ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
  གསར་འགྱུར་ཀློག་པ།

ས་ག་ཟླ་བར་དོ་སྣང་བྱེད་དགོས་པ་འགའ།

[རྩོམ་པ་པོ:སོག་ཟུར་དྲུག  ཡོང་ཁུངས:ལུག་ཚང་དཔལ་ཡོན།  དུས་ཚོད:2015/5/30 15:08:54  བཀླགས་ཐེངས:982][ཡིག་གཟུགས:ཡིག་གཟུགས་མདོག]
ས་ག་ཟླ་བར་དོ་སྣང་བྱེད་དགོས་པ་འགའ།

སོག་རུ་མགོན་པོ་རྡོ་རྗེ། ༼སོག་ཟུར་དྲུག༽
 
ས་ག་ཟླ་བ་ནི་བདག་ཅག་གི་སྟོན་པ་ཆེན་པོ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པ། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་དྲན་ཁྱད་པར་ཅན་ཞིག་ཡིན། དེས་ན་ང་ཚོ་ནང་པའི་རྗེས་འཇུག་དག་གིས་དུས་ཆེན་འདི་ལ་སྲུང་བརྩི་ཞུས་ནས་དགེ་ལས་རྒྱ་ཆེན་ལ་འབད་ཀྱིན་ཡོད། འོན་ཀྱང་དགེ་བ་ཆོས་ཕྱོགས་སུ་མི་འགྲོ་ཞིང་སྡིག་ལས་ལ་གཞོལ་བའི་ཉེན་ཁ་ཆེ་བའི་གནད་འགའ་ཞིག་བསྟན་པ་ནི།
༡ ས་ག་ཟླ་བ་དང་ཉ་རྩེད།
སྲོག་བླུ་ནི་དགེ་བའི་ལས་ཀ་ཡག་པོ་ཞིག་རེད། འོན་ཀྱང་དེ་དག་ལ་རྒྱབ་ལྗོངས་འཇིགས་ཡེར་བ་མངོན་གྱིན་ཡོད། དེ་ཡང་ནང་ཆོས་ཀྱི་དད་མོས་གཡོ་འཚོང་པ་དག་གིས་དུས་ཆེན་འདི་ལ་ཁ་གཡར་ནས་མང་ཚོགས་ཀྱི་རྒྱུ་ནོར་གཡོ་འཕྲོག་གི་ལས་ངན་བརྩམ་གྱི་ཡོད་པ་དཔེར་ན་སྲོག་བླུ་ཁོ་ན་ལ་དམིགས་ནས་ཁོ་བོ་ཡི་གནས་ག་གེ་མོ་ན་སྲོག་བླུ་གཏོང་གིན་ཡོད། དར་ལྕོག་འཛུག་གིན་ཡོད། བསངས་གསེར་སྐྱེམས་ཕུད་ཀྱིན་ཡོད་ཟེར་ནས་ཆོས་དད་མང་ཚོགས་ཀྱི་རྒྱུ་ནོར་གཡོ་ཐབས་ཀྱིས་ལེན་ཀྱིན་ཡོད།
ནང་ཆོས་ཀྱི་དད་མོས་གཡོ་འཚོང་པ་ཚོས་ཉ་གསོ་རྭ་བའི་ཉ་ཚོང་པ་མང་པོ་དང་མཉམ་བསྡེབ་བྱས་ནས་མིས་གསོས་ཀྱི་རྫས་སྦྱོར་ཉ་ཕྲུག་མང་པོ་ཞིག་བོད་ཡུལ་དུ་དབོར་འདྲེན་བྱེད་བཞིན་ཡོད། ཉ་དེ་དག་གཅིག་དབྱང་རླུང་གི་ཚད་ངེས་ཅན་འོག་ལ་གསོས་པ་ཞིག་ཡིན་པས་དབྱང་རླུང་དང་ཁ་བྲལ་ན་ཤི་འགྲོ་བ། མི་གསོས་ཀྱི་ཉ་ནི་བོད་ས་མཐོའི་རང་བྱུང་གི་ཆུ་བོ་དང་མི་འཕྲོད་ཅིང་དེ་མ་ཐག་ཤི་འགྲོ་བ། རྫས་སྦྱོར་གྱི་ཁ་ཟས་མེད་ན་རང་བྱུང་གི་ཆུ་རྩ་དག་ལོངས་སུ་སྤྱོད་མི་ཐུབ་པས་ཤི་འགྲོ་བ། ཉ་རིགས་མི་འཕྲོད་ཅིང་ཉ་ཆུང་བ་དག་ཉ་ཆེ་བས་ཟ་འགྲོ་བ། རང་བྱུང་ས་མཐོའི་ལྷད་མེད་ཉ་རིགས་དག་ཕན་ཚུན་འདྲེས་ནས་རིགས་འགྱུར་བ་སོགས་ཀྱི་དགེ་བར་མི་འགྲོ་བའི་གནོད་ཚབས་ཤིན་ཏུ་ཆེ་བའི་ཕན་མེད་སྡིག་ལས་ཀྱི་ཕུང་པོ་ཡིན་པ་ཅིས་ནས་ཀྱང་ཤེས་དགོས།
དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི་དབྱང་རླུང་འོག་མིས་གསོས་རྫས་སྦྱོར་གྱི་ཉ་དེ་དག་ས་ག་ཟླ་བར་རིན་གོང་ལྡབ་བཅུ་ཉི་ཤུ་ལྷག་སྤར་ནས་ཆོས་དད་མང་ཚོགས་ལ་མགོ་སྐོར་གཏོང་བའི་ཉ་ཚོང་པ་དག་གིས་གཡོ་རྒྱུའི་ཟློས་གར་ཞིག་འགོ་འཛུགས་རན་ཡོད་པས་དད་ལྡན་མང་ཚོགས་ཚོས་ཆོས་བཞིན་དུ་མ་བྱས་པར་རང་ཉིད་ངན་སོང་དུ་འགྲོ་བའི་སྡིག་ལས་ལ་མ་འབད་རོགས་ཞུ་རྒྱུ་ཡིན།
དེ་ནི་རང་ཉིད་ཀྱི་དཔལ་འབྱོར་འཕྲོ་བརླག གཞན་གྱི་ཚེ་སྲོག་ལ་རྩེད་ཆས། ཆོས་མ་ཡིན་པའི་གཡོ་སྒྱུའི་ཟློས་གར། ཉ་ཚོང་པ་དག་ཕྱུག་པོར་འགྱུར་བའི་སྡིག་ལས་སྣེ་ཁྲིད་པ། དད་ལྡན་ཆོས་དད་མང་ཚོགས་ལ་མགོ་སྐོར་ཞིག་ལས་གཞན་གྱི་དགེ་བ་ཅི་ཡང་མེད་པ་ངེས་པར་མཁྱེན་དགོས། སྐུ་མཁྱེན། ཆོས་དད་མང་ཚོགས་དང་བླ་སྤྲུལ་སེར་གཟུགས་ཚོ།
དེ་དང་འདྲ་བ་ནོར་ལུག་འགའ་རེ་ད་ལྟ་སྲོག་བླུ་གཏོང་བ་དང་འདྲ་བོ་ཡོད་ཀྱང་སླར་ཡང་བདག་པོ་མེད་པའི་བཤས་རར་ཐེངས་མང་པོ་ཚུད་ཀྱིན་ཡོད། དེ་ལས་རང་ཅག་ཚོས་དབྱར་དུས་དམར་ཟས་ཉུང་བཟའ་དང་། བཤས་ཚོང་པར་ནོར་ལུག་ཚོང་ཚད་ཉུང་རུ་བཏང་རྒྱུ། བོད་པ་ཞིག་དང་ནང་ཆོས་ལ་དད་པ་བྱེད་མཁན་ཡིན་ཕྱིན་ཉ་རིགས་གཙོས་སྲོག་ཆགས་ཆུང་ཆུང་རིགས་ཉུང་བཟའ་བྱེད་ནས་རྒྱུན་དུ་བསམ་དཀར་དགེ་ལས་འབད་རྒྱུ་ལས། རྒྱུ་ནོར་སྟོབས་འགྲན་དང་། རང་ཉིད་ཀྱི་མཚན་སྙན་གྲགས། ཆོས་ལུགས་ཁ་ལ་ཁྱེར་བའི་སྒེར་གྱི་ཁེ་ཕན། མང་ཚོགས་རྨོངས་པར་མགོ་སྐོར་བཏང་ནས་རྒྱུ་ནོར་གཡོ་ལེན་བྱས་ནས་ནང་ཆོས་འདི་ཉིད་མི་ངན་རྩེད་ཆས་མི་འགྲོ་བ་ཐབས་ལམ་ལ་ད་ནས་རང་ཅག་ཚོས་ནུས་ཤུགས་གཅིག་སྒྲིལ་གྱིས་སྔོན་འགོག་བྱེད་རན་འདུག
༢ ས་ག་ཟླ་བ་དང་སློང་མོ།
སྦྱིན་པ་དེ་ཡང་དགེ་བ་ཚད་མེད་པ་ཡོད་པ་ནི་ཚད་མས་གྲུབ་ཀྱང་རང་ཅག་བོད་པ་ཚོའི་སྦྱིན་པ་དེ་གནོད་པ་རུ་འགྱུར་བཞིན་འདུག རྒྱ་ནག་གྲོགས་པོ་མང་པོ་ཞིག་གིས་བོད་ཀྱི་སྤྲང་སློང་ཟླ་བ་ཟིན་རན་ཡོད་དམ་ཞེས་འདྲི་གིན་འདུག དེའི་རྒྱུ་མཚན་ནི་ཆོས་ལུགས་པ་ཚོས་མང་ཚོགས་ལ་ནང་ཆོས་དྲིལ་བསྒྲགས་བྱེད་དུས་ད་ལོ་ས་ག་ཟླ་བ་ལ་དཀོན་མཆོག་ལ་མཆོད་ཨ། ངན་སློང་ལ་སྦྱིན་ཨ། ག་ཚོད་མང་བ། ཡག་པ། མྱུར་བ། སྟོབས་ཆེ་བ་སོགས་འགྲན་སེམས་གྱི་མཆོད་འབུལ་དང་སྦྱིན་གཏོང་ལས། སྦྱིན་ཡུལ་དང་སྦྱིན་པ་པོ། སྦྱིན་པའི་ངོ་བོ། སྦྱིན་པའི་འབྲས་བུ། སྦྱིན་པའི་བསོད་ནམས། སྦྱིན་པའི་དགོས་པ། སྦྱིན་པའི་དམིགས་ཡུལ་བཅས་ལ་ངོ་སྤྲོད་དང་དོ་སྣང་མེད་པར་ཕྲག་དོག་དང་འགྲན་སེམས་ཀྱི་སྐུལ་སློང་ངན་པ་ཞིག་གིས་ཀུན་ནས་བླངས་ཏེ་མང་ཚོགས་ཀྱི་ནོར་ལོངས་སྤྱོད་ལ་གཡོ་རྔམ་དང་གཡོ་འཕྲོག་གིས་མཆོད་འབུལ་དང་སྦྱིན་པ་དེ་དག་མཐར་གཏུགས་ན་སྡིག་པ་ཚད་ལས་འདས་པ་ཡོང་བ་ནི་སྨྲོས་མེད་ཡིན། སྤྲང་སློང་ཟླ་བ་མགོ་ཚུགས་སོང་ཟེར་ནས་ན་གཞོན་ཤ་དར་ཁྲག་དར་དང་། རྒས་ཁོག་དབང་རྒྱུ་གཉིས་འཛོམས། ལོ་ཆུང་གསར་བཞད་ཀྱི་མེ་ཏོག་ལྟ་བུའི་མི་མང་པོ་ཞིག་གླིང་སྐོར་མཐའ་ལ་ཤོག་སྒམ་རེ་དྲུད་ནས་ཉིན་ལྟར་མཐེབ་མོ་གནམ་ལ་ཀེར་གྱིན་ཡོད། དེས་ངལ་རྩོལ་ནུས་ཤུགས་ལ་གནོད་སྐྱོན། ཐོན་སྐྱེད་ཡོང་འབབ་ལ་གནོད་པ། ཤེས་རིག་སྦྱང་བརྩོན་ལ་འགོག་རྐྱེན། བོད་མི་རིགས་ཀྱི་དམངས་སྲོལ་བཟང་པོ་ལ་གཏོར་བརླག་བཅས་ཡིན་པས་ནང་ཆོས་ཀྱི་དགོངས་དོན་དང་ཡོངས་སུ་རྒྱབ་འགལ་གྱི་སྡིག་ལས་ཚབས་པོ་ཆེ་དག་མཚམས་འཇོག་དགོས་པའི་འབོད་སྐུལ་དང་འབྲེལ་སླད་མར་ཞ་ལོང་ལྐུགས་གསུམ། ན་རྒས་དབུལ་གསུམ་ཆེད་དུ་སྦྱིན་པ་ལས་ལྐུགས་ཚོད་ཚོད་ངང་རང་ཉིད་ཀྱི་རྒྱུ་ནོར་སྦྱིན་ནས་གཞན་ལ་གནོད་མ་སྐྱེལ་རོགས། ཐུགས་མཁྱེན། འབྱོར་ལྡན་སྦྱིན་བདག་དང་བླ་སྤྲུལ་མཁན་པོ་ཚོ།
༣ ས་ག་ཟླ་བ་དང་དཀར་ཟས།
དཀར་ཟས་ནི་རང་ཉིད་ལུས་ཁམས་བདེ་ཐང་ལ་ཕན་པ། གཞན་གྱི་ཚེ་སྲོག་ལ་སྲུང་སྐྱོབ། ནང་ཆོས་དགོངས་དོན་དང་ཡོངས་སུ་མཐུན་པའི་ཡ་རབས་ཞི་མཐུན་གྱི་ཟས་མཆོག་ཞིག་ཡིན། འོན་ཀྱང་དེང་དུས་ཁྲོམ་རྭའི་དཔལ་འབྱོར་ཁོ་ནའི་ཆེད་དུ་འདུར་བའི་མི་ངན་མང་པོ་ཞིག་གིས་དུས་ཆེན་འདི་དང་ཆོས་ལུགས་འདི་ཉིད་ཚོང་ལས་ཀྱི་ལག་ཆར་འཛིན་ནས་དཀར་ཟས་ཁང་ཞེས་པའི་སྒོ་བྱང་རྫིག་པོ་བཤམས། ཟ་ཁང་ནང་གི་ཟ་མ་ནི་རྫས་སྦྱོར་གྱིས་བཟོས་པའི་ཤ་རྫུན་དང་། བྲོ་བ་འདོན་བྱེད་ཀྱི་རྫས་སྦྱོར་གྱི་ཤ་སྨན་རྫུན་མ་སྣ་ཚོགས་བཏབ་ནས་ཆོས་དད་མང་ཚོགས་ལ་མགོ་སྐོར་བསླུ་ཁྲིད་བྱེད་ཀྱིན་ཡོད། རྫས་སྦྱོར་ལས་བཟོས་པའི་ཤ་འདྲའམ་ཤ་རྫུན་དེ་ཚོས་བཅོས་ཐབས་མེད་པའི་ངན་སྐྲན་གྱི་ནད་དང་སྦྱོང་ནད་ན་བ། བྲོ་བ་འདོན་བྱེད་ཀྱི་ཤ་སྨན་དེ་དག་གིས་ཕོ་བའི་ནད་དང་མཁལ་མའི་ནད་སོགས་ཕོག་ནས་མཐར་མིའི་ལུས་ཁམས་བདེ་ཐང་མིན་པའི་ནད་སྣ་ཚོགས་བཏབ་ནས་ཚེ་སྲོག་འཕྲོག་པ་དང་ཡུན་རིང་ནད་ཀྱི་ཟིན་པ་སོགས་ཀྱི་ཞོར་སྐྱོན་མང་པོ་ཡོང་གི་ཡོད། རྒྱུ་མཚན་དེས་ན་ཆོས་དད་པ་ཚོས་དཀར་ཟས་མཆོད་སྐབས་ངེས་པར་དོ་སྣང་མཛད་དགོས་པ་མ་ཟད་ཆོས་ལུགས་དང་དགོན་པ། དགེ་བ་སོགས་ཁ་ལ་ཁྱེར་བའི་དཀར་ཟས་ཁང་གི་བདག་པོ་ཚོ་རྫས་སྦྱོར་གྱི་ཤ་རྫུན་དང་ཤ་སྨན་སྣ་ཚོགས་བཏབ་ནས་སྡིག་པ་མིག་བཙུམ་མ་བྱེད་རོགས་ཞུ་རྒྱུ་ཡིན།
ས་ག་ཟླ་བ་འཆར་ཉེའི་མཚམས་འདིར་འབྲོག་པ་སོག་རུ་མགོན་པོ་རྡོ་རྗེས་ཕན་སེམས་ཀྱི་ཀུན་ནས་བླངས་ཏེ་མགྱོགས་བྲིས་སུ་བཏབ་པས་ཡིག་ནོར་དང་ཚིག་སྦྱོར་སོགས་ལ་དག་བཅོས་མེད་པའི་བཟོད་པར་གསོལ།
·གསར་འགྱུར་གོང་མ:དྲང་པོར་གསོལ་བའི་བདེན་ཚིག་
·གསར་འགྱུར་འོག་མ:མིའི་ཐོབ་ཐང་དང་དམངས་གཙོ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།20.02MS