ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
  གསར་འགྱུར་ཀློག་པ།

ང་ཚོས་སློབ་སྦྱོང་བྱེད་སྟངས་ཅུད་ཟད་བསྒྱུར་དགོས་པ་འདྲ།

[རྩོམ་པ་པོ:གསོན་མིག  ཡོང་ཁུངས:ལུག་ཚང་དཔལ་ཡོན།  དུས་ཚོད:2015/5/17 20:57:54  བཀླགས་ཐེངས:816][ཡིག་གཟུགས:ཡིག་གཟུགས་མདོག]
ངའི་སློབ་སྦྱོང་གི་དམིགས་ཡུལ་ནི་རང་ཉིད་གཞན་ཞིག་གི་ལྟ་གྲུབ་སྲུང་མཁན་དུ་འགྱུར་རྒྱུ་དེ་མ་ཡིན་པར།  རང་ཉིད་རང་ཉིད་ཀྱི་ཐུན་མིན་ལྟ་ཚུལ་ཡོད་པའི་མི་ཞིག་ཏུ་ཆགས་རྒྱུ་དེ་ཡིན།    _གཟི་ལམ་གྱི་བཀླགས་མཆན།
 
ང་ཚོས་སློབ་སྦྱོང་བྱེད་སྟངས་ཅུད་ཟད་བསྒྱུར་དགོས་པ་འདྲ།
 
གསོན་མིག
 
གཅིག
ང་ཚོའི་དགོན་སྡེ་ཁག་གི་མཚན་ཉིད་གྲྭ་ཚང་རྣམས་ལ་ཐུན་མོང་གི་སློབ་སྦྱོང་བྱེད་སྟངས་ཤིག་ཡོད་པ་ནི། རང་རང་གྲུབ་མཐའ་གང་ཡིན་གྱི་བླ་མ་གོང་མ་ཞིག་གི་དགོངས་པ་བཞིིར་བཞག་སྟེ། དེས་བརྩམས་པའི་དཔེ་ཆ་ཞིག་ལ་བསྟུན་གང་ཐུབ་བྱས་ནས་བླ་མ་གང་དེའི་གསུང་འཐད་ལྡན་དུ་བསྒྲུབ་རྒྱུ་དེ་རེད། དཔེར་ན། རྙིང་མ་ཡིན་ན་ཀློང་ཆེན་རབ་འབྱམས་སོགས་ཀྱི་གསུང་ལ་བསྟུན་ནས་སློབ་སྦྱོང་བྱ་རྒྱུ་དང་། ས་སྐྱ་ཡིན་ན་གོ་ཤཱཀྱ་སྟག་གསུམ་སོགས་ཀྱི་དགོངས་པའི་ར་བ་ནས་མི་འདའ་བར་སློབ་སྦྱོང་བྱ་རྒྱུ། དེ་བཞིན། བཀའ་བརྒྱུད་ཡིན་ན། འབྲུག་པད་དཀར་དང་རྗེ་མི་སྐྱོད་རྡོ་རྗེ་སོགས་ཀྱི་བཞེད་པ་དང་མཐུན་པར་བྱས་ཏེ་སློབ་སྦྱོང་བྱ་རྒྱུ། དགེ་ལྡན་པ་ཡིན་ན་རྗེ་ཡབ་སྲས་གསུམ་སོགས་ཀྱི་དགོངས་པ་འཐད་ཕྱོགས་སུ་བཟུང་ནས་སློབ་སྦྱོང་དགོས་པ་བཅས་རེད།
དང་པོ་སློབ་སྦྱོང་ལ་འཇུག་པ་ཡང་རང་གི་བླ་མ་གོང་མའི་གྲུབ་མཐའ་འཐད་ལྡན་བསྒྲུབ་རྒྱུ་དང་། བར་དུ་སློབ་སྦྱོང་བྱེད་སྐབས་གང་དེར་བསྟུན་ཅི་ཐུབ་བྱ་རྒྱུ། མཐར་སྦྱངས་འབྲས་བཟང་ངན་ཡང་རང་གི་གྲུབ་མཐའ་དང་བླ་མའི་དགོངས་པ་དག་ནང་འགལ་མེད་པ། ཆད་ལྷག་མེད་པ། ཡོ་འཁྱོག་མེད་པར་སྒྲུབ་ཐུབ་མིན་ནས་འབྱེད་པ་སོགས་སློབ་སྦྱོང་གི་སྔ་ཕྱི་བར་གསུམ་དུ་རང་གི་ཐུན་མིན་གྱི་ལྟ་བ་ཞིག་གམ། ཁ་ཕྱོགས་ཤིག འཐད་ཕྱོགས་ཤིག་ཡོད་མི་རུང་པ་དེ་རེད།
སྔོན་ཆད་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བོད་ལ་མ་དར་བའི་སྔོན་དང་། དར་མ་ཐག་གི་དུས་སུ་བོད་ཀྱི་རབ་བྱུང་པའི་སྡེའི་སློབ་སྦྱོང་བྱེད་སྟངས་དེ་ད་ལྟ་ལས་ཅུང་ཟད་གུ་ཡངས་དང་། དཀྱེལ་ཆེ་བར་མཐོང་སྟེ། དེའི་དུས་སྐབས་སུ་བྱོན་པའི་མཁས་པ་དག་ལ་རང་གི་བླ་མའི་བཞེད་པ་ལ་གཙོ་བོར་བསྟུན་པ་ལྟ་བུ་མ་ཡིན་པར་སོ་སོའི་རྣམ་དཔྱོད་ཀྱིས་བརྟགས་ཤིང་གཞིགས་ཏེ། རང་གི་ལྟ་བ་ཐུན་མོང་མ་ཡིན་པ་རྒྱུད་ལ་སྐྱེས་ཏེ་བསྟན་བཅོས་མང་པོ་བརྩམས་ཤིང་གདུལ་བྱ་དུ་མ་བསྐྱངས་པ། དཔེར་ན། སྒམ་པོ་པ་དང་། ས་པཎ། ཡུ་མོ་མི་བསྐྱོད་རྡོ་རྗེ། གྲུབ་ཐོབ་ཨོ་རྒྱན་པ། རང་བྱུང་རྡོ་རྗེ། སྐྱོབས་པ་འཇིག་རྟེན་གསུམ་མགོན། རྗེ་རིན་པོ་ཆེ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་མཛད་རྣམ་དང་གསུང་རབ་ལ་མཇལ་ན་ཤེས།
ཕྱིས་སུ་བླ་མ་དེ་དག་གི་བུ་སློབ་ཚོས་རང་རང་གི་བླ་མའི་དགོངས་པ་ལྟར་ཆོས་འཆད་མཉན་སྒོམ་སྒྲུབ་བྱས་ཏེ་དུས་རིམ་གྱིས་འདས་པ་ན། ཆོས་སྲིད་ཟུང་འབྲེལ་སྐབས་ཀྱི་ཡུལ་ལུང་སོ་སོའི་ཞེན་ཁོག་དང་། གྲུབ་མཐའི་བར་གྱི་འགལ་བ་སོགས་རྒྱུ་རྐྱེན་དུ་མ་ཞིག་གི་དབང་ལས། གྲུབ་མཐའ་རང་རང་གི་བླ་མ་ཆེ་ཁག་གི་མཛད་པ་དང་བཞེད་དགོངས་དག་རྒྱུད་འཛིན་དང་དྲིལ་སྒྲོག་བྱ་རྒྱུ་ནི། གྲུབ་མཐའ་གང་དེའི་ཁོངས་གཏོགས་ཀྱི་བླ་དཔོན་ཚོའི་མགོ་རྣ་དང་ལ་རྒྱ་ལྟ་བུར་འཛིན་པའི་སྲོལ་ཞིག་དར་ཏེ། རིམ་བཞིན་སློབ་གཉེར་པ་ཚོས་ཀྱང་རང་གི་གྲུབ་མཐའི་མཁས་པ་ཚོའི་གསུང་རྩོམ་ལས་གཞན་ལ་ཞིབ་འཇུག་དང་སྦྱོང་བརྩོན་མ་བྱས་པས། ད་བར་སྲོལ་འདི་མ་ཉམས་པར་གྱུར་ནས་བོད་ཀྱི་གྲྭ་བཙུན་སློབ་གཉེར་བ་ཚོའི་གཞུང་ལུགས་ལ་ཐོས་བསམ་གནང་སྟངས་དེ་སྒེེར་གཤིས་ཅན་དང་། རང་སྲུང་ཅན་གྱི་རྣམ་པར་གྱུར་ཅིང་། སློབ་སྦྱོང་གི་དམིགས་ཡུལ་ཡང་། རང་གི་བླ་མའི་བཞེད་དགོངས་རྐྱང་རྐྱང་འཐད་སྒྲུབ་བྱེད་རྒྱུའི་གོམས་སྲོལ་ཞིག་ཆགས་པ་འདྲ།
 
གཉིས།
དེའི་དབང་གིས། དིང་དུས་བསམ་བློའི་གོ་རྟོགས་ཅུང་ཟད་སད་པའི་སློབ་གཉེར་པ་འགའ་རེས་བོད་ཀྱི་མཚན་ཉིད་གྲྭ་ཚང་ཁག་ཏུ་ལོ་མང་སྦྱངས་པ་བྱས་མཐར། ངས་སློབ་སྦྱོང་གི་ཆེད་དུ་སློབ་སྦྱོང་བྱ་མི་འདོད་ཟེེར་ཡཱ་དང་། བདག་ནི་རྩོད་པའི་ཆེད་དུ་རྩོད་པ་སློང་སྙིང་མི་བྲོ་ཟེར་ཡཱ། གཞན་ལ་ལས། བར་སྐབས་སུ་བྱོན་པའི་རང་གི་གྲུབ་མཐའི་མཁས་གྲུབ་འགའ་རེར་ལྟ་བ་མཁྲེགས་བཟུང་དང་། བསམ་བློ་སྒེར་གཅོད། རང་ལྟ་མཆོག་འཛིན་སོགས་བསྙད་དེ་འཁང་ར་བྱེད་པ་མཐོང་། ཧོབ་སྟེ་བལྟས་ན་འདི་དག་ནི་ཆོས་ལུགས་པ་ཞིག་གི་ངོས་ནས་རང་གི་བླ་རྒྱུད་ལ་སྨོད་མཁན་མ་རབ་ཐ་ཤལ་ཞིག་ཡིན་པར་སྙམ་སྲིད་ཀྱང་། ཞིབ་ཏུ་བསམས་ན་ཁོ་ཚོ་ལ་དངོས་གནས་ཁག་མི་འདུག རྒྱུ་མཚན་ནི་ཁོ་ཚོས་མི་ལོ་མང་པོའི་རིང་ལ་རང་གི་ཆོས་རྒྱུད་ཀྱི་མཁས་གྲུབ་ཚོས་བརྩམས་པའི་དཔེ་ཆ་ལ་དཀའ་སྤྱད་འབད་བརྩོན་གྱིས་སྦྱངས་སྦྱངས་མཐར། དེ་དག་གི་བསྟན་སྲུང་ལྟ་བུ་ཞིག་ཏུ་གྱུར་བ་ལས། དེ་ལས་འཕྲོས་ཏེ་རང་གི་རྣམ་དཔྱོད་ཀྱི་རྟ་ཕོ་རྒྱུགས་ནས་གཞུང་ལུགས་ཀྱི་ར་བ་བརྒལ་བའི་སྐལ་བ་བྱུང་མི་འདུག་ལ། དེ་ཉིད་དཔྱད་གཞིར་བྱས་ཏེ་སོ་སོའི་རིགས་ལམ་གྱི་སྨྱུག་ཁ་སྐོར་དབང་ཡང་ཐོབ་མི་འདུག་པས། དམ་པ་ཚོའི་གསུང་རབ་དང་བཞེད་དགོངས་ནི་ཁོ་ཚོའི་ངོར་རྟག་བརྟན་འགྱུར་མེད་དུ་ལུས་པའི་ལྕགས་ཀྱི་ར་བ་ཞིག་གམ། བསམ་གཞིག་གི་བྱེའུ་ཆུང་བཙོན་ལ་བཅུག་སའི་སྒམ་ཆུང་ཞིག་ཏུ་མི་སྣང་པ་ཡང་ཅི་ལ་མི་སྲིད།
རང་ཉིད་ལ་མཚོན་ནའང་། ནམ་རྒྱུན་མཁས་གྲུབ་དམ་པ་རྣམས་ཀྱི་གསུང་རབ་ལ་མཇལ་རྒྱུ་ནི་མི་ཚེའི་འཚོལ་སྙེག་གི་གོ་རིམ་ཞིག་ལ་ངོས་འཛིན་གྱིན་ཡོད་ལ། དེ་བས་དེ་དག་གི་གསུང་ལ་ཞིབ་འཇུག་བྱེད་པ་ནི་ཆེས་སྤྲོ་སྣང་དོད་པའི་སློབ་གཉེར་གྱི་ཁ་ཕྱོགས་ཤིག་ཏུ་གྲུབ་ཡོད། ཡིན་ནའང་། ཚིག་གི་འཛིན་མཚམས་ནས་དོན་གྱི་དཔྱོད་མཚམས་བར་ཡོད་ཚད་ཁོང་རྣམ་པའི་གསུང་ལ་བསྟུན་དགོས་ཚེ། དངོས་གནས་སེམས་ལ་ཉོབ་སྣང་དང་ཆད་སྣང་ཞིག་རྟག་པར་ཡོང་གི་འདུག རྒྱུ་མཚན་ནི་ངའི་སློབ་སྦྱོང་གི་དམིགས་ཡུལ་ནི་རང་ཉིད་གཞན་ཞིག་གི་ལྟ་གྲུབ་སྲུང་མཁན་དུ་འགྱུར་རྒྱུ་དེ་མ་ཡིན་པར་རང་ཉིད་རང་ཉིད་ཀྱི་ཐུན་མིན་ལྟ་ཚུལ་ཡོད་པའི་མི་ཞིག་ཏུ་ཆགས་རྒྱུ་དེ་ཡིན་པས་སོ།།
དེ་དང་མཚུངས་པར་སློབ་གཉེར་པ་སུ་ཡིན་རུང་སློབ་གཉེར་གྱི་ཁ་ཕྱོགས་ངེས་ཅན་རེ་ཡོད་དགོས་ལ། སློབ་གཉེར་གྱི་སྐབས་སུ་ཡང་གཞན་ལ་རག་མ་ལས་པར་རང་གི་བསམ་གཞིག་བྱེད་སའི་བར་སྟོང་ཡངས་པོ་ཞིག་དགོས་རྒྱུ་ནི། ཆེས་མ་མཐའི་སློབ་གཉེར་གྱི་ཆ་རྐྱེན་ཡིན་པར་སྣང་།
དེ་ལས་ལྡོག་སྟེ། གཞུང་ཆེན་མོ་ཅི་ཞིག་ལ་ཐོས་བསམ་གནང་ཡང་། ཐོག་མ་ཉིད་ནས་གང་དེའི་རྩོམ་མཁན་ནི་སྐྱེས་བུ་ཚད་མ། བརྩམས་ཆོས་ནི་ངག་ཚད་མར་སྙམ་སྟེ། དེ་ཉིད་རྐྱང་རྐྱང་འཐད་ལྡན་དུ་བསྒྲུབས་ན། ཡུལ་དུས་གནས་སྐབས་ཀྱི་དགོས་མཁོར་འཚམས་པའི་བློ་སྐྱེད་ཅིག་ཤིན་ཏུ་ཡོང་དཀའ་བར་སྣང་། མཚམས་འདིར་སླེབས་དུས་ཁོ་བོས་རང་གི་བཤེས་གཉེན་ཞིག་གི་གདམས་པ་དྲན་བྱུང་། "ནམ་ཡང་གཞན་གྱི་གྲིབ་སོ་བྱེད་མི་རུང་། "ཞེས་པའི་གདམས་པ་གསེར་ཕྱེ་འདྲ་བ་ཞིག་དྲན་བྱུང་། ཡིན་ཏེ། གཞན་གྱི་གྲིབ་སོ་བྱེད་པ་ནི་གཞན་གྱི་འདྲ་གཟུགས་བྱེད་པ་ཡིན་ཏེ། གཞན་གྱི་འདྲ་གཟུགས་བྱེད་པར་རང་གི་དབྱིབས་དང་ཁ་དོག་ཡོད་ཚད་ནག་བསུབ་དགོས་པས། བཟོ་ལྟ་དང་ཚུགས་ཀ་ཤོར་ཟིན་པའི་མྱི་ཞིག་སུ་ཡིས་བྱ་འདོད་དེ། སུས་ཀྱང་བྱ་མི་འདོད་དོ། །
 
གསུམ།
རྒྱུ་མཚན་དེ་དག་ལ་ལེགས་པར་བསམས་ནས། ང་ཚོས་རང་ཉིད་ཐེ་བའི་ཕྱིས་འབྱུང་གི་སློབ་གཉེེར་པ་ཚོ་གཞན་གྱི་གྲིབ་སོ་རུ་མི་འགྱུར་བ་དང་། རང་གི་དབྱིབས་དང་ཁ་དོག་གི་ཚུགས་ཀ་དོད་པའི་ཕྱིར་དུ་སློབ་སྦྱོང་བྱེད་སྟངས་ལ་དུས་མཐུན་གྱི་བསྒྱུར་བཅོས་ཏོག་ཙམ་གནང་ན་ཇི་འདྲའི་དོན་སྙིང་ཆེ་ཨང་། དེ་ཡང་རང་གི་གྲུབ་མཐའི་བླ་མ་གོང་མ་ཚོས་མཛད་པའི་དཔེ་ཆ་དག་ལ་རྐྱང་རྐྱང་བསྟུན་ནས་སློབ་སྦྱོང་བྱ་རྒྱུ་མ་ཡིན་པར་ས་དགེ་བཀའ་རྙིང་བོན་སོགས་ཀྱི་དཔེ་ཆ་ལ་ཐོས་བསམ་གྱི་བློ་མིག་བསྐྱེད་དེ་གཟིགས་ན་ཞིབ་འཇུག་གི་རིན་ཐང་ཆེ་ཞིང་། ཞིབ་འཇུག་གི་འབྲས་བུ་ཡང་ཟབ་པ་གདོན་མི་ཟ།
དེ་མིན། གཙོ་ཆེར་གྲྭ་བཙུན་དག་གིས་གཞུང་ཆེན་མོ་སྦྱོང་ཡཱ་ལ་དགོས་པ་གཉིས་མཐོང་སྟེ། གཅིག་ནི་ཕ་མེས་ནས་བརྒྱུད་པའི་རིག་གཞུང་སྲུང་སྐྱོབ་དང་། གཉིས་ནི་གཞུང་ལུགས་རབ་འབྱམས་ལ་སྦྱངས་པ་བྱས་ཏེ་དེ་དག་གི་བསྟན་དོན་ལ་གོ་བ་རྣལ་མ་ཞིག་སྐྱེས་ཐོག་རང་ལ་དཔྱད་ཞིབ་བྱས་པའི་ལྟ་ཚུལ་ཐུན་མོང་མ་ཡིན་པ་ཞིག་འཁྲུངས་ནས་དེས། འདི་ཕྱིའི་ངེས་དོན་གྱི་ཕུགས་རེ་འགྲུབ་རྒྱུ་དེའོ།
རྒྱུ་མཚན་དེ་ལ་བསམས་ནའང་། གྲུབ་མཐའ་ག་གེ་མོའི་འཛིན་མཚམས་གསལ་གསལ་པོ་ཞིག་བློ་རུ་ངེས་རྒྱུ་ཡང་དེ་ཙམ་གལ་མི་ཆེ་སྙམ། ཅི་ལགས་ཞུས་ན་སློབ་སྦྱོང་ཟེེར་ཡཱ་དེ་མ་གཞི་ནས་ཅི་ཞིག་བསྲུང་སྐྱོབ་བྱ་རྒྱའི་ཆེད་དུ་མ་ཡིན་པར་གང་ཞིག་བཙལ་དང་འཚོལ་རྒྱུའི་ཆེད་དུ་ཡིན་པས་སོ།
ད་དུང་། གཏན་ཚིགས་ཀྱི་ལམ་ནས་གང་ཞིག་ལ་བརྒལ་བརྟག་བྱེད་སྐབས་རང་གི་གྲུབ་མཐའི་དགོངས་དོན་དང་འགལ་བ་མཐོང་ཚེ་ཚིག་གིས་ལྷན་པ་བརྒྱབ་ན་ཨེ་དྲག་དང་། ལུང་དོན་ཀྱོག་ཀྱོག་བཀྲལ་ན་ཨེ་འཁྱོང་ལྟ་བ་ནི། གཟུར་གནས་ཀྱི་གྲལ་ནས་ངོ་གདོང་ཚ་སྤྱད་རང་ཡིན་པས། ང་ཚོའི་དངོས་ཡོད་ལ་མ་བསྙོན་པའི་ལམ་བུ་ཞིག་བཙལ་དགོས།
དེ་བཞིན་ནམ་རྒྱུན་དད་མོས་ཀྱི་སྤྱི་གཙུག་གཏུག་སའི་བླ་མ་ཞིག་ཡིན་རུང་། དད་མོས་དང་གནས་ལུགས་དཔྱད་བརྗོད་གཉིས་ཁ་ཁར་ཕྱེ་སྟེ། དད་མོས་དད་མོས་དང་། གནས་ལུགས་དཔྱད་རྗོད་གནས་ལུགས་དཔྱད་བརྗོད་རང་བྱས་ན་བཟང་བ་མཁས་པ་ལ་ལས་ཟེར་ཞིང་། བདེན་ཡང་ཤིན་ཏུ་བདེན་པས། ང་ཚོས་ཚུལ་དེ་དག་ཡིད་ལ་ངེས་ནས་རིམ་བཞིན་རང་རང་གི་སློབ་སྦྱོང་བྱེད་སྟངས་ལ་མནོ་བསམ་ཞིབ་མོར་གཏང་རྒྱུ་ནི་ཁ་རྩ་དགོས་གཏུག་གི་བྱ་བ་ཞིག་ཏུ་མཐོང་པས། མཁྱེན་རྒྱ་ཡངས་པའི་ཆོས་ཀྱི་གྲོགས་པོ་ཚོས་དོན་དེ་གོ་མེད་ཚོར་མེད་དུ་མི་སྐྱུར་བའི་རེ་བ་ཆེ།
 
                  2014 \ 9 \ 25 ཉིན་འུ་ཅག་གི་འདས་མ་ད་གསུམ་ལ་ཤེས་རྒྱ་ཆུང་ཡང་དོ་སྣང་ཆེ་བའི་བན་གཟུགས་གསོན་མིག་གིས་རང་ཁྱིམ་ནས་བྲིས།
·གསར་འགྱུར་གོང་མ:ཡ་ངའི་གོད་ཆག་ཁྲོད་ཀྱི་ལྟ་ཚུལ་འགའ་ལྷུག་པོར་གླེང་བ།
·གསར་འགྱུར་འོག་མ:མི་རིགས་རང་གི་སྐད་དང་ཡི་གེ་གལ་ཆེ་ཚུལ་ལས་འཕྲོས་པའི་སྙིང་གཏམ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:ysztkwborog
VFlptj  <a href="http://qxnyotzaxqbo.com/">qxnyotzaxqbo</a>, [url=http://xyjjutjvlkuc.com/]xyjjutjvlkuc[/url], [link=http://cxdmacpckzht.com/]cxdmacpckzht[/link], http://bcgelmnnpltl.com/
发表时间:2016/5/18 0:40:11 [来自: 46.161.9.32]

འབྲེལ་ཡོད་དཔྱད་བརྗོད 1 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།24.90MS