༈ ཉི་ཧོང་བྱིས་པའི་སྤྱི་ཚོགས་སློབ་ཁྲིད།
སྒོ་ཡོན་གྱིས་བསྒྱུར།
ཁོ་མོའི་ཁྱིམ་གྱི་བྱིས་པ་ཆུང་ཆུང་ཉི་ཧོང་དུ་སློབ་ཆུང་ལོ་རིམ་གཉིས་པ་འགྲིམ་པའི་སྤྱི་ཚོགས་སློབ་ཁྲིད་ཀྱི་དུས་སུ། སློབ་གྲྭའི་དགེ་རྒན་གྱི་བཀོད་སྒྲིག་འོག་བྱིས་པ་རྣམས་སློབ་གྲྭའི་ཉེ་འཁོར་གྱི“སྒོ་རྩིས་ཚོང་ཁང”ནང་རྟོག་ཞིབ་བྱེད་པར་ཆས་པ་རེད།
སྒོ་རྩིས་ཚོང་ཁང་ནང་དུ་བསླེབས་རྗེས། དེ་ཀའི་བཟའ་བཅའ་རྣམས་ལས་ཕྱི་འདྲེན་ཡོང་ཁུངས་དང་། བདག་ཉར་གཏན་ཁེལ་གྱི་ཀུན་སྤྱོད་རྣམ་གཞག ཟས་རིགས་བེད་སྤྱོད་ཀྱི་དུས་ཚོད་བརྒལ་ཏེ་གཡུག་རན་པར་དོ་དམ་བྱེད་སྟངས་སོགས། བྱིས་པ་ཚོས་རང་ཉིད་གནས་སྡོད་ཀྱི་སྒོ་རྩིས་ཚོང་ཁང་ནང་ནས་ཉོས་པའི་བཟའ་བཅའི་སྐོར་བདེ་ཐང་ཡིན་པ་དང་། མི་གཞན་གྱི་སེམས་པ་བདེ་རུང་བ་རྟོགས་པ་རེད།
ལོ་རིམ་གསུམ་པའི་སྤྱི་ཚོགས་སློབ་ཁྲིད་སྐབས། སློབ་གྲྭའི་དགེ་རྒན་གྱི་བཀོད་སྒྲིག་འོག་གྲོང་ཁྱེར་ནང་གི་གད་སྙིགས་དོ་དམ་བཟོ་གྲྭར་ཕྱིན་པ་དང་། དེ་ཀའི་གད་སྙིགས་ར་བར་ཉིན་ཕྱེད་ལྷག་ལ་རྟོག་ཞིབ་བགྱིས་ཤིང་། ཕྱིར་སྡོད་ཁྱིམ་ནང་བསླེབས་རྗེས་བྱིས་པ་ཆུང་ངུའི་སེམས་ཁམས་རབ་ཏུ་གཡོས་འདུག རྒྱུ་མཚན། མོའི་སེམས་ལ་དེ་སྔོན་དྲན་མ་མྱོང་བ་ཞིག་ནི། གད་སྙིགས་སླར་གསོའི་ཆེད་དུ། དོ་དམ་བདག་གཉེར་བས་གད་སྙིགས་ཀྱི་རིགས་མི་འདྲ་བ་རྣམས་ནོར་དུ་མ་བཅུག་པར་ཁག་བགོས་བྱེད་ཀྱི་ཡོད་ལ། གད་སྙིགས་སླར་གསོའི་གཙང་སྤུས་ལ་འགན་འཁུར་བའི་སྒོས། བཀོལ་སྤྱོད་དང་དགོས་མཁོ་གནས་པའི་སྐོར་རེ་རེ་བཞིན་ལག་པ་འགུལ་ནས་ངལ་རྩོལ་ཆེན་པོས་སོ་སོར་དབྱེ་བསལ་བཟོ།
སྣང་ཚུལ་འདི་དག་གི་འགོ་མཇུག་ཆ་ཚང་མཐོང་མ་ཐག བྱིས་པར་དྲིན་ཤེས་ཆེན་པོ་སྐྱེས་ཏེ། ཁྱིམ་དུ་འབྱོར་འཕྲལ་ཧ་ཅང་གཟབ་ནན་ངང་ཁོ་མོར་བཤད་དོན། “ཨ་མ། གཞུག་ནས་རང་ཁྱིམ་གྱི་གད་སྙིགས་འདོར་བའི་སྐབས། སླར་གསོ་རུང་བ་དང་སླར་གསོ་མི་རུང་བའི་གད་སྙིགས་རྣམས་ངེས་པར་དུ་སོ་སོར་དགར་ནས་དོར་དགོས་པར་མ་ཟད། ཟོག་འོ་བླུག་སྣོད་དང་བཏུང་ཁུའི་ཤུབས་ལྟ་བུ་སླར་གསོ་རུང་བ་དག་མཐའ་གཅིག་ཏུ་གཙང་མར་བཀྲུས་ནས་ད་གཟོད་དོར་དགོས། ཨ་མ། ཁྱེད་ཀྱིས་གད་སྙིགས་དོ་དམ་བཟོ་གྲྭའི་ལས་མི་ཚོས་དཀའ་སྡུག་ག་ཙམ་མྱོང་བཞིན་ཡོད་པ་ཤེས་ཀི་མ་རེད། ང་ཚོས་ཐེངས་གཅིག་ཙམ་ལ་ལས་སྟངས་མ་འདང་བས། ཁོ་ཚོར་དཀའ་ལས་ལྷག་མོ་སྣོན་པ་དང་། བྱ་བ་ཇེ་མང་དུ་གཏོང་གི་ཡོད་པ་རེད།”
ལོ་རིམ་བཞི་བའི་སྤྱི་ཚོགས་སློབ་ཁྲིད་སྐབས། སློབ་གྲྭའི་དགེ་རྒན་གྱི་བཀོད་སྒྲིག་འོག་གྲོང་ཁྱེར་ནང་གི་ཆུ་འདྲེན་བཟོ་གྲྭར་ཕྱིན་ཏེ། ཆུ་འདྲེན་གྱི་བཞུར་མཚམས་ཆ་ཚང་ལ་རྟོག་ཞིབ་ཚར་བའི་བྱིས་པ་ཆུང་ཆུང་གིས། ཆུ་འདྲེན་བཟོ་གྲྭ་ནས་ཆུ་འགྱིག་དམ་གང་ཁྱེར་ནས་ཁྱིམ་ལ་འབྱོར་ཞིང་།ང་རྒྱལ་གྱི་ཚུལ་དུ་ཁོ་མོར་བཤད་དོན། “ཨ་མ། ཁྱེད་ཀྱིས་ཤེས་སམ། ང་ཚོའི་ཁྱིམ་ནང་གི་ཆུ་ནི་གཏོང་འཛིན་གྱི་མཆུ་སྒོ་ཕྱེ་བ་ཙམ་གྱིས་བཏུང་ཆོག་པ་དང་། སེམས་པ་ལྷོད་ལ་དབབ་ཆོག་པའི་བདེ་ཐང་གི་ཆུ་འདྲེན་ཆས་རེད་འདུག །
ཐང་ཤེན་ཙིས་བརྩམས། (ཉི་ཧོང)
(༢༠༡༣ལོའི་རྒྱ་ཡིག་གི<<ཀློག་པ་བོ>>དུས་དེབ་འདོན་ཐེངས༢༤བ་ལས་བདམས་ཤིང་བསྒྱུར།)