ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
  གསར་འགྱུར་ཀློག་པ།

ཕ་ཀི་སི་ཐན་གྱི་སྦལ་ཏི་ཡུལ་དུ་བོད་ཡིག་གི་འབྲི་རྒྱུན་སླར་གསོ་བྱས་པ།

[རྩོམ་པ་པོ:ལུང་རིགས་རྒྱལ།  ཡོང་ཁུངས:བོད་སྐད་རླུང་འཕྲིན་དྲ་བ།  དུས་ཚོད:2015/8/21 18:06:09  བཀླགས་ཐེངས:1338][ཡིག་གཟུགས:ཡིག་གཟུགས་མདོག]

༄༅།།ཕ་ཀི་སི་ཐན་གྱི་སྦལ་ཏི་ཡུལ་དུ་བོད་ཡིག་གི་འབྲི་རྒྱུན་སླར་གསོ་བྱས་པ།

སྦལ་ཏི་ཡུལ་གྱི་བོད་པ།

 

ཉེ་བའི་ལོ་ཤས་རིང་། ཕ་ཀི་སི་ཐན་གྱི་མངའ་ཁོངས་ན་ཡོད་པའི་བོད་རིགས་འདུས་སྡོད་ས་ཁུལ་ཏེ་སྦལ་ཏི་ཞེས་པའི་ཡུལ་དུ་བོད་ཡིག་གི་འབྲི་རྒྱུན་སླར་གསོ་བྱེད་འགོ་ཚུགས་འདུག་ལ། དེ་ཡང་ས་ཁུལ་དེའི་ཡུལ་སྐད་དུ་ཆགས་བཞིན་པའི་ཨུར་ཌོའི་འཁྱུག་བྲིས་ཙམ་མ་ཡིན་པར། ཁ་ཆེའི་མུལ་ལ་ཚོའི་ཁྲོད་དུའང་བོད་ཡིག་འབྲི་རྒྱུན་སླར་གསོ་བྱེད་བཞིན་ཡོད།

སྦལ་ཏི་ཡུལ་གྱི་བོད་པ།

 

སྐར་རྡོ་གྲོང་ཁྱེར་དབུས་བྱས་པའི་སྦལ་ཏི་ཡུལ་ལམ་དེང་སྐབས་ཕྱི་ལུགས་ཀྱི་ཡིག་ཆ་ཕལ་མོ་ཆེའི་ནང་སྦལ་ཏི་སི་ཐན(Baltistan)ཞེས་འབོད་པ་ནི་ཕ་ཀི་སི་ཐན་གྱི་བྱང་ཤར་མཐའ་མཚམས་སུ་ཆགས་ཡོད་ལ། རོབ་རྩིས་བྱས་ན་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ10118དང༌། མི་འབོར་འབུམ་བཞི་ལྷག་ཡོད། ཡུལ་འདིའི་མི་རྣམས་ཀྱིས་བོད་སྐད་དམ་སྟོད་སྐད་ཅེས་འབོད་བཞིན་པའི་བོད་ཀྱི་ནུབ་ཕྱོགས་ས་ཁུལ་གྱི་ཡུལ་སྐད་བཤད་ཀྱིན་ཡོད་ལ། བོད་ཀྱི་ལོ་རྒྱུས་ལྟར་ན། སྦལ་ཏི་ཡུལ་ནི་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་སྟོད་ཕྱོགས་ཀྱི་སྤུ་ཧྲེང་དང་མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག ཞང་ཞུང་དང༌། ཁྲི་ཏེ་སྟོད་སྨད་སྐོར་གཅིག འཆིམ་མལ་ལི་དང༌། བྲུ་ཤ་དང༌། སྦལ་ཏི་གསུམ་སྐོར་གཅིག་བཅས་བཅད་པའི་ཁྲོད་ཀྱི་སྦལ་ཏི་ཞེས་པ་དེ་ཡིན་ཞིང༌། དུས་རབས་བཅུ་དྲུག་པ་ནས་བཟུང་ཏ་ཟིག་གམ་ཁ་ཆེའི་དབང་བསྒྱུར་འོག་ཤོར་ཏེ་ད་བར་མི་ལོ500ཕྱིན་ལ། འདིའི་རིང་ཁོང་ཚོའི་ཆོས་ལུགས་འགྱུར་ཡོད་ནའང་བོད་ཀྱི་སྐད་ཡིག་དང་གོམས་སྲོལ་ནི་འགའ་ཤས་ད་དུང་གནས་ཡོད་པ་དང༌། དེང་སྐབས་སྦལ་ཏིའི་མི་རྣམས་ཀྱིས་བོད་ཡིག་དང་བོད་སྐད་སོགས་སྦྱངས་ཏེ་སོ་སོའི་ཕ་མེས་ཀྱི་ཆོས་རིག་དང་ཡུལ་སྲོལ་གོམས་གཤིས་བཅས་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོ་བྱེད་རྒྱུའི་སྐོར་ལ་ལས་འགུལ་སྤེལ་བཞིན་འདུག

སྦལ་ཏི་ཡུལ་གྱི་ཁང་པ།

སྦལ་ཏིའི་རིག་གཞུང་ཐེབས་རྩ་ཁང་དུ་ཕྱག་ལས་གནང་ཞིང་གེ་སེར་རྒྱལ་བོའི་སྒྲུང་སྦལ་ཏིའི་ཡུལ་སྐད་དུ་ཞིབ་འབྲི་གནང་མཁན་སྐུ་ཞབས་སིད་ཨ་བྷས་ཁ་ཛི་མཱི་ལགས་ཀྱིས། ང་ཚོ་ནི་ཡུལ་འདིར་དུས་རབས་དྲུག་པ་ནས་བཟུང་བོད་ཀྱི་སྐད་ཡིག་གི་འབྲི་རྒྱུན་ཡོད་པའི་མི་རིགས་ཁོ་ན་དེ་ཡིན་ཞེས་དང་། ཡིན་ནའང་ཀླད་པ་གུ་དོག་པོའི་མུལ་ལ་བ་རྣམས་ཀྱིས་བོད་ཡིག་བཀོལ་སྤྱོད་མཚམས་འཇོག་དགོས་ཟེར་ལ། དེར་བརྟེན་ལོ་ངོ་འདི་དག་གི་རིང་སྦལ་ཏིའི་ཡུལ་སྐད་དང་ཡི་གེའི་འབྲི་ཀློག་གི་འཕེལ་རིམ་ལ་གོད་ཆག་ཆེན་པོ་བྱུང་ཞེས་གསུངས་ལ། ཁོང་གིས་ད་དུང་ཏ་ཟིག་གི་གསལ་བྱེད་ནི་ང་ཚོའི་སྐད་ལ་ཕན་པོ་མི་འདུག་སྟེ། སྦལ་ཏིའི་ཡིག་འབྲུ་མང་བོ་ཞིག་ཏ་ཟིག་གི་གསལ་བྱེད་ནང་འབྲི་ཐུབ་ཀྱི་མི་འདུག དེའི་རྐྱེན་གྱིས་ང་ཚོའི་སྐད་ཡིག་ད་ཆར་སེམས་ཅན་བདག་མེད་དང་འདྲ་ཞིང་། ང་ཚོའི་སྙན་ངག་བཅད་མ་དང་ལྷུག་མ་ནི་ཟུངས་ཟད་ནས་སྐམ་རུལ་དུ་འགྱུར་བཞིན་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད།

སྦལ་ཏི་ཡུལ་གྱི་མཛེས་ལྗོངས།

ཕ་ཀི་སི་ཐན་གྱི་ཨ་གྷ་ཁན་རིག་གཞུང་ཞབས་ཞུ་ཁང་སོགས་ཀྱི་རོགས་སྐྱོར་འོག རོགས་འོག་ཁ་ཛ་མི་ལགས་ཀྱིས1999ལོ་ནས་བཟུང་ཕ་ཀི་སི་ཐན་གྱི་སྦལ་ཏི་ཡུལ་དུ་བོད་ཡིག་སླར་གསོའི་ཕྱག་ལས་གནང་མགོ་བཙུགས་ཏེ། བོད་ཡིག་ནང་གཞི་རིམ་གྱི་སློབ་དེབ་དཔར་སྐྲུན་བྱས་པ་མ་ཟད། སྐར་རྡོ་གྲོང་ཁྱེར་ནང་གི་ཚོང་ཁང་གི་སྒོ་བྱང་རྣམས་བོད་ཡིག་ནང་འབྲི་བར་རོགས་རམ་གནང་།

སྦལ་ཏི་ཡུལ་གྱི་བོད་པ།

ཁ་ཛ་མི་ལགས་ཀྱིས། ཁ་ཆེ་མུལ་ལ་རྣམས་ཀྱིས་འདི་དག་ནི་ཁ་ཆེ་བ་མིན་ཚུལ་གནོན་ཤུགས་ཕྱོགས་ཡོངས་ནས་སྤྲོད་ནའང་ང་ཚོར་མང་ཚོགས་ཀྱི་རྒྱབ་སྐྱོར་ཡག་པོ་རག་སོང་། ང་ཚོའི་དམིགས་ཡུལ་ནི་རིག་གཞུང་རྐྱང་བ་ཡིན་ལ། རིམ་བཞིན་ང་ཚོས་སྦལ་ཏི་ཡུལ་འདིར་རིག་གཞུང་གི་ལྗོངས་རྒྱུའི་ལས་དོན་ཡར་རྒྱས་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད། འདི་ལྟར་སྦལ་ཏི་རིག་གཞུང་ཐེབས་རྩ་ཁང་གིས་བོད་ཡིག་གི་འབྲི་རྒྱུན་སླར་གསོའི་ཞོར་དུ་སྦལ་ཏི་ཡུལ་གྱི་དུས་སྟོན་དང་གཞས། ཞབས་བྲོ། ལོ་རྒྱུས་ཀྱི་མཁར་རྙིང་སོགས་ཀྱང་བསྐྱར་གསོ་བྱེད་རྒྱུའི་འཆར་གཞི་ཡང་བཏིང་ཡོད་འདུག ཁ་ཛ་མི་ལགས་ཀྱི་ལས་གཞི་འདི་མགོ་བཙུགས་པ་ནས་བཟུང་ཁ་ཆེའི་ཆོས་དཔོན་དང་ཚོང་དཔོན་སོགས་ཁོང་གི་སར་བཅར་ཏེ་སྐྱོན་འཛུགས་བྱས་ཡོད་པ་དང་། ཁོང་གིས་དེ་དག་རེ་རེར་ཁ་ཏ་སློབ་གསོ་བྱས་ཏེ་ལས་གཞི་ལ་བར་ཆད་མ་བྱུང་ཙམ་ཡིན་པ་དང་། མང་པོ་ཞིག་ནི་ལས་གཞི་འདིའི་ཐད་གདེང་ཚོད་དེ་ཙམ་མེད་ནའང་སྐར་རྡོའི་གྲོང་ཁྱེར་དུ་སྦལ་ཏིའི་རིག་གཞུང་ཐེབས་རྩ་ཁང་ལ་བརྩི་མཐོང་ཆེ་ཞིང་། གྲོང་ཁྱེར་དེའི་ནང་གི་དཔེ་དེབ་བཙོང་མཁན་ཞིག་གིས་'མི་སུས་ཀྱང་ལོ་ངོ་བརྒྱ་ཕྲག་མང་བོའི་ལོ་རྒྱུས་ནག་བསུབ་གཏོང་གི་མ་རེད་ཅེས་བརྗོད་ཡོད་ལ། ཁོང་གི་དཔེ་ཁང་ནང་གི་བོད་ཡིག་གི་གཞི་རིམ་སློབ་དེབ་དེ་འགྲིམ་རྒྱུག་ཆེན་པོ་ཡོད་ཚུལ་གོང་གསལ་གསར་འགོད་པར་འགྲེལ་བརྗོད་བྱས་པ་སོགས་སྦལ་ཏིའི་ཡུལ་མི་རྣམས་ཀྱིས་ལས་གཞི་འདིའི་ཐད་རྒྱབ་སྐྱོར་ཆེན་པོ་གནང་གི་ཡོད་འདུག ཁ་ཛ་མི་ལགས་ཀྱིས་ལས་གཞི་འདིར་ཕ་ཀི་སི་ཐན་ཡུལ་དུ་ཆབ་སྲིད་ཀྱི་འགོག་རྐྱེན་ཅི་ཙམ་ཡོད་མེད་རྟོགས་དཀའ་ནའང་ཁོང་གིས་འདི་ནི་ཕ་ཀི་སི་ཐན་གྱི་ཨ་སི་ལ་མ་བྷ་ཌི་དང་འབྲེལ་བ་གང་ཡང་མེད་སྐོར་ཨུ་ཚུགས་ཀྱིས་བརྗོད་ལ། ང་ཚོས་སྦལ་ཏི་སི་ཐན་གྱི་དོན་དུ་ལས་ཀ་བྱེད་ཀྱི་ཡོད་པ་རེད། འདི་ནི་ཕ་ཀི་སི་ཐན་ལ་ཁ་གཏད་བཅག་པ་ཞིག་ནམ་ཡང་ཆགས་ཀྱི་ཡོད་མ་རེད། ཐ་ན་ང་ཚོར་ཁྲིམས་ཐོག་གི་ཐོབ་ཐང་མེད་ནའང་། ཕ་ཀི་སི་ཐན་གཞུང་གིས་ང་ཚོར་ཁ་པར་དང་། གློག ལམ། སློབ་གྲྭ་སོགས་འཛུགས་སྐྲུན་ཐད་དཔལ་འབྱོར་གྱི་རོགས་རམ་རྒྱ་ཆེན་པོ་གནང་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད།

སྦལ་ཏི་ཡུལ་གྱི་མཛེས་ལྗོངས།

སྦལ་ཏི་ཡུལ་འདིར་བོད་ཀྱི་འབྲོག་པ་རྣམས་དུས་ནམ་ཞིག་ནས་སླེབས་པ་གསལ་བོར་ཤེས་རྟོགས་བྱུང་མེད་ནའང་བོད་ཀྱི་བཙན་པོའི་རྒྱལ་རབས་སྐབས་ནས་བཟུང་སྦལ་ཏི་ཡུལ་ནི་བོད་དང་ས་ཁྱོན་ཆ་ཤས་སུ་གྲུབ་ཡོད་ལ། གང་ལྟར་ཡུལ་འདི་བོད་ལ་ཆོས་དང་རིག་གཞུང་གི་འབྲེལ་བ་ཆེན་པོ་ཡོད་སྟབས་དེང་སྐབས་ཀྱང་སྦལ་ཏི་ཡུལ་ལ་བོད་ཆུང་བ་ཞེས་འབོད་སྲོལ་དར་ཡོད།

དུས་རབས་བཅུ་གཉིས་པ་ནས་བཟུང་། སྦལ་ཏི་ཡུལ་དུ་བོད་རིགས་མ་ཡིན་པའི་དབང་བསྒྱུར་བ་སླེབས་མགོ་ཚུགས་ཏེ་ཆོས་དང་རིག་གཞུང་ལ་ཡང་རིམ་བཞིན་འཕོ་འགྱུར་བྱུང་མགོ་ཚུགས། དུས་རབས་བཅུ་དྲུག་པ་ནས་བཟུང་ཡུལ་འདིར་ཏ་ཟིག་གི་ཁ་ཆེ་བ་རྣམས་དབུས་ཨེ་ཤ་ཡང་ཀཤཱི་སྨིར་སོགས་བརྒྱུད་ནས་སླེབས་པ་དང་བསྟུན་སྦལ་ཏི་ཡུལ་འདི་ཁ་ཆེ་ཆོས་ལུགས་སུ་བསྒྱུར་མགོ་ཚུགས་ཏེ། དེང་གི་དུས་སུའང་ཡུལ་འདིའི་བོད་རིགས་ཕལ་ཆེ་བ་ཁ་ཆེའི་ཆོས་སྒོར་ཞུགས་ཡོད།

 

རྩོམ་པ་པོ། མི་ནག་ཚང་ལུང་རིགས་རྒྱལ།
རྩོམ་སྒྲིག་པ། བདེ་ལྷ་མོ། 

·གསར་འགྱུར་གོང་མ:བོད་ཀྱི་ལོ་རྒྱུས་སྟེང་མཛད་རྗེས་ཆེ་བའི་བློན་ཆེན་མགར་ཁྲི་འབྲིང
·གསར་འགྱུར་འོག་མ:བོད་ཡིག་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS