ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
  གསར་འགྱུར་ཀློག་པ།

མིའི་ཐོབ་ཐང་དང་དམངས་གཙོ།

[རྩོམ་པ་པོ:སྒོ་ཤེས་རབ  ཡོང་ཁུངས:དྲ་ཐོག  དུས་ཚོད:2015/6/9 11:12:53  བཀླགས་ཐེངས:1040][ཡིག་གཟུགས:ཡིག་གཟུགས་མདོག]
མིའི་ཐོབ་ཐང་དང་དམངས་གཙོ།
 
ལིའུ་ཅུན་ཉིན་གྱིས་བརྩམས།
སྒོ་ཤེས་རབ་ཀྱིས་བསྒྱུར།
 
    མིའི་ཐོབ་ཐང་དང་དམངས་གཙོ་གཉིས་ནི་ཕན་ཚུན་ཕན་ནུས་འབྱིན་པའི་ཆོས་ཉིད་ཅན་དུ་གྲུབ་ཡོད་དེ། མང་མོས་འོས་འདེམས་ལས་བྱུང་བར་མ་ཟད། སྤྱི་དམངས་ལ་འགན་འཁུར་ཞིང་། སྤྱི་དམངས་ཀྱི་ལྟ་རྟོག་དང་དུ་ལེན་པའི་སྲིད་གཞུང་ཁོ་ནས་ནི། ད་གཟོད་མིའི་ཐོབ་ཐང་བདེ་ལེགས་ངང་རྒྱུན་ཆགས་སུ་འགན་སྲུང་བྱེད་ཐུབ་པ་ཡིན། དེ་བཞིན་མིའི་ཐོབ་ཐང་གིས་ནི། ཁྲིམས་མཐུན་གྱི་སྲིད་གཞུང་གང་ཞིག་གི་དམིགས་འདུན་དང་རིན་ཐང་མཚོན་པར་བྱེད་དེ། དེས་ནི་དམངས་གཙོའི་ཆབ་སྲིད་ལ་གཞི་རྩའི་རིན་ཐང་གིས་ཕྱུག་པར་བྱས་ཡོད། སྤྱི་དམངས་ཀྱི་ཐོབ་ཐང་ལ་འགན་སྲུང་བྱས་པའི་བརྒྱུད་ལམ་ཐོག་ནས། སྤྱི་དམངས་སྒེར་རེ་རེ་ལ་རང་དབང་དང་རང་བདག་གི་རྣམ་པ་ཅན་གྱི་ཕྱིའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་དེ་ནི། དམངས་གཙོའི་ཆབ་སྲིད་ཀྱི་རྩ་བའི་ལས་འགན་ཡིན་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། མིའི་ཐོབ་ཐང་ལ་འགན་སྲུང་མི་བྱེད་པའི་སྲིད་དབང་ནི་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་མཁན་གྱི་སྲིད་གཞུང་ཡིན་ངེས་ཤིང་། མིའི་ཐོབ་ཐང་ལ་རྡོག་བརྫིས་བཏང་རུང་ཅི་མི་སྙམ་པར་འཇོག་མཁན་གྱིས་ནི། མིའི་ཐོབ་ཐང་ལ་རྡོག་བརྫིས་གཏང་རིགས་པར་བརྩིས་པ་དང་གཉིས་སུ་མེད། མིའི་རིགས་ལ་ལོ་རྒྱུས་ཡོད་པ་ནས་བཟུང་དུས་ད་ལྟའི་བར་དུ། དེང་རབས་ཀྱི་ཁྲིམས་མཐུན་སྲིད་གཞུང་གཅིག་པུའི་ཆབ་འོག་ཏུ། གཞི་ནས་འགྲོ་བ་མིའི་ཐོབ་ཐང་དེ་ཕྱོགས་ཡོངས་ནས་རྒྱུན་ཆགས་སུ་བདེ་བླགས་ངང་འགན་སྲུང་ཡོད་པར་གྱུར་པ་རེད། མིའི་ཐོབ་ཐང་དེ་དམངས་གཙོའི་སྲིད་ལུགས་ཀྱི་གཞུང་ཤིང་གནད་ཆེན་ཞིག་ཡིན་པས། གལ་ཏེ་གཞུང་ཤིང་དེ་ཉིད་ལ་གས་ཆག་བྱུང་ན་ནི་དམངས་གཙོའི་སྲིད་ལུགས་ཀྱང་ཉམ་ཐག་ཉག་ཕྲའི་གནས་སུ་ལྷུང་བ་ཡིན། དེ་ལྟ་བས་ན། མིའི་ཐོབ་ཐང་ནི་དམངས་གཙོའི་ཆབ་སྲིད་ལ་མཚོན་ན་ཅིས་ཀྱང་ཡོད་དགོས་པའི་གནད་དེར་ཐེ་ཚོམ་ཅི་ཡང་མེད། གལ་ཏེ་སྲིད་གཞུང་གིས་གསར་འགོད་རང་དབང་ལ་བཀག་སྡོམ་བྱས་ཚེ། སྤྱི་དམངས་རྣམས་ཀྱིས་རང་གི་མོས་འདུན་དང་འཚམ་པའི་སྲིད་གཞུང་ཞིག་འོས་འདེམས་བྱེད་ཐབས་མེད་པ་རེད། གལ་ཏེ་སྲིད་གཞུང་གིས་འདུ་འཛོམས་རང་དབང་ལ་བཀག་རྒྱ་བྱས་ཚེ། དམངས་ཁྲོད་དུ་སྲིད་གཞུང་གི་སྲིད་ཇུས་གང་ཞིག་ལ་མི་མོས་པའི་རྣམ་འགྱུར་ཙམ་སྟོན་པའི་སྐལ་བའང་ཆད་པ་རེད། གལ་ཏེ་མི་འགའ་ཞིག་ལ་སྲིད་གཞུང་གིས་བརྙས་བཅོས་བྱེད་ཀྱིན་ཡོད་ན། དེ་རུ་ཆབ་སྲིད་འདྲ་མཉམ་ཟེར་བ་ཞིག་གཞར་ཡང་མེད། ནམ་ཞིག མི་སྒེར་པ་ཞིག་གི་ཐོབ་ཐང་འཇིགས་ཉེན་དང་འཕྲད་པ་དེའི་ཚེ་ནི། མི་ཡོད་ཚད་ཀྱི་ཐོབ་ཐང་ལ་གནོད་སྐྱོན་ཕོག་པ་ཡིན། སྤྱི་དམངས་ཀུན་གྱིས་རང་གི་ཁྲིམས་མཐུན་གྱི་ཐོབ་ཐང་ཧ་གོ་ཞིང་སྲུང་སྐྱོབ་བྱེད་ཀྱིན་པའི་དུས་སུ། དམངས་གཙོའི་སྲིད་ལུགས་ཀྱང་སྲ་བརྟན་གྱི་ཚུལ་དུ་གནས་ཡོད་པ་ཡིན་པས། སྤྱི་དམངས་རྣམས་ཀྱིས། སོ་སོའི་ལག་ཏུ་ཡོད་པའི་དབང་ཆ་ལ་བརྟེན་ནས་སྲིད་གཞུང་གི་དབང་ཆར་ཚོད་འཛིན་དང་འདུལ་སྦྱོང་སྒོས། ཤེས་དཔལ་ཅན་དང་། ཞི་འཇམ་ལྡན་པའི་དམངས་གཙོའི་དབང་ཆ་ཞིག་ཏུ་བསྒྱུར་ངེས་པ་ཡིན། འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་དང་ལྡན་དགོས་ན། དམངས་གཙོའི་སྲིད་ལུགས་ལག་སྟར་གྱི་འདུན་པ་གཅིག་ཏུ་འཆང་འོས་ཏེ། དཔེར་ན། རྒྱུ་ནོར་གྱི་ཐོབ་ཐང་དང་། རང་དབང་གི་ཐོབ་ཐང་། མི་ལུས་ཀྱི་ཐོབ་ཐང་སོགས་རྩ་བའི་ཐོབ་ཐང་རྣམས་དམངས་གཙོའི་ཆབ་སྲིད་ཀྱི་རྨང་གཞིའི་ཆ་རྐྱེན་རྣམས་ཡིན་ལ། གཏམ་བརྗོད་རང་དབང་དང་། ཚོགས་པ་འཛུགས་པའི་རང་དབང་། འདུ་འཛོམས་རང་དབང་། འདྲ་མཉམ་གྱི་ཐོབ་ཐང་སོགས་ཆབ་སྲིད་ཀྱི་ཐོབ་ཐང་དངོས་རྣམས་ནི་དམངས་གཙོའི་སྲིད་ལུགས་རྒྱུན་སྐྱོང་ཐབས་སུ་ངེས་པར་ལྡན་དགོས་པའི་མཐུན་རྐྱེན་ཡིན་པས་སོ། ། འོག་ཏུ་ང་ཚོས་གཏམ་བརྗོད་རང་དབང་དཔེར་བཀོད་དེ། མིའི་ཐོབ་ཐང་གིས་དམངས་གཙོ་ཇི་ལྟར་འཕེལ་རྒྱས་སུ་གཏོང་ཚུལ་ལ་བལྟ་བར་བྱ། གཏམ་བརྗོད་རང་དབང་ཞེས་པ་ནི། ངག་གི་བརྗོད་པ་ལ་གོ་རིགས་ཤིང་སྨྱུ་གུས་བྲིས་པར་ཡང་གོ་རུང་སྟེ། ད་དུང་ཆབ་སྲིད་ཀྱི་བརྡ་དོན་ལྡན་པའི་དར་ཆེན་དང་། སྦྱར་ཡིག དཔུང་རྟགས། འོད་འཁོར་འགྲེམ་པ་སོགས་ཀྱང་འདུ་བ་ཡིན། གཏམ་བརྗོད་རང་དབང་དང་གཞི་གཅིག་ཏུ་འབྲེལ་བའི་ཆོས་ཅན་ལ། བསམ་བློའི་རང་དབང་དང་། གསར་འགོད་རང་དབང་། དོན་སྟོན་རང་དབང①བཅས་ཡོད་པ་རེད། རང་དབང་དེ་རིགས་ནི་དམངས་གཙོའི་སྲིད་ལུགས་ནང་ཆེས་གལ་ཆེ་བས། རང་དབང་དེ་རིགས་ཀྱི་ངོས་ནས་བལྟས་ཚེ། དམངས་གཙོའི་སྲིད་གཞུང་ནི་སྤྱི་དམངས་ཚོས་རང་གི་དམོད་མོ་ལ་བཟོད་ནུས་མཁན་ཞིག་ཆེད་དུ་བདམས་པའི་སྲིད་གཞུང་ཞིག་ཡིན་པས། སྲིད་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱ་མི་རིགས་ན། རང་དབང་ཟེར་བ་ཞིག་ཡེ་ནས་མ་མཆིས་ལ། རྒྱལ་ཁབ་ཀྱི་སྲིད་དོན་ཁ་ཕྱོགས་ལ་རང་དབང་གིས་བགྲོ་གླེང་བྱ་མི་རིགས་ན། དམངས་གཙོ་ཟེར་བ་ཞིག་གཏན་ནས་མི་དམིགས་སོ། །གཏམ་བརྗོད་རང་དབང་ནི་དམངས་གཙོའི་སྲིད་ལུགས་ལ་ཤིན་ཏུ་མཁོ་བས་སྲུང་སྐྱོབ་རྣམ་དག་ཅིག་བྱེད་འོས་པ་རེད། དམངས་གཙོའི་རྒྱལ་ཁབ་དག་ཏུ། གསར་འགྱུར་འཕྲིན་ལམ་དག་གི་ལས་སྦྱོར་ནི་སྲིད་གཞུང་གི་ཚོད་འཛིན་དང་ཡོངས་སུ་བྲལ་པ་ཡིན། སྤྱི་དམངས་རྣམས་ཀྱིས་སྲིད་གཞུང་གིས་དམངས་དོན་དུ་ཐབས་ཇུས་གང་འདྲ་ཞིག་གཏན་ལ་ཕབ་པའི་གནས་ཚུལ་ཤེས་འདོད་ཀྱི་རེ་བས་བསྒུགས་ནས་སྡོད་སྐབས་སུ། གསར་ལམ་ཁག་ནི་གཞུང་ལ་ལྟ་རྟོག་གི་ཡོ་བྱད་ཅིག་ཡིན་པའི་ངོས་ནས། དོན་རྟོགས་ཐོབ་ཐང①ལ་ཤུགས་བསྐྱེད་དེ་གཞུང་གི་སྲིད་ཇུས་ལ་དོགས་འཆར་སློང་རིགས་པ་ཡིན་ནོ། །
·གསར་འགྱུར་གོང་མ:ས་ག་ཟླ་བར་དོ་སྣང་བྱེད་དགོས་པ་འགའ།
·གསར་འགྱུར་འོག་མ:རྒྱལ་ཁམས་བདེ་བའི་ཐུགས་བསྐྱེད་སྨོན་ལམ་ཞེས་བྱ་བ་བཞུགས།།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS