ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> འབྱུང་ཁཾས
  གསར་འགྱུར་ཀློག་པ།

སྟོན་པ་དང་ནད་པ།

[རྩོམ་པ་པོ:བྱ་ཉ་བློ་བཟང་ཚུལ་ཁྲིམས།  ཡོང་ཁུངས:གླིང་  དུས་ཚོད:2015/4/18 11:05:51  བཀླགས་ཐེངས:1079][ཡིག་གཟུགས:ཡིག་གཟུགས་མདོག]
སྟོན་པ་དང་ནད་པ།(ནང་ཆོས་རྒྱུན་ཤེས།)

བྱ་ཉ་བློ་བཟང་ཚུལ་ཁྲིམས།
 
དེ་ཡང་ཐོག་མར་སྟོན་པའི་རྣམ་ཐར་དུམ་བུ་ཞིག་ནས་མགོ་བཟུང་སྟེ་གླེང་ན། ཉི་མ་ཞིག་ལ་སྟོན་པ་མཉན་ཡོད་ན་བཞུགས་ཡོད་པ་འདུག་ཅིང་། ཁྱིམ་པ་ཞིག་གིས་སངས་རྒྱས་འཁོར་བཅས་ཉིན་གོང་གི་ཟས་ལ་སྤྱན་དྲངས། འོན་ཀྱང་ཉིན་དེར་སྟོན་པས་དགོས་པ་ཆེན་པོ་ཡོད་པའི་བསླབ་པ་ཞིག་བཅའ་བར་བཞེད་ནས་འཁོར་དགེ་སློང་དག་ལས་རང་ཉིད་ཁྱིམ་པ་དེའི་ཁྱིམ་དུ་མ་ཕེབས། ཁོང་གི་བསོད་སྙོམས་ཀྱི་སྐུ་སྐལ་ཡང་ཡར་དགོན་ནང་དུ་འཁྱེར་དགོས་པའི་བཀའ་གནང་བ་མཛད། དགེ་སློང་རྣམས་དགོན་པ་ལས་ཁ་བྲལ་ནས་རིང་པོ་མ་ལོན་པའི་དུས་དེར་སྟོན་པ་ལྡེ་མིག་བསྣམས་ནས་གཙུག་ལག་ཁང་རྣམས་ལ་གཟིགས་སྐོར་དུ་ཕེབས།
སྐབས་དེར་གཙུག་ལག་ཁང་ཞིག་ན་དགེ་སློང་ནད་ཚབས་ཆེན་པོས་ཟིན་ཅིང་གཅན་དང་སྐྱུགས་པ་སོགས་མི་གཙང་བའི་ཁྲོད་དུ་ལུས་པོ་ཡོངས་སུ་ནུབ་པ་ཞིག་གིས་སངས་རྒྱས་ལ། “བཅོམ་ལྡན་འདས། བདག་ལ་མགོན་མ་མཆིས”ཞེས་སྐད་ངན་འདོན་པ་གཟིགས། དེ་མ་ཐག་སངས་རྒྱས་ཀྱིས“ང་ཁམས་གསུམ་གྱི་མགོན་པོའི་རྗེས་སུ་ཁྱོད་རབ་ཏུ་བྱུང་ན། ཅིའི་ཕྱིར། བཅོམ་ལྡན་འདས། བདག་ལ་མགོན་མ་མཆིས་ཞེས་སྐད་འདོན”ཞེས་དྲི་བ་མཛད། ནད་པ་དེས“བདག་ལ་ཚངས་པས་མཚུངས་པར་སྤྱོད་པ་འགའ་ཡང་རིམ་གྲོ་བགྱིད་པའམ་ལྟ་བ་མ་མཆིས་སོ། །”ཟེར། སྟོན་པས“ཁྱོད་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་འགའ་ལ་རིམ་གྲོ་དང་བལྟས་པ་ཡོད་དམ།”ཞེས་དྲིབ་མཛད། ནད་པས“མ་མཆིས་སོ། ”སྟོན་པས། “དེས་ན་ཁྱོད་འདི་ལྟ་བུར་གྱུར་ཏོ། །”ཞེས་གསུངས་ཤིང་དེ་ནས་སྟོན་པས་ན་བཟའ་ཆོས་གོས་བརྫེས་ནས་དགེ་སློང་དེ་ག་ལེར་གཅིན་དང་ངན་སྐྱུགས་ལས་ཕྱུང་སྟེ་མཐའ་ཞིག་ཏུ་བཞག སྙུག་གུའི་ཚལ་བས་བཞར། ས་དཀར་པོས་དྲིལ་ཕྱིས་བྱས་ཏེ་བཀྲུས་སོ། །དེ་ནས་དཀྱིལ་མོ་ཀྲུང་བཅའ་བཅུག་སྟེ། དེའི་ཆོས་གོས་རྣམས་ཀྱང་བཀྲུས། ཕྱོགས་དེའང་བའི་ལྕི་བ་འཇམ་པོས་བྱུག་པར་མཛད་དོ། །
དེ་ནས་སྟོན་པས་རང་གི་ཕྱག་དང་ཞབས་བསིལ་ཏེ་དལ་བུར་གཙུག་ལག་ཁང་དུ་ཞུགས་སོ། །ཀུན་དགའ་བོ་བསོད་སྙོམས་ཀྱི་སྐུ་སྐལ་ཁྱེར་ཏེ་སྟོན་པའི་སྤྱན་སར་སོང་བ་དང་། སྟོན་པས། “ཅི་དགེ་སློང་གི་དགེ་འདུན་ཞལ་ཟས་བསོད་པས་ལེགས་པར་ཚིམས་པར་བྱས་སམ། ”ཞེས་དྲིས། ཀུན་དགའ་བོས“དགེ་སློང་གི་དགེ་འདུན་ཞལ་ཟས་བསོད་པས་ལེགས་པར་ཚིམས་པར་བགྱིས་ལགས་སོ། །”ཞེས་ཞུས་པར་དེ་ནས་སྟོན་པས་བསོད་སྙོམས་ཀྱི་ཕྱེད་བཞེས་ཏེ“ཀུན་དགའ་བོ། སོང་ལ་གཙུག་ལག་ཁང་ཆེ་གེ་མོ་ན་དགེ་སློང་ནད་ཚབས་ཆེ་བ་ཞིག་ཡོད་པ་དེ་ལ་བསོད་སྙོམས་ཕྱེད་པོ་འདི་ཁྱེར་ལ་འདི་སྐད་ཅེས། ཁྱོད་ཀྱི་རིམ་གྲོ་སྟོན་པ་ཉིད་ཀྱིས་མཛད་དེ། བསོད་སྙོམས་ཕྱེད་ཀྱི་བགོ་བཤའ་ཡང་མཛད་དོ་ཞེས་གྱིས་ཤིག ”ཅེས་བཀའ་གནང་། ཀུན་དགའ་བོས “སྟོན་པ་བཀའ་བཞིན་དུ་འཚལ།”ཞེས་དགེ་སློང་དེའི་གམ་དུ་ཕྱིན་ནས་བསོད་སྙོམས་བྱིན་ཏེ་དེ་སྐད་སྨྲས་སོ། །
དེ་ནས་དགེ་སློང་དེས་བདག་ནི་ཁམས་གསུམ་གྱི་བླ་མ་ཉིད་ཀྱིས་རིམ་གྲོ་མཛད་དེ་བསོད་སྙོམས་ཕྱེད་ཀྱང་གནང་གིས། བདག་དད་པས་བྱིན་པ་ལོངས་སྤྱད་ནས་ལེ་ལོས་དུས་འདའ་བ་མི་རིགས་སྙམ་དུ། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་བྱས་པས་དགྲ་བཅོམ་པ་ཐོབ་བོ། །ཞེས་འབྱུང་།
རྣམ་ཐར་འདི་དང་ཕལ་ཆེར་ཆ་འདྲ་བ་ཞིག་གནས་བརྟན་སཱི་རི་དྷམ་མས་བརྩམས་པའི་སྟོན་པའི་རྣམ་ཐར་དུ་ཡང་གསལ།
འདི་ནི་སྟོན་པ་སྐུ་དངོས་ཀྱིས་ནད་པ་ལ་ནད་གཡོག་མཛད་པའི་རྣམ་ཐར་ཡིད་དབང་འཕྲོག་པ་ཞིག་རེད། དེ་ཡང་སྟོན་པས་ཉིན་དེར་དེ་ལྟར་མཛད་པ་ནི་ཁོང་གི་སློབ་མ་རྣམས་ལ་ནད་པ་ལ་ནད་གཡོག་བྱ་རྒྱུ་དེ་ཆོས་ཀྱི་ཉམས་ལེན་གལ་ཆེན་ཡིན་པའི་སྐོར་མིག་དཔེ་སྟོན་པ་དང་སློབ་སྟོན་གནང་བའི་ཆེད་དུ་ཡིན་པ་གྲགས།
འདུལ་བ་མདོ་རྩ་བ་ནི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ཡིན་པས་དེའི་ཚིག་གི་སྡེབ་སྦྱོར་ནི་སྟོན་པ་སྐུ་དངོས་ཀྱིས་གསུངས་པ་མིན་ཡང་། བརྗོད་བྱ་ནི་སྟོན་པས་སྔ་ཕྱིར་གསུངས་པ་དག་ཕྱོགས་བསྡུས་བྱས་པ་ཞིག་ཡིན། དེའི་ཕྱིར་སྟོན་པས་ནད་པ་ལ་བཟུང་བའི་ཐུགས་ཀྱི་བརྩེ་བ་ཇི་ལྟར་ཡིན་མིན་ཤེས་ཕྱིར། སྔ་ཕྱིར་ནད་པའི་སྐོར་གནང་བའི་བསླབ་བྱ་དག་ལས་གལ་ཆེ་བ་ཁག་ཅིག་འདུལ་བ་མདོ་རྩ་བ་ལས་དྲངས་ན། “ཚངས་པ་མཚུངས་པ་སྤྱོད་པ་ན་བ་ཡལ་བ་མི་འདོར་རོ། །དེ་ལ་ནད་གཡོག་མེད་ན་མཐའ་ཐུག་པ་མན་ཆད་ལས་བསྐོ་བར་བྱའོ།།”ཞེས་གསུངས།
དེའི་དོན་ནི་གྲྭ་བ་སུ་ཞིག་ན་བ་ཡིན་ན་དེ་དགེ་འདུན་དང་དགེ་སློང་གཞན་གྱིས་བདག་མེད་དུ་བསྐྱུར་མི་ཉན་པར་གསུངས། དེ་ཡང་ནད་པ་དེ་ལ་རང་གི་མཁན་པོ་དང་སློབ་དཔོན་སོགས་ཀྱི་ནད་གཡོག་མེད་པ་ཡིན་ན། ནད་གཡོག་དགེ་འདུན་གྱིས་བསྐོ་དགོས་པ་དང་། དེ་ཡང་ནད་གཡོག་གཅིག་གིས་ནད་པའི་གཡོག་བྱ་མི་ཐུབ་ན་གཉིས་བསྐོ་ཞིང་། དེས་ཀྱང་མི་ནུས་ན་གསུམ་སོགས་མཐའ་དགེ་འདུན་ཐམས་ཅད་ནད་གཡོག་ཏུ་བསྐོ་དགོས་ན་ཡང་ངེས་པར་དེ་ལྟར་དུ་བསྐོ་དགོས། དེ་བཞིན་གཞོན་པ་ནས་རྒས་པའི་མཐར་ཐུག་པ་དང་། གསར་བུ་ནས་གནས་བརྟན་གྱི་མཐར་ཐུག་པའི་བར་བསྐོ་དགོས་ན་ཡང་དེ་ལྟར་བསྐོ་བ་གསུངས་འདུག
དེའི་འཕྲོར། “དགེ་འདུན་ལས་བྱུང་བའི་སྨན་ནི་ནད་པ་འབའ་ཞིག་གིས་སྤྱད་དུ་རུང་ངོ་། །”ཞེས་བྱུང་། དེའི་དོན་ནི་སྤྱིར་བཏང་དགོན་པ་གཞུང་གི་སྨན་མི་སྒེར་གྱིས་ལོངས་སྤྱོད་དུ་མི་རུང་མོད། འོན་ཀྱང་ནད་པ་ཡིན་ན་དེ་ཡང་ལོངས་སྤྱད་ཀྱང་ཉེས་པ་མེད་པར་གསུངས།
དེའི་འཕྲོར།“མེད་པ་ཉིད་ཡིན་ན་དེ་ནད་གཡོག་གིས་ཚོལ་དུ་གཞུག་གོ །མ་འབྱོར་ན་དགེ་འདུན་གྱིས་སྦྱིན་པ་བྱའོ། །”ཞེས་བྱུང་། དེའི་དོན་ནི་དགོན་པ་གཞུང་གི་སྨན་དང་ནད་པ་རང་གི་སྨན་མེད་པ་ཡིན་ན་ནད་གཡོག་གིས་སྦྱིན་བདག་གཞན་ལས་སྨན་འཚོལ་དགོས།
གལ་ཏེ་ནད་གཡོག་གིས་དེ་ལྟར་བཙལ་ན་ཡང་སྨན་དང་སྨན་གྱི་རིན་སྤྲོད་པའི་སྦྱིན་བདག་མ་རག་པ་ཡིན་ན། ད་གཟོད་དགེ་འདུན་སྤྱིའི་དཀོར་ལས་སྨན་བཅོས་ཀྱི་འགྲོ་གྲོན་དང་ནད་ཞི་བའི་ཐབས་སུ་འགྲོ་བའི་དངོས་པོ་གང་ཡོད་ཀྱང་ལེན་ཆོག་པར་གསུངས།
དེའི་འཕྲོར“མེད་ན་སངས་རྒྱས་ཀྱི་སྐུ་ལ་གསོལ་བ་མན་ཆད་ཀྱང་ངོ་། །”ཞེས་བྱུང་། དེའི་དོན་ནི། སྤྱིར་བཏང་འདུལ་བའི་ནང་དུ་སངས་རྒྱས་སྐུ་སོགས་ལ་ཕུལ་བའི་རྫས་ནི་སངས་རྒྱས་ཁོ་ན་ལ་དབང་བ་ཡིན་པས་དེ་སངས་རྒྱས་ལ་མཆོད་པ་འབུལ་རྒྱུའི་རྫས་ལྟ་བུའི་རིན་དུ་བེད་སྤྱད་ན་མ་གཏོགས་དགེ་འདུན་གྱིས་ལོངས་སྤྱོད་མི་རུང་བར་གསུངས་ཡོད།
འོན་ཀྱང་ནད་པའི་སྨན་བཅོས་ཀྱི་འགྲོ་གྲོན་དགོན་པ་གཞུང་ནས་ཀྱང་བཏང་མ་ཐུབ་པ་ཡིན་ན། སངས་རྒྱས་ཀྱི་སྐུ་གཟུགས་དང་མཆོད་རྟེན་སོགས་ལ་ཕུལ་བའི་ན་བཟའ་དང་རྒྱན་གང་ཡོད་པ་ཐམས་ཅད་ནད་པའི་སྨན་བཅོས་ཀྱི་འགྲོ་གྲོན་དུ་བཏང་དགོས་པར་གསུངས། དེང་སང་གི་ང་ཚོའི་བསམ་བློ་ལ་མཆོད་རྟེན་གྱི་ཕྲ་རྒྱན་དུ་བཏབ་པའི་གཟུ་བྱུར་སོགས་བླངས་ནས་ནད་པ་ཞིག་གི་སྨན་རིན་དུ་བཏང་ན། ད་ནི་བསྟན་པ་ཆེན་པོ་གཤིག་སོང་སྙམ་མོད་སྟོན་པའི་དགོངས་པ་རང་ནི་དེ་ལྟར་ཡིན་པར་འདུག
དེའི་འོག”དེ་གཉིས་ཀྱི་བླངས་པ་དེས་མ་ཤི་ལ་འབྱོར་པ་ཡོད་ན་གསབ་པར་ཉིད་དུ་བྱའོ།།”
ཞེས་གསུངས། དེའི་དོན་ནི། གལ་ཏེ་ནད་པ་དེ་མ་ཤི་བ་ཡིན་ན་དགོན་པ་གཞུང་གི་དཀོར་དང་སངས་རྒྱས་ཀྱི་དཀོར་ལས་བླངས་པ་དེ་བསབ་པའི་ནུས་པ་ཡོད་ན་བསབ་དགོས། འོན་ཀྱང་ནུས་པ་མེད་ན་ཕ་ཡི་ནོར་ལ་བུས་ལོངས་སྤྱད་པ་བཞིན་འོས་ཤིང་འཚམས་པ་ཡིན་པས་དེ་ལ་ཉེས་པ་ཅི་ཡང་མེད་པར་གསུངས་འདུག
འདུལ་བའི་ནང་དུ་བཅས་པའི་ཁ་ན་མ་ཐོ་བ་རྐྱང་པ་ཡིན་པའི་ནང་ནས་ཆང་གཅིག་པུ་མ་གཏོགས་གཞན་ཚང་མ་ནད་པ་ལ་གནང་བ་སྤྲད་ཡོད། དཔེར་ན་དགེ་སློང་གིས་ཕྱི་དྲོ་ཁ་ཟས་ཟོས་ན་ལྟུང་བྱེད་ཡིན་མོད།
འོན་ཀྱང་ནད་པ་ཡིན་ན་ལྟུང་མེད་ཡིན་པ་ལྟ་བུ་ཡིན། ཤཱཀྱ་མུ་ནེ་རང་ཉིད་སྐུ་དངོས་བཞུགས་པའི་སྐབས་སུ་དགེ་སློང་ཚོས་ཁྱིམ་པ་ལ་ངོ་སྤྲོད་རྒྱུའི་ཆོས་ཀྱི་ཉམས་ལེན་གཙོ་བོ་གཅིག་ནི་རྫས་ལས་བྱུང་བའི་བསོད་ནམས་བདུན་ཞེས་པ་དེ་ཡིན། དེའི་ཕན་ཡོན་མང་པོ་གསུངས་ཡོད། དེའི་ནང་དུ་ཡང་ནད་པ་དང་ནད་གཡོག་ལ་རོགས་བྱེད་པ་བགྲང་བར་མཛད། འདུལ་བའི་ནང་དུ་ཚུལ་ཁྲིམས་དང་ལྡན་པ་ནི་སེང་གེ་ལྟ་བུ་ཡིན་པ་དང་ཚུལ་ཁྲིམས་འཆལ་བ་ནི་ཝ་ལྟ་བུ་ཡིན་པས་སེང་གེ་ལྟ་བུས་ཝ་ལྟ་བུ་ལ་བསྙེན་བཀུར་མི་བྱ་བར་གསུངས། བསྙེན་བཀུར་མི་བྱ་ཞེས་པར་གོ་ནོར་བྱུང་མི་རུང་སྟེ། དེའི་དོན་ཞབས་འཁྲུ་བ་དང་ཕྱག་འཚལ་བ་སོགས་མི་བྱ་བའི་དོན་ལས་ཕན་འདོགས་མི་ཉན་པའི་དོན་དུ་འཁྲུལ་ན་མི་རུང་།
འོན་ཀྱང་ཚུལ་ཁྲིམས་འཆལ་ན་ཡང་ཚུལ་ཁྲིམས་ལྡན་པས་རྣམ་པ་ལྔ་ལ་བསྙེན་བཀུར་བྱ་དགོས་པར་གསུངས་ཤིང་། ལྔ་པོ་དེའི་ནང་དུ་ཡང་ནད་པ་བགྲང་བ་མཛད་འདུག མ་གཞི་ནས་ཁོང་གིས་སྡུག་བསྔལ་བའི་ཡུལ་ལ་དགེ་སྡིག་གང་ཞིག་བྱས་ཀྱང་ཕན་ཡོན་དང་ཉེས་དམིགས་གཞན་ལས་ཆེ་བར་དགོངས་ཀྱི་ཡོད།
སྡུག་བསྔལ་བའི་ཞིང་ཞེས་པ་ནི་སྡུག་བསྔལ་གྱིས་མནར་བའི་འགྲོ་བ་སྟེ། དཔེར་ན་ནད་པ་དང་རྒས་པ་དབང་པོ་སྐྱོན་ཅན་ལྟ་བུ་ཡིན། དེས་ན་ནད་པ་ལ་ཕན་གནོད་གང་ཞིག་བྱས་ཀྱང་དེ་ལྟར་དགེ་སྡིག་ཆེ་བ་དེ་ཁོང་གི་དགོངས་པ་ཡིན་པ་འདུག
ཁྱེད་ཅག་གིས་ཡིད་མི་ཆེས་ན་དེར་ཟད། གཞན་སྟོན་པའི་དགོངས་པར་སོང་བའི་ཆོས་རྣལ་མ་ཞིག་བྱེད་འདོད་ན། སྒོར་མོ་ཡོད་མཁན་རྣམས་ཀྱིས་འཚོ་བའི་འགྲོ་གྲོན་གང་ཐུབ་ཀྱིས་ཉུང་དུ་བཏང་ནས་ནད་པའི་སྨན་བཅོས་འགྲོ་གྲོན་གཏོང་བའི་རོགས་བྱ། སྒོར་མོ་མང་པོ་མེད་པ་དག་གིས་ཀྱང་ནད་གཡོག་བྱེད་པ་སོགས་བྱ་ཐུབ་ན་ཆོས་རྣལ་མ་ཞིག་ཡིན་པ་འདུག
ལྷག་པར་དགོན་པ་དག་གིས་ནི་གོང་དུ་སྟོན་པས་གསུངས་པ་ལྟར་དུ་སྒྲུབ་ཐུབ་ན་ལེགས་ཤིང་། ཅི་སྟེ་མ་བྱུང་ན་ཡང་ནད་པ་སྨན་བཅོས་བྱེད་དུ་དགོངས་པ་མི་སྟེར་བ་དང་ཆད་པ་གཅོད་པ་སོགས་ནི་ཤིན་ཏུ་ཐ་ཆད་ཀྱི་ལས་ཀ་ཡིན་པ་ཤེས་དགོས་པ་ལགས།
མཇུག་ཏུ་སྟོན་པ་གཅིག་པའི་ཆོས་གྲོགས་ཚོས་ཡིད་ལ་རྒྱུན་དུ་བསྲེལ་དགོས་པའི་མན་ངག་ཅིག་མཚམས་སྦྱོར་བྱ་སྟེ། མན་ངག་དེ་ནི་སྟོན་པས། “གང་ནད་པ་ལ་རིམ་གྲོ་བྱེད་པ་དེ་ནི་ང་ལ་རིམ་གྲོ་བྱེད་པ་ཡིན་ནོ། །”ཞེས་པ་དེའོ། །
·གསར་འགྱུར་གོང་མ:ཆུང་འབྲིང་སློབ་མའི་སློབ་གསོ་ནང་ཡུལ་སྐད་ལ་དོ་སྣང་བྱ་དགོས་པའི་གླེང་བ།
·གསར་འགྱུར་འོག་མ:བྱིས་པར་སློབ་གསོ་གཏོང་ཐབས་སྐུལ་ཚིག
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།70.31MS