གནམ་ལོ་གསར་ཚེས་ཀྱི་སྐབས་སུ་ལུག་མགོ་སྒྲིག་སྲོལ་ཡོད་པ་དེས་ཅི་ཞིག་མཚོན་པ་ཡིན་ནམ།
གནམ་ལོ་གསར་ཚེས་ཀྱི་སྐབས་སུ་ལུག་མགོ་སྒྲིག་སྲོལ་ཡོད་པ་དེས་ཅི་ཞིག་མཚོན་པ་ཡིན་ནམ། ཞེས་ཁྲི་ཀའི་ཀློག་མཁན་བུན་ཁྲང་གིས་ཕུལ།
ཀློག་མཁན་བུན་ཁྲང་ལགས།
ཁྱེད་ཀྱི་དྲི་བར་རེབ་གོང་རོང་བོ་དགོན་ཆེན་གྱི་ལྕང་སྐྱ་དགེ་འདུན་བཀྲ་ཤིས་ལགས་ཀྱིས་ལན་བསྐྱོན་པ་གཤམ་གསལ་ལྟར། གནམ་ལོ་གསར་ཚེས་ཀྱི་སྐབས་སུ། ལུག་མགོ་སྒྲིག་སྲོལ་ཡོད་པ་དེ་ལ་བཤད་སྲོལ་འགའ་ཞིག་ཡོད་པ་འདིར་བཀོད་ན། འགའ་ཞིག་གིས། བོད་ཀྱི་གདོད་མའི་བོན་གྱི་དམར་མཆོད་འབུལ་སྲོལ་གྱི་ཤན་ཞུགས་པར་བཤད། ཁ་ཅིག་གིས་བན་བོན་གཉིས་ཀྱི་གཏོ་ཆོས་སོགས་སུ། བླ་འགུགས་སྒྲུབ་སྐབས་ཕུར་བུའི་ནང་བླ་ལུག་ཕོ་མོ་གང་ཡིན་རྟགས་དང་ལྡན་པ་ཚོན་གྱིས་བརྒྱན་ཏེ་བཤམས་པ་དང༌། ཁྱད་པར་བླ་ལུག་དངོས་མདུན་དུ་བཏགས་ནས། བདེན་སྟོབས་ཀྱིས་སྦྱིན་བདག་གི་བླ་ཚེ་ཡེར་པ་ཐོར་པ་ཁྱེར་པ་ཉམས་པ་བརྐུས་པ་ཕྲོགས་པ། རང་དབང་མེད་པར་བཀུགས་ཏེ། མདུན་གྱི་བླ་རྟེན་ལ་བསྟིམས་ནས། ཀྱེ། བླ་ཡི་ལུ་གུ་དཀར་པོ་ལ། །
ཡ་མཚན་ཅན་གྱི་དར་སྣས་བརྒྱན། ། བླ་ཡི་རྟེན་དུ་ཁྱེད་ལ་འབུལ། ། བླ་རྐང་གཡས་པ་བླ་ཡི་རྟེན། ། བླ་རྐང་འདི་ལ་བླ་ཁུག་ཅིག། ཅེས་བླ་རྟེན་དུ་ལུག་འབུལ་ཕུད་དེ་ཚེ་ཐར་དུ་གཏོང་སྲོལ་ཡོད་པ་དེ། རིམ་གྱིས་སྟབས་བདེར་བཟོས་ཏེ། ལུག་མགོའི་མཆོད་པ་སྒྲིག་སྲོལ་དུ་གྱུར་པར་བཤད། ལ་ལས་བོད་ཀྱི་སྲིད་བློན་ཆེན་པོ་བཞིས། བོད་རྒྱལ་ལ་རྒྱ་བཟའ་ཞིག་བཞེས་དགོས་པའི་གྲོས་བྱེད་སྐབས། སོ་སོས་ཤ་གཟུག་རེ་ཁྱེར་ཏེ། འོ་ཐང་གི་མཚོ་འགྲམ་ན་སྟར་ཁའི་སྡོང་བོ་ཞིག་ཡོད་པ་དེའི་བསིལ་གྲིབ་ལ་འཛོམས་དུས། ལུག་ཤ་ཆ་ཚང་ཞིག་ཆགས་པ་ཡིན། ཁོང་ཚོས་ཤ་བུབས་དེ་ཟ་ཞོར། གྲོས་བསྡུར་བརྒྱུད་དོན་སྙིང་ལྡན་པའི་བྱ་བཞག་ཅིག་བསྒྲུབས་པས། ཕྱིས་སུ་ཚང་མས་དེ་རྟེན་འབྲེལ་བཟང་ཤོས་ཤིག་ཏུ་བརྩིས་ཏེ། གནམ་ལོ་གསར་ཚེས་དང་དོན་སྙིང་ལྡན་པའི་བྱ་བ་སྒྲུབ་ཚེ། ཤ་ཁོག་སྒྲིག་སྲོལ་དར། རིམ་གྱིས་དེ་སྟབས་བདེར་བཏང་སྟེ། ལུག་མགོ་སྒྲིག་སྲོལ་དར་བ་ཡིན་པར་བཤད་པ་དང༌། གཞན་ཡང་དབུས་གཙང་ཆོས་འབྱུང་དུ་སྤྱི་ལོ 882ལོར་བོད་ཐང་གཉིས་ཀྱིས་ལྷ་ས་རུ་ཕན་ཚུན་བར་མནའ་བཞག་མཛད་ནས། ར་ལུག་གི་གཟུགས་བརྙན་སྣ་ཚོགས་མར་གྱིས་བཟོས་ཏེ་མཆོད་འབུལ་བྱེད་སྲོལ་ཡོད་པར་ཡང་བཤད་དོ། ། རྗེའི་རྣམ་ཐར་ཆེན་མོ་ལས་ཀྱང༌། སྐྱོར་མོ་ལུང་བའི་སྦྱིན་བདག་རྣམས་ཀྱིས་ཞུས་ཚེ། འབུལ་བ་སྤམ་མི་དམན་པ་ཕུལ་པའི་ནང་དུ་ལུག་མགོ་བདུན་ཀྱང་ཕུལ་པར་གསུངས་ཡོད་དོ། །