ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> འབྱུང་ཁཾས
  གསར་འགྱུར་ཀློག་པ།

རྒྱལ་ཁམས་བདེ་བའི་ཐུགས་བསྐྱེད་སྨོན་ལམ་ཞེས་བྱ་བ་བཞུགས།།

[རྩོམ་པ་པོ:དཔལ་ས་སྐྱ་པ།  ཡོང་ཁུངས:དྲ་ཐོག  དུས་ཚོད:2015/6/16 17:55:12  བཀླགས་ཐེངས:1189][ཡིག་གཟུགས:ཡིག་གཟུགས་མདོག]


 ༄༅། །དཔལ་ས་སྐྱའི་སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་རྒྱལ་ཁམས་བདེ་བའི་ཐུགས་བསྐྱེད་སྨོན་ལམ་ཞེས་བྱ་བ་བཞུགས།།



ཐུབ་པའི་དབང་པོ་སློབ་དཔོན་པདྨ་འབྱུང་།།ཕྱག་ན་པདྨོ་རྗེ་བཙུན་འཕགས་མ་སོགས།།

སྐྱབས་གནས་རྒྱ་མཚོར་རྩེ་གཅིག་གསོལ་འདེབས་ན།།མི་མངོན་དབྱིངས་ནས་ཐུགས་རྗེས་དགོངས་སུ་གསོལ།།
མི་བསྲུན་བསམ་སྦྱོར་ངན་པའི་གདུག་རྩུབ་ཀྱིས།།ཚེ་བསོད་དྭངས་མའི་སྐལ་པ་ཀུན་བཅོམ་སྟེ།། 
དལ་མེད་སྙིགས་ལྔའི་རྒུད་ཚོགས་རླབས་པོ་ཆེར།། སྤྱོད་པའི་འགྲོ་རྣམས་ཐུགས་རྗེས་མི་དགོངས་སམ།།
སྲིད་འབྱོར་ཡིད་ལ་བརྣག་པའི་(རྔམ་)སེམས་ཀྱིས།། སྐྱེ་ཤིང་ནགས་ཚལ་གཅོད་འབྲེག་ལ་སོགས་པས།། 
ཆར་ཆུའི་འབྱུང་བ་འཁྲུག་པའི་རྐྱེན་ངན་ནང་།། ལྟུང་བའི་འགྲོ་རྣམས་ཐུགས་རྗེས་མྱུར་དུ་སྐྱོབས།།
སྣ་མང་བགྲང་ཡས་འཕྲུལ་འཁོར་བཀོལ་བྱའི་ཕྱིར།།ཚད་མེད་གཏེར་ཁ་སྔོག་པའི་ལས་སྦྱོར་གྱིས།།
ལྷ་ཀླུ་གཞི་བདག་གནས་ཡུལ་དཀྲུགས་པ་ལས།།བྱུང་བའི་ཉེས་ཚོགས་ཞི་བར་བྱིན་གྱིས་རློབས།།
གྲངས་མེད་བཟོ་གྲྭའི་དུད་སྤྲིན་ཕུང་པོ་ཡིས།། མཁའ་རླུང་བཙོག་པར་བསྒྱུར་བའི་ཉེར་ལེན་ལས།། 
སྔོན་མེད་ནད་ཀྱིས་འཇིག་རྟེན་ཀུན་འདར་བའི།། ཉམ་ངའི་གནས་ལ་(སྐྱོབ)་པར་བྱིན་གྱིས་རློབས།།
ཁྱད་པར་ཡིད་ཚིམ་མེད་པའི་འདོད་སྲེད་ཀྱིས།།སྣོད་བཅུད་ཐལ་བར་རློག་པའི་བརླང་སྤྱོད་ལས།།
རང་བྱུང་འབྱུང་གཞི་འཁྲུག་པའི་འཇིགས་ཚོགས་རྣམས།།གནོད་མེད་རང་སར་ཞི་བར་བྱིན་གྱིས་རློབས།།
གནས་དུས་གང་སར་འཕྲུལ་ཆས་བཀོལ་བ་ལས།།ཚ་བའི་དུག་གིས་སྲེག་པའི་གངས་རི་རྣམས།།
བཞུར་ནས་རྒྱ་མཚོས་འཇིག་རྟེན་བསྐལ་པའི་མཐར།།གཏུགས་པའི་གནས་ལས་སྐྱོབ་པར་བྱིན་གྱིས་རློབས།།
གཞན་ཡང་མི་བཟད་འཇིགས་རུང་ཉི་མའི་དུག །འགོག་བྱེད་རང་བྱུང་བླ་བྲེ་བརྡོལ་བ་ལས།།
བྱུང་བའི་ནད་རིགས་བཅོས་སུ་མེད་པ་དག །མིང་གི་ལྷག་མར་ཞི་བར་བྱིན་གྱིས་རློབས།།
མདོར་ན་འདོད་སྲེད་དྲག་པོའི་གཞན་དབང་གིས།།ཐུན་མོང་ལས་ཀྱིས་བསྐྱེད་པའི་འཇིག་རྟེན་འདི།།
མྱ་ངམ་ཐང་ལས་མྱུར་བར་སྒྱུར་རྩོམ་པའི།།ལས་ངན་རང་ས་འགག་པར་བྱིན་གྱིས་རློབས།།
དེ་ལྟར་སྣོད་བཅུད་ཉེས་ཚོགས་མ་ལུས་པ།།ཀུན་རྨོངས་ལས་ཉོན་དབང་གིས་བྱུང་གྱུར་ཀྱང་།།
མཆོག་གསུམ་བསླུ་བ་མེད་པའི་བདེན་སྟོབས་ཀྱིས།།སྨོན་པའི་དོན་ཀུན་འགྲུབ་པར་མཛད་དུ་གསོལ།། 
ཞེས་རྒྱལ་ཁམས་བདེ་བའི་གསོལ་འདེབས་སྨོན་ལམ་འདི་མཆོག་དམན་ཀུན་གྱིས་ཆག་མེད་གསུང་ན་སྙིགས་དུས་ཀྱི་རྒུད་མུན་སེལ་ངེས་པར་ནི་༧སྐྱབས་མགོན་རྡོ་རྗེ་འཆང་མཆོག་གི་གསུང་ཚད་མ་ཡིན་པས་ཡིད་ཆེས་བྱེད་ཆོག་ངེས་ཡིན་ནོ།། 
ཞེས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་དངོས་སུ་ལྗགས་ལུང་བཅས་ཞུས་སྟེ་གུས་གྱི་ན་བ་འཁྱམ་པོ་བཤད་སྒྲུབ་ཀྱིས་ཕུལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

·གསར་འགྱུར་གོང་མ:མིའི་ཐོབ་ཐང་དང་དམངས་གཙོ།
·གསར་འགྱུར་འོག་མ:པོ་ཏཱ་ལར་འགྱུར་བ་ཇི་བྱུང་གཏམ་བཤད་ཟིན་བྲིས།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·ནགས་ཚལ་སྐོར་གྱི་རྒྱུན་ཤེས། 2015/5/30 14:58:03
·བོད་ཀྱི་སྲོལ་རྒྱུན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ། 2015/3/25 11:52:21
·སྣོད་བཅུད་ཁོར་ཡུག་སྐོར་གྱི་གདམས་ངག། 2015/3/17 11:24:51
·ཁོར་ཡུག་སྲུང་སྐྱོབ་བྱིས་པའི་རྩེད་མོ་མིན། 2015/1/27 12:14:29
·ཁོར་ཡུག་སྲུང་སྐྱོབ་དང་འགན་འཁྲི། 2014/4/3 10:38:25
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.02MS