ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> རིས་མེད
  གསར་འགྱུར་ཀློག་པ།

དྲང་པོར་གསོལ་བའི་བདེན་ཚིག་

[རྩོམ་པ་པོ:སྐྱབས་རྗེ་དིལ་མཁྱེན་  ཡོང་ཁུངས:འཕྲིན་སྟེགས།  དུས་ཚོད:2015/5/30 15:04:46  བཀླགས་ཐེངས:1769][ཡིག་གཟུགས:ཡིག་གཟུགས་མདོག]

  དྲང་པོར་གསོལ་བའི་བདེན་ཚིག་ཀུན་ཕན་བདུད་རྩིའི་དགའ་སྟོན་བཞུགས།

༸སྐྱབས་རྗེ་དིལ་མཁྱེན་རིན་པོ་ཆེ།

 

     ཆོས་ཉིད་ཇི་བཞིན་མཁྱེན་པའི་མཁའ་དབྱིངས་སུ། ། ཆོས་ཅན་ཤེས་བྱ་ཀུན་གཟིགས་རྒྱུ་སྐར་བཀྲ། །མཐའ་ཀླས་འགྲོ་སྒྲོལ་ནུས་མཐུ་ཐུགས་བརྩེའི་དཔལ། །རྒྱལ་ཀུན་གཉིས་མེད་འཇམ་དབྱངས་བླ་མ་རྒྱལ། །ས་གསུམ་སྲིད་ཞིའི་མཆོད་སྡོང་སངས་རྒྱས་ལ། །དྲང་སྲོང་ཆེན་པོའི་མཚན་གྱིས་རབ་བསྔགས་ན། །དྲང་པོའི་གཏམ་གྱི་གླིང་བུ་འཁྲོལ་བ་འདི། །མཁས་བླུན་སྤྱན་ལ་མི་འགྲིམས་མི་སྲིད་སྙམ། །བདག་ཅག་སྟོན་པ་གཅིག་གི་རྗེས་འཇུག་ལ། །ཡང་དག་བསླབ་པ་གསུམ་གྱི་ཉམས་ལེན་གྱི། །མཐར་ཐུག་ཐམས་ཅད་མཁྱེན་པའི་སར་བགྲོད་ལ། །ངེས་པའི་དོན་དུ་མི་མཐུན་གཅིག་ཀྱང་མེད། །སྲིད་ཞིའི་ཕན་བདེའི་འབྱུང་གནས་འདི་དགོངས་ནས། །རིགས་གསུམ་རྒྱལ་བ་མེས་དབོན་རྣམ་གསུམ་གྱི། །བཀའ་དྲིན་བསམ་མི་ཁྱབ་པས་སྒོ་ཕྱེས་པ། །རྒྱལ་བསྟན་ཡོངས་རྫོགས་ཉི་ཟླ་ལྟར་གསལ་བས། །རྟོགས་པ་མཁའ་དང་མཉམ་པའི་སྔ་འགྱུར་བ། །གྲུབ་ཐོབ་མཁའ་དང་མཉམ་པའི་ས་སྐྱ་པ། །བསྟན་པ་མཁའ་དང་མཉམ་པའི་དགའ་ལྡན་ཞེས། །གངས་ཅན་ཡུལ་གྱི་མཐའ་དབུས་ཐམས་ཅད་དུ། །བཀའ་སྲོལ་སྔ་ཕྱིར་བྱོན་པ་མཁས་གྲུབ་ཀྱི། །ཤིང་རྟའི་ལམ་སྲོལ་གདན་སའི་ཁྱད་པར་ལས། །མཚན་བཞིར་གྲགས་ལས་ཀུན་ཀྱང་ཐུབ་པའི་བསྟན། །བསྟན་འཛིན་སྐྱེས་བུ་ཆོས་ཀྱི་ཆེ་བ་ལ། །དཔྱད་ན་གཅིག་ལས་གཅིག་མཚར་ནོར་བུའི་ཕྲེང༌། །ངོ་མཚར་ཡོན་ཏན་བསམ་མི་ཁྱབ་མངའ་བས། །ཡིད་ཆེས་དད་པས་ཐལ་མོ་མི་སྦྱར་སུ། །སེམས་ཅན་ལས་སྐལ་དབང་པོ་སྣ་ཚོགས་པས། །རང་ཉིད་གང་ལ་དད་པའི་བསྟན་དང་ཆོས། །ཐོས་བསམ་སྒོམ་པའི་ཡིད་ཆེས་ངེས་བསྐྱེད་ནས། །བློ་གཏད་འཆའ་བ་ཐར་ལམ་རྩ་བ་ལགས། །སྔོན་དུས་འཕགས་བོད་མཁས་གྲུབ་ཚད་མ་རྣམས། ། སྐྱེས་སྦྱང་གཟུངས་སྤོབས་བློ་གྲོས་ཚད་མེད་པས། །ལུང་རིགས་དགག་སྒྲུབ་རྣོན་པོས་ཐུབ་དབང་བསྟན། །བསྲེག་བཅད་བརྡར་བའི་གསེར་བཞིན་བྱི་དོར་མཛད། །དེང་དུས་ཚད་མའི་སྐྱེས་བུ་ཤིན་ཏུ་དཀོན། །བསྟན་པ་ཡང་དག་འཛིན་པ་ཉིན་སྐར་ཙམ། །གདུལ་བྱ་ཐམས་ཅད་ཆགས་སྡང་ཕྲག་དོག་རགས། །མ་སྦྱངས་མུ་ཅོར་སྨྲ་བས་ས་སྟེང་ཁྱབ། །ཚུལ་དེ་དགོངས་ནས་མཁས་མཆོག་དབྱིག་གཉེན་གྱིས། །སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང༌། ། དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡིས། །ངན་རྟོགས་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །གསུངས་པ་རྒྱལ་པོ་ཀྲྀ་ཀྲྀའི་རྨི་ལྟས་བཞིན། །ནང་གི་ཀུན་སློང་ཆགས་སྡང་དུག་ཆུས་བསླད། །བརྗོད་པའི་ངག་ལ་དོན་གནས་རྒོལ་བ་ཉུང༌། །གྲོང་པ་ཕོ་མོའི་ཆགས་སྡང་འཆལ་གཏམ་བཞིན། །སྲང་ཁའི་ཁྱི་རྒན་ཀུ་ཅོ་ལྟ་བུ་འདིས། །ཡང་དག་ལྟ་ལ་ངེས་ཤེས་སྐྱེས་པ་དང༌། །བསྟན་པའི་ཤིང་རྟའི་ཆེ་བ་བརྗོད་པའི་ལས། །ཤིན་ཏུ་དཀོན་ཅིང་སངས་རྒྱས་ཕྲིན་ལས་ཀུན། །འགོག་པ་མེད་པས་མཐའ་ཡི་རྒྱལ་ཁབ་ཚུན། །ཐུབ་བསྟན་ཉིན་བྱེད་འཆར་ལ་རིག་གསར་གྱིས། །ལོག་རྟོག་ཡ་ག་སྒྲོག་རྒྱུར་འགྱུར་བ་མཐོང༌། དེ་ཕྱིར་རྒྱལ་བའི་དབང་པོ་ཀློང་ཆེན་པས། །རང་ཕྱོགས་སྐྱོང་ཞིང་གཞན་ཕྱོགས་དགག་པའི་རྒྱུ། །བགྲོ་གླེང་བསྟན་པའི་ག་དར་ཡིན་སྙམ་ཡང༌། །དེ་ལ་བརྟེན་ནས་ཉོན་མོངས་སྐྱེ་བའི་རྒྱུ། །སྨྲ་བཅད་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །གསུང་བཞིན་མཁས་བླུན་ཆོས་སྨྲ་ཀུན་གྱིས་ཀྱང༌། །རང་ལུགས་ཆོས་ཀྱི་ཆེ་བ་དུས་ཀུན་སྒྲོགས། །ཆོས་མཐུན་བསམ་སྦྱོར་གཙང་མས་འཆད་རྩོམ་མཛད། །གདུལ་བྱའི་བློ་རྒྱུད་ཆོས་དང་འདྲེས་ཅི་ནུས། ། མཛད་ན་རྗེས་སུ་ཡི་རང་ཐལ་མོ་སྦྱར། །དོན་ཆུང་དག་གིས་བསྟན་ལ་ཡ་ག་སྒྲོགས། །ནང་གི་གྲུབ་མཐའ་ཆོས་བརྒྱུད་སྐྱོན་མཚང་བརྗོད། །གཅིག་གསོ་གཅིག་བསད་དངོས་བརྒྱུད་ལས་མཐའ་འདིས། །བསྟན་པའི་དབུ་འཕང་བསྟོད་མིན་ཐུགས་དཔྱད་འཚལ། །བདག་གིས་གྲུབ་མཐའ་ཀུན་ལ་གུས་མོད་ཀྱང༌། །ཚེ་འདིར་མེ་ཏོག་ཕོག་པའི་ལྷ་སྐལ་ནི། །སྔ་འགྱུར་རྙིང་མའི་བསྟན་པའི་སྒོར་ཞུགས་ཤིང༌། །དུས་ཚོད་དཔགས་པའི་ཐོས་བསམ་སྒོམ་བྱས་ཕྱིར། །རྙིང་བསྟན་ཉམས་དམའ་གྲུབ་པ་ལྟ་ཅི་ཞིག །ལོག་རྟོགས་རྐྱེན་གྱིས་ཁུར་བཀལ་གསུང་སྙོན་ཚིག །སྲོད་མུན་འབྱུང་བྱའི་ཅ་ཅོ་ལྟར་སྒྲོགས་ན། །འདྲེ་ཉལ་ཕཊ་ཀྱིས་བསླངས་པའི་དཔེ་བཞིན་དུ། །རྒན་འཁོགས་བྱིང་འཐིབས་ཐལ་བས་སེམས་རྙ, ོགས་ཤིང༌། །ལག་པའི་འཁར་བས་ལུས་བེམ་བསྟེན་པས་ཀྱང༌། །སོ་མེད་ཁ་ནས་ལུང་རིགས་དབྱར་རྔའི་སྒྲས། །རྟོག་གེ་སརྫི་ཀ་ཡིས་སྙིང་འགས་སྲིད། །བསྟན་ལ་ངེས་པར་གནོད་པའི་ལས་བརྩམས་ན། །ཤི་འདྲེ་འགོང་པོར་སྐྱབས་བཅོལ་མ་དགོས་པར། །མ་གཤིན་ཕུར་པའི་མངོན་སྤྱོད་ལས་རབ་འབྱམས། །ལག་ལེན་མན་ངག་དྲོད་བཅས་བརྩམ་ཆོག་ཡོད། །ད་དུང་ཐལ་བའི་འོག་གི་མེ་མདག་ཏུ། །སྦས་ནས་ཡོད་པའི་གནད་གསང་མ་མཁྱེན་པར། །ཕྱོགས་ལྷུང་གདུག་པའི་ཐན་སྐད་སྒྲོགས་ཆེས་ན། །རང་བསྟན་བརླག་པའི་རྒྱུར་སྲིད་བག་ཡོད་མཛོད། །གངས་ཅན་རང་དབང་གཙང་མའི་བདེ་སྐྱིད་ཀྱིས། །གྲུ་འཛིན་འཕགས་པ་དགྱེས་ཞིང་མིང་དང་དོན། །མཚུངས་པའི་སྐབས་སུ་ནང་འཁོན་སྒྲ་གཅན་ཁས། །ཆོས་སྲིད་ཉི་ཟླ་ཟོས་པའི་ལྷག་མར་གཟིགས། །ཚད་མར་གྱུར་པ་འཕགས་སར་བཞུགས་ཀུན་གྱིས། །སྔ་འགྱུར་བསྟན་པ་རྒྱལ་མཚན་ཏོག་བཞིན་དུ། །བཀུར་མཐོང་ཡིད་ཆེས་བློ་བདེའི་མལ་ས་རུ། །གུ་ཡངས་སྨྲ་ཉུང་མ་ཎི་བགྲང་སྙམ་བསྡད། །དེ་སྐད་ཕ་ཡུལ་མེད་པའི་གོག་སྟོང་དུ། །ནད་མཚོན་མུ་གེ་སྙིགས་མའི་འཐོར་རླུང་གཡོ། །ཕྱོགས་ཀུན་སྲིན་བྱ་སྤྱང་ཀིའི་ཀུ་ཅོ་ཡིས། །ཉམས་ཆུང་ཚིག་འདི་མི་སྨྲ་ཀ་མེད་བྱུང༌། །ཡིད་ཀྱི་ཀུན་སློང་རྒན་མོའི་བསམ་དཀར་དང༌། །ངག་གི་ཚིག་སྦྱོར་རྒད་པོའི་དྲང་གཏམ་གྱིས། །སུ་ཡང་ཐུགས་ལ་ཕོག་པར་མི་སྲིད་ཀྱང༌། །ནོངས་ན་ཐལ་སྦྱར་འགྱོད་སེམས་བཅས་པས་བཤགས། །ཚིགས་སུ་བཅད་འདི་སྦྲང་རྩི་ལྟར་གྱུར་ནས། །འདར་ལྡན་སོར་མོའི་བསྟར་བ་དོན་ཡོད་དེ། །དཔྱོད་ལྡན་བུང་བའི་དགའ་སྟོན་ཉིད་གྱུར་ནས། །རྒྱལ་བསྟན་དཔྱིད་ཀྱི་དཔལ་ཡོན་རྒྱས་རྒྱུར་སྨོན། །གངས་ཅན་མགོན་པོ་པད་དཀར་འཆང་ཡབ་སྲས། །རིས་མེད་མཁས་གྲུབ་ཐུགས་མཐུན་ཕྲིན་ལས་རྒྱུན། །ཐུབ་བསྟན་ཞིང་མཆོག་གསོས་སུ་གྱུར་པ་ཡིས། །མཁའ་མཉམ་འགྲོ་ཀུན་རྣམ་མཁྱེན་འབྲས་སྨིན་ཤོག །དེ་སྐད་གངས་ཅན་མདོ་སྨད་ཡུལ་སྐྱེས་ཤིང༌། །མཁྱེན་བརྩེའི་སྤྲུལ་སྐུར་གྲགས་པའི་མངྒ་ལས། །རྨོངས་བློའི་དྲན་ཚད་ངག་ཏུ་བརྗོད་འདིས་ཀྱང༌། །གཟུར་གནས་མཁས་གྲུབ་ཀུན་གྱིས་ཐུགས་གཞིག་མཛོད། །མཁས་པས་བདེན་དགོངས་ཀུན་ལ་བཀའ་བསླབ་གནང༌། །བླུན་གཏམ་དོན་མེད་གཟིགས་ན་གྲོང་གསེབ་ཏུ། །ཁྱི་ཡི་མཇུག་མར་བཏགས་ནས་མེར་སྲེགས་དང༌། །ཁོང་ཁྲོ་ཆགས་སྡང་ཀུན་རྟོག་ཡིད་ལ་མེད། །ཚེ་རབས་ཀུན་ཏུ་ཤཱཀྱའི་རྒྱལ་པོའི་མདུན། །འཇམ་དཔལ་དབྱངས་དང་ལིཙྪ་བི་བཞིན་དུ། །ཆོས་བཟང་གཏམ་གྱིས་ས་གསུམ་ཁྱོན་འགེངས་པ། །ཡིད་ལ་སྤོབས་པས་ཕྱོགས་ལས་རྒྱལ་གྱུར་ཅིག །  

·གསར་འགྱུར་གོང་མ:ནགས་ཚལ་སྐོར་གྱི་རྒྱུན་ཤེས།
·གསར་འགྱུར་འོག་མ:ས་ག་ཟླ་བར་དོ་སྣང་བྱེད་དགོས་པ་འགའ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·གྲུབ་མཐའ་རིས་མེད་སྐོར་གྱི་འཆད་ཁྲིད། 2013/7/31 20:57:03
·མགོ་ལོག་གཅིག་སྒྲིལ་ས་ནས་རིས་མེད་མཐུན་ཚོཊ་བསྡུས་པ། 2011/7/25 20:11:44
·ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ་དྲང་སྲོང་བདེན་དབྱངས། 2011/4/18 12:39:40
·འཇུ་མི་ཕམ་གྱི་རིས་མེད་སྐོར་གྱི་གསུང་ཞིག 2010/12/5 13:44:35
·གྲུབ་མཐའ་འགའི་བླ་བརྒྱུད་གསོལ་འདེབས་བཞུཊ། 2010/12/4 13:02:51
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS