་ཡོད་པའི་ལྷུན་པོ་ཞིག་དཀར་ཡོལ་ཆུང་བ་ཞིག་ཁ་བུབ་པ་ལྟ་བུའི་དབྱིབས་སུ་འབྲི་རྒྱུ་འདུག་ན་འགྲིག་འདུག དེ་ཡང་འགྲེལ་ཆེན་ལས། ལྷུན་པོའི་ཚད་ནི་འབུམ་ཕྲག་ཅིག་སྟེ། ཞེས་འཕང་དུ་དཔག་ཚད་འབུག་གཅིག་དང་། འགྲེལ་ཆེན་ལས། ལྷུན་པོ་ཡི་ནི་སྟེང་གི་རྒྱ་ཤར་ནས་ནུབ་དང་བྱང་ནས་ལྷོའི་ཆའི་བར་དུ་སྟོང་ཕྲག་ལྔ་བཅུའོ། །ཞེས་དང་། ས་དཀྱིལ་དང་ཕྲད་མཚམས་ཀྱི་འོག་གི་རྒྱར་དཔག་ཚད་སྟོང་ཕྲག་བཅུ་དྲུག་པ་སྟེ་ཞེས་སོགས་ལྷུན་པོའི་དབྱིབས་དེ་རྩེ་མོ་སྦོམ་ཞིང་རྩ་བ་ཕྲ་བས་དཀར་ཡོལ་ཆུང་བ་ཁ་བུབ་བྱེད་འདུག་རྒྱུ་མེད། གཅིག་བྱས་ན་དུས་འཁོར་སངས་རྒྱས་ཀྱི་བཀའ་ཡིན་པའང་དོགས་པའི་གཞི་ཡིན་པས་རྒྱ་བཤད་སྟོང་བཤད་མང་པོ་ཞིག་བྱས་ཀྱང་དགོས་པ་ཆེར་མེད་པར་སྣང་།
དགག་རྩོམ་ཕལ་ཆེ་བ་ཞིག་ཏུ་ལོག་རྟོགས་སྙིང་སྟོབས་ཀྱི་ཚིག་རེ་རེ་བཞིན་དཔྱད་གཞི་རུ་བཞག་ནས་དགག་ལན་འབྲི་ཁུལ་བྱས་ཡོད་ཀྱང་དེ་ནི་དབུ་མ་སྔ་རབས་པ་དང་ཕྱི་རབས་པ་དག་གིས་དབུ་མའི་ལྟ་བ་ལ་རྩོད་པ་བྱུང་ནས་ཕུན་ཚུན་གཞུང་ལུགས་རྩ་མེད་དུ་བཟོ་འདོད་ནས་དགག་སྒྲུབ་བྱེད་སྟངས་རྙིང་པ་དེ་རང་གཞིར་བཟུང་ནས་བརྩམས་འདུག་པས་ཚིག་ཉོག་མང་ཞིང་། གནད་དུ་མ་འབྱོར་བ་འབའ་ཞིག་སྣང་། དེ་དང་དེའི་རྗེས་སུ་འབྲང་བ་མང་པོ་ཞིག་གིས་མདའ་སྨྱུག་གི་རིགས་པ་ཐལ་བའི་བརྡུལ་དུ་བརླག་སོང་འདོད་ཀྱི་ཡོད་ཀྱང་དོགས་གཞིའི་རྩ་ལ་འཇུ་མ་མྱོང་ཞིང་། ཚིག་སྐྱོན་གྱི་ལན་ཡག་རྐྱང་བ་ལ་རྔམས་བཞིན་པའི་རྟོག་གེ་པའི་སྡེ་ཚོགས་དག་གིས་དོགས་སློང་གི་རིགས་པ་དེ་དག་བརྡུལ་དུ་བརླག་པའི་བསྐལ་བ་མི་འདུག་པས་གད་མོ་སློང་བའི་གཡག་གཏམ་ཙམ་རང་རེད།
གནམ་རིག་མཁས་པ་ཧ་བོས་རྒྱང་ཤེལ་སྤྱད་དེ་བརྟག་དཔྱད་བྱས་པའི་འཇུག་འབྲས་སུ་འདས་པའི་ལོ་ངོ་དུང་ཕྱུར་༡༣༠-༡༥༠ཙམ་གྱི་སྔ་རོལ་དུ་བར་སྣང་ཁམས་ཀྱི་ནུས་རྫས་ཐམས་ཅད་གཅིག་བསྒྲིལ་ནས་དངོས་གཟུགས་ཧ་ཅང་ཆུང་བ། འདུས་ཚགས་ཤིན་ཏུ་དམ་པ། ཚ་ཚད་ཤིན་ཏུ་མཐོ་བའི་རྫས་ཀྱི་གོང་བུ་ཞིག་གློ་བུར་དུ་གས་འཐོར་དུ་སོང་ནས་འབར་གས་ཆེན་མོ་བྱུང་བའི་རྣམ་བཞག་འདི་ང་ཚོའི་མིག་གིས་ཅ་དངོས་མཐོང་བ་ལྟ་བུ་མ་ཡིན་པར་ཚོད་དཔག་བྱས་པའི་འཇུག་འབྲས་ཡིན་པར་སྨོས་མི་དགོས། ལོ་རབས་དྲུག་བཅུ་པའི་ནང་ལ་འཇིག་རྟེན་གྱི་ཆ་ཡོངས་སུ་རྒྱབ་ལྗོངས་ཀྱི་རླབས་རྒྱུན་ཆུང་བའི་ཚ་ཟེར་དེའི་འོད་རིམ་དང་། འཁྱོག་འགྲོས། བར་སྣང་གི་ཁྱབ་བརྡལ་བཅས་ཚད་འཇལ་ཞིབ་ཚགས་པོར་བྱས་པ་དེས། རླབས་རྒྱུན་ཆུང་བའི་ཚ་ཟེར་དེ་འབར་གས་ཆེན་མོའི་བྲག་ཆའམ་མེ་སྟག་ལྟ་བུ་ལ་ངོས་འཛིན་བྱས་ཡོད། འབར་གས་ཆེན་མོ་བྱུང་བའི་རྗེས་སུ་ཚ་ཚད་མར་འགྲིབ་ནས་རྫས་འགྱུར་གྱི་འགྱུར་ལྡོག་བྱུང་བའི་ཁྲོད་རྫས་ཡང་བ་རྣམས་ཀྱི་ཚུ་གུ་གྲུབ་ཅིང་། དེ་ལས་འཇིག་རྟེན་གྱི་དངོས་རྫས་ཐམས་ཅད་གྲུབ་པ་དང་། རྒྱབ་ལྗོངས་ཀྱི་རླབས་རྒྱུན་ཆུང་བའི་ཚ་ཟེར་གྱིི་སྒྲ་དེས་འབར་གས་ཆེན་མོའི་རྣམ་བཞག་འདི་ལ་ཚད་མ་ལྡན་པའི་དཔེ་སྟོན་མཐའ་གཅིག་ཏུ་བྱས་ཡོད་པ་ཚན་རིག་པ་ཕལ་ཆེ་བས་ཡིད་ཆེས་བྱེད་པར་སྣང་།
མངོན་མཛོད་ནས་འཇིག་རྟེན་གྲུབ་ཚུལ་བཤད་སྟངས་དེ་བསམ་ཡུལ་འདས་པའི་སྒོ་ན་བཤད་ཀྱི་ཡོད་པ། འཇིག་རྟེན་ཐམས་ཅད་ལས་ལས་སྐྱེས་ལྟ་བུ་དཔྱད་བརྗོད་དུ་མེད་པའི་རྣམ་བཞག་ཅིག་གཞིར་བཟུང་ནས་གར་ཡོང་མི་ཤེས་པའི་ནམ་མཁའ་ནས་རླུང་ཆེན་པོ་གཡོ་བཞིན་སྤྲིན་ཁྲིགས་པ་དང་། ཆར་ཆེན་པོ་བབས་ཏེ་རྒྱ་མཚོ་ཆགས་པ་སོགས་བློ་ཡུལ་དུ་རྟོག་བཏགས་བྱས་པ་ཙམ་ལས་རྒྱུ་རྐྱེན་འདི་དང་། རྒྱུ་མཚན་འདི་ཡིས་འཇིག་རྟེན་འདི་ཆགས་ལུགས་ཚད་ལྡན་ཞིག་བཤད་རྒྱུ་མི་འདུག་པ་དེ་རང་རེད། ལས་ཀྱི་དབང་གིས་རླུང་གཡོ་བ་དང་སྤྲིན་འཁྲིགས་པ་ཡིན་ན་འཇིག་རྟེན་འདི་ཐོག་མར་སྐྱེས་པར་བྱེད་པའི་རྒྱུ་ལས་ཤིག་ཡོད་ངེས་པ་དང་། ལས་དེ་བསམ་པའི་ལས་དང་། སེམས་པའི་ལས་གང་ཡིན་ཞེས་མངོན་པ་བ་ཚོ་ལ་གཅིག་འདྲི་བར་འདོད། དང་པོ་བསམ་པའི་ལས་ཡིན་པར་འདོད་ན་བསམ་པའི་ལས་ནི་ལུས་ངག་གི་ལས་ལ་གོ་དགོས་པས་འཇིག་རྟེན་འདི་ལུས་ངག་གི་རྩོལ་བ་ལས་སྐྱེད་པར་འདོད་དགོས་པ་ལྟ་བུ་ཆགས་ཡོད། དེ་ཡང་མིན་གཉིས་པ་སེམས་པའི་ལས་ཡིན་ཟེར་ན། འོ་ན་རླུང་གཡོ་བ་དང་། སྤྲིན་འཁྲིག་པའི་སྔ་རོལ་ནས་རྒྱུ་སེམས་པ་ཞིག་ཡོད་པ་ཐལ། འདོད་པའི་ཕྱིར། འདོད་ན་སེམས་པ་དེ་དང་མཚུངས་ལྡན་དུ་སོང་བའི་གཙོ་སེམས་ཞིག་ཡོད་པ་ཐལ། འདོད་པའི་ཕྱིར། འདོད་ན། གཙོ་སེམས་ཡིན་ན་དེའི་འཁོར་དུ་སོང་བའི་འདུ་ཤེས་དང་ཡིད་བྱེད། རིག་པ་སོགས་ཀུན་འགྲོ་ལྔ་ཡོད་དགོས་པས་རླུང་མ་གཡོ་བའི་གོང་དུ་འཇིག་རྟེན་འདིའི་རྒྱུ་དེ་འདྲའི་སེམས་དང་སེམས་བྱུང་རྣམས་ཡོད་ན་འཇིག་རྟེན་བྱེད་པོ་འདོད་པའི་ལུགས་རང་ཡིན་ཏེ། བློ་ཞིག་གིས་རླུང་གཡོ་འདོད་ཀྱི་ཡིད་བྱེད་དང་། རླུང་གཡོ་བའི་འདུ་ཤེས་སོགས་བློ་ཡི་རྩོལ་བ་སྔོན་དུ་སོང་ནས་འཇིག་རྟེན་འདི་གྲུབ་པ་ཡིན་པའི་ཕྱིར། གལ་སྲིད་མངོན་པའི་ལུགས་ཀྱི་འཇིག་རྟེན་ཆགས་སྟངས་འདི་བདེན་པ་ཡིན་པའི་ར་སྤྲོད་མེད་ན་ཕར་བཤད་ཚུར་བཤད་མང་པོ་གཅིག་བྱས་ཀྱང་སྤྲེའུ་རྒན་རྔ་མ་ཆད་དེ་གཡོས་སྒོ་ལག་པས་གཡོལ་བ་ཙམ་ལས་གནད་དུ་འབྱོར་བའི་བརྒལ་ལན་ཚིག་གཅིག་ཀྱང་མཐོང་ཐབས་བྲལ།
མདོར་བསྡུས་ཏེ་བཤད་ན་ཆོས་མངོན་པའི་ལུགས་ཀྱི་ས་ཆེན་ལབ་མོ་ལ་རི་བོ་མཆོག་རབ་ཀ་བ་གྱེན་དུ་སློང་བཞག་པ་ལྟ་བུའི་དབྱིབས་ཀྱི་ཆ་དང་། ལས་ཀྱི་དབང་གིས་རླུང་ཆེན་པོ་ཞིག་བྱུང་སྟེ་གར་ཡོང་མི་ཤེས་པའི་སྤྲིན་པ་ལས་ཆར་ཆེན་པོ་བབས་པ་སོགས་འཇིག་རྟེན་འདིའི་རྒྱུ་ཡི་ཆ་དང་། རི་བོ་མཆོག་རབ་ལ་ཉི་ཟླ་གཉིས་ཀྱིས་བསྐོར་བ་རྒྱག་པ་སོགས་ཉི་ཟླ་གཟའ་སྐར་གྱི་འཁོར་བགྲོད་ཀྱིི་ཆ་ལྟ་བུ་རྣམས་བདེན་པ་ཡིན་པའི་དཔང་རྟགས་དང་རྒྱུ་མཚན། དཔེ་མཚོན་བཀོད་རྒྱུ་མེད་ན་ཆོས་མངོན་པའི་གཞུང་ལ་འབྲེལ་བརྗོད་ཀྱི་ངལ་བ་ཇི་ལྟར་བྱས་ཀྱང་དོན་མེད་རང་གྱོང་ཉོ་བཞིན་པ་ཙམ་རེད། མདོ་སྡེ་གཞན་པའི་ལུང་མང་པོ་ཞིག་དྲངས་ཀྱང་དེ་ལ་དགོས་པ་ཅི་ཡོད་དེ། སངས་རྒྱས་ཀྱིས་གསུངས་པའི་འཇིག་རྟེན་གྱི་རྣམ་བཞག་དེ་བདེན་པ་ཡིན་པའི་ར་སྤྲོད་བྱེད་མི་ནུས་པའི་ཕྱིར། ཧ་གོ་དགོས་རྒྱུ་ཞིག་ལ་མདའ་སྨྱུག་གིས་གྲུབ་མཐའི་དབྱེ་བ་ཕྱེས་མི་འདུག་ཟེར་བ་དང་། མདོ་སྡེ་རེ་རེ་ལ་འདོད་ཚུལ་མི་འདྲ་བ་རེ་རེ་ཡོད་པས་མདོ་སྡེ་སོ་སོའི་དབང་དུ་བྱས་ནས་དགག་དགོས་རེད་ཟེར་བ་སོགས་ནང་ཆོས་ཀྱི་ར་བ་ལས་བརྒལ་མ་ཐུབ་ཅིང་། བསྡུས་གྲྭའི་རིགས་འགྲོས་ལས་བསམ་མི་ཤེས་པའི་གནས་སྟངས་ཙམ་ལས་ཅི་ཡང་མིན། གལ་སྲིད་གྲུབ་མཐའ་གཅིག་གི་བཤད་ཚུལ་བདེན་པ་ཡོད་པའི་དབང་དུ་བཏང་ན་དེ་ལས་གཞན་པའི་གྲུབ་མཐའ་དེ་ནོར་བ་ཡིན་པར་འདོད་པས་གྲུབ་མཐའ་རེ་རེ་ལ་དགག་ཚུལ་རེ་རེ་མེད། དྲང་དོན་དང་ངེས་དོན་ཞེས་ཆ་ཕྱེ་འདུག་རྒྱུ་དེ་ནི་གཡོ་ཐབས་ཙམ་ལས་མ་འདས་ཏེ། འགལ་བ་རྒྱབ་ཁུར་གཉིས་གཅིག་དྲང་དོན་དང་གཞན་དེ་ངེས་དོན་ཡིན་ཟེར་ནས་གཉིས་ཀ་བདེན་དགོས་ཆགས་བྱས་ཀྱང་གནས་ལུགས་ཀྱིས་ཁས་ལེན་མེད་ཅིང་། གཅིག་ཤོས་བདེན་པའི་དབང་དུ་བཏང་ཡང་དེ་དང་འགལ་བ་དེ་བརྫུན་པའི་ངོ་བོ་ལས་འདའ་འགྲོ་ས་མེད། དྲང་དོན་ངེས་དོན་དང་ཐེག་ཆེན་ཐེག་དམན་ཞེས་ནང་པའི་ཆོས་གཞུང་རང་ནས་གསུངས་པའི་རིགས་པ་ནག་ནོག་དེ་དག་འདིར་བེད་སྤྱོད་བྱས་ཀྱང་ཕན་ཐོགས་ཡོད་པ་མ་ཡིན་ནོ། །
གསལ་བཤད་ཐུང་ངུ་ཞིག
ཁོ་བོའི་གཉུག་གཤིས་ཀྱི་ཀློང་ནས་སྐད་ཆ་འདི་དག་བཤད་འདོད་པ་ཞིག་མིན་ཏེ། ཁོ་བོ་ཡང་སངས་རྒྱས་ལ་དད་པ་ཆེ་ཞིང་ལས་འབྲས་ལ་ཡིད་བརྟན་ཡོད་མཁན་ཞིག་ཡིན། རེད་དེ་བདག་གི་མཆེད་པོ་ཚ་བ་མདའ་སྨྱུག་གར་སོང་ཆ་མེད་དུ་གྱུར་བ་ནས་བཟུང་རྟོག་གེ་པ་ལ་ལས་བཤད་རྒྱུ་མང་པོ་ཞིག་བཙལ་ནས་འགན་ཁུར་མེད་པའི་སྐད་ཆ་གང་བྱུང་དུ་བཤད་ཀྱི་འདུག་པ་དེ་ངོ་མ་མཐོང་འདོད་པོ་ཞིག་མ་རེད། ཁོང་ཚོས་མང་པོ་ཞིག་བཤད་ཐུབ་ན་འགྲིག་བསྡད་ཡོད་དྲན་ན་དེ་ནི་ནོར་བ་ཡིན་ཏེ་གནས་ལུགས་ཀྱི་ངོས་ནས་བཙལ་ཤིང་། བདེན་དཔང་གིས་རྒྱབ་ནས་བསྐྱོར་ཏེ་རྩོད་དགོས་པ་ཡིན་པའི་ཕྱིར། སྤྱིར་ཏང་སེང་རྡོར་ཟེར་བའི་ཁ་མཁས་དེ་དང་མདའ་སྨྱུག་གི་དོགས་སློང་བདེན་པར་བརློམ་བཞིན་པའི་སྨྱུག་ཐོགས་པ་འགའ་འདུག་ཀྱང་ཁ་མཁས་པོ་མ་གཏོགས་རྒྱུ་མཚན་ཡོད་པ་ཅི་ཡང་མི་བཤད་པར། སེང་རྡོར་གྱིས་ཟེར་ན་ཁོས་བཤད་རྒྱུ་དེ་མདའ་སྨྱུག་གིས་རྒྱས་བཤད་བྱས་པ་རེད་ཟེར་ཡང་ད་ལྟ་རྒྱས་བཤད་དེ་ལ་དགག་ལན་ཐོག་རྒྱག་རྒྱག་བྱེད་ཀྱིན་ཡོད་པར་ལན་ཞིག་ཡོད་པར་བསམ་ནས་ཇི་ལྟར་སྒུག་ཀྱང་ཁ་མི་གྲགས་པར་མགོ་བདེ་དྲན་འཁྲུལ་གྱི་ངང་དུ་བསྡད་འདུག དེས་ན་བདག་ཁ་གཅིག་མི་གྲགས་ཀ་མེད་རེད་སོང་། མདའ་སྨྱུག་གི་དོགས་སློང་ལ་གནས་ལུགས་འདུག་དྲན་མཁན་དག་གིས་གནས་ལུགས་ཡོད་པའི་སྒྲུབ་བྱེད་འདྲ་ཡོད་ན་ད་རྣམ་དཔྱོད་ཀྱི་གཤོག་རྩལ་ངོམས་པའི་དུས་སུ་འཁེལ་འདུག -མུ་འགོད།-
·གསར་འགྱུར་གོང་མ:འགོས་ནད་སྔོན་འགོག་བྱ་ཐབས།
·གསར་འགྱུར་འོག་མ:སྐར་མ་རྀ་ཥིའི་ཁུངས་དང་ཕན་ནུས།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·འདི་ཕྱི་གཉིས་ཕུང་གི་ཐ་མག་དང་སྣ་དུད་སྤོངས་བར་བསྐུལ་བ། 2016/1/10 17:08:16
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:fwmmif
xPsyeR  <a href="http://skqtfsawkbch.com/">skqtfsawkbch</a>, [url=http://yfundwxntgbv.com/]yfundwxntgbv[/url], [link=http://zthwlbbmwwid.com/]zthwlbbmwwid[/link], http://knujmpjeezgu.com/
发表时间:2016/2/24 7:54:25 [来自: 146.185.234.48]

འབྲེལ་ཡོད་དཔྱད་བརྗོད 1 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS