འཆི་མེད་དབང་མོས་གསེར་གྱི་བྱ་རྒོད་རྟགས་མ་འདུ་ཚོགས་སྐབས་ཉེར་བདུན་པའི་ཆེས་ཕུལ་དུ་བྱུང་བའི་བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པའི་བྱ་དགའ་ཐོབ།
ཟླ་བ་བཅུ་པའི་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར། ཀྲུང་གོའི་གསེར་གྱི་བྱ་རྒོད་བརྙན་འཕྲིན་སྒྱུ་རྩལ་འདུ་ཚོགས་སྐབས་བཅུ་པ་དང་ཀྲུང་གོའི་བརྙན་འཕྲིན་གསེར་གྱི་བྱ་རྒོད་རྟགས་མ་སྤྲོད་པའི་མཛད་སྒོ་དེ་ཧུའུ་ནན་ཁྲང་ཧྲ་གྲོང་ཁྱེར་དུ་སྤེལ་བ་རེད། དགོང་ཚོགས་ཡུལ་དངོས་སུ་གཟིགས་མོ་བ་ཆེས་དགའ་བའི་མུ་འབྲེལ་བརྙན་འཕྲིན་གྱི་འཁྲབ་སྟོན་པ་དང་། ཆེས་ཕུལ་དུ་བྱུང་བའི་མུ་འབྲེལ་བརྙན་འཕྲིན་གྱི་འཁྲབ་ཁྲིད་པ། ཆེས་ཕུལ་དུ་བྱུང་བའི་བརྙན་འཕྲིན་ ལེ་ཚན་གྱི་མདོ་འཛིན་པ་སོགས་བྱ་དགའི་རྣམ་གྲངས་ཆེན་མོ་བརྒྱད་གསལ་བསྒྲགས་བྱས་ཤིང་། ཁམས་པའི་བརྙན་འཕྲིན་ཁང་གི་དབུ་བཞུགས་མདོ་འཛིན་པ་འཆི་མེད་དབང་མོས་ཆེས་ཕུལ་དུ་བྱུང་བའི་བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པའི་བྱ་དགའ་ཐོབ་པ་རེད།
ཆེས་ཕུལ་དུ་བྱུང་བའི་བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པ་ནི་གཟིགས་མོ་བ་རྣམས་ཀྱིས་འདེམ་ཤོག་འཕེན་ནས་བདམས་པ་དང་། ཀྲུང་གོའི་བརྙན་འཕྲིན་མཐུན་ཚོགས་ཀྱི་ཚོགས་མི་དང་ཆེད་མཁས་པ་རྣམས་མཉམ་དུ་དཔྱད་འདེམ་བྱས་ནས་གཏན་ཁེལ་བྱས་པ་རེད། ཐེངས་འདིར། ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་འཆི་མེད་དབང་མོ་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཀྲུའུ་ཞུང་རྣམ་གཉིས་རྒྱལ་ཡོངས་ཀྱི་གདམ་བྱའི་ནང་དུ་ཚུད་པའི་མདོ་འཛིན་པ་ང་བརྒྱད་ནང་དུ་རྩེར་འབུར་ཏེ། བྱ་དགའ་འདི་ཐོབ་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོའི་བརྙན་འཕྲིན་གྱི་གསེར་གྱི་བྱ་རྒོད་རྟགས་མ་འདི་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཆོག་མཆན་གནང་བའི་རྒྱལག་ཡོངས་རང་བཞིན་གྱི་བརྙན་འཕྲིན་སྒྱུ་རྩལ་ཕྱོགས་བསྡུས་ཀྱི་བྱ་དགའ་ཡིན། ལོ་སོར་གཅིག་གི་ལོ་རྒྱུས་བརྒྱུད་རིམ་ནང་། གསེར་གྱི་བྱ་རྒོད་རྟགས་མ་དཔྱད་འདེམ་ནི་བརྙན་འཕྲིན་སྒྱུ་རྩལ་གྱི་སྤུས་ལེགས་བརྩམས་ཆོས་ལ་སྐུལ་བ་དང་། བརྙན་འཕྲིན་སྒྱུ་རྩལ་གྱི་འཇོན་མི་ཕུལ་བྱུང་ཅན་རྣམས་གཟེངས་བསྟོད་བྱས་པ་བརྒྱུད། རང་རྒྱལ་གྱི་བརྙན་འཕྲིན་སྒྱུ་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བར་བྱས་རྗེས་ཆེན་མོ་བཞག་ཡོད་པ་རེད།
ཁམས་པའི་བརྙན་འཕྲིན་ཁང་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། འཆི་མེད་དབང་མོའང་རིམ་བཞིན་རྒྱལ་ཡོངས་བོད་ཁུལ་གྱི་ཕུལ་དུ་བྱུང་བའི་བོད་རྒྱ་སྐད་གཉིས་ཀྱི་མདོ་འཛིན་པར་གྱུར་བ་རེད། ༢༠༡༡ལོར། མོ་ནི་སི་ཁྲོན་བརྙན་འཕྲིན་གྱི་སི་ཁྲོན་གསར་འགྱུར་ལེ་ཚན་གྱི་བོད་ཀྱི་མདོ་འཛིན་པ་དང་པོར་གྱུར་ཞིང་། ༢༠༡༢ལོར་ལོ་འཁོར་གྱི་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ཁང་གི་ཕུལ་བྱུང་མདོ་འཛིན་པ་བཅུའི་མཚན་སྙན་ཐོབ་པ་རེད། ༢༠༡༣ལོར། སྐབས་བརྒྱད་པའི་རྒྱལ་ཡོངས་ཀུན་སྤྱོད་དང་ནུས་རྩལ་གཉིས་ལྡན་གྱི་བརྙན་འཕྲིན་སྒྱུ་རྩལ་ལས་སྒྲུབ་པའི་མཚན་སྙན་ཐོབ། ཁམས་པའི་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་དང་བོད་རྒྱ་སྐད་གཉིས་འགྲན་བསྡུར་སོགས་དགོང་ཚོགས་ཆེན་གྲས་དང་བཅས་པའི་བོད་ཁུལ་གྱི་རིག་རྩལ་བྱ་འགུལ་མང་པོའི་ཁྲོད་དུ་མོའི་མདོ་འཛིན་བྱེད་པའི་སྣང་བརྙན་ང་ཚོས་མཐོང་ཐུབ་པ་རེད།

འཆི་མེད་དབང་མོ་ལགས་ནི་སྤྱི་ལོར2000 ལོར་དར་མདོ་མི་རིགས་དགེ་འོས་སློབ་ཆེན་ནས་མཐར་ཕྱིན་ལ། ལོ་དེར་དར་མདོ་རྫོང་བརྙན་འཕྲིན་ཁང་དུ་ཕྱག་ལས་གནང་། གཙོ་བོ་མདོ་འཛིན་དང་། གསར་འགོད་པ། བོད་རྒྱ་སྐད་གཉིས་ལོ་ཙཱ་སོགས་ཀྱི་ལས་ཀ་གཉེར་ནས་སྨྱན་སྦྱོར་བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས། 2009ལོའི་ཟླ9པ་ནས་ཁམས་པ་བོད་སྐད་བརྙན་འཕྲིན་དུ་ལས་གནས་སྤོར་ནས་གསར་འགྱུར་རྒྱང་སྒྲོག་པའི་འགན་བཞེས་ཀྱིན་ཡོད་པ་རེད།