བོད་རིགས་ཀྱི་ཚོང་ལས་གནས་བབས།
ལས་རིགས་གང་ཞིག་གཉེར་ཡང་། མར་ནས་ཡར་འཛེག་པ་མི་རིགས་གཞན་དང་། ཡར་ནས་མར་ལྷུང་བ་ང་ཚོ་བོད་པ་བའི་གཤིས་སུ་གྲུབ་འདུག དཔེར་མཚོན་ཙམ་ཞིག་ཞུས་ན་འདི་ལྟ་ལྟེ། ཆེ་ས་ནས་མཚོན་ན་ཟ་ཁང་ངམ་ཚོང་ཁང་ཞིག་འཛུགས་པའི་དབང་དུ་བཏང་ན། ང་ཚོ་བོད་པ་བས་རྒྱ་ཆེ་ཞིང་ཁོད་ཡངས་པའི་ཁང་པ་ཆེན་པོ་སྐྲུན་པ་འམ་ཡང་ན་གླས་་ནས་འགྲོ་སྒོ་ཆེན་པོ་ཞིག་བཏང་། དེ་ལ་རྒྱན་སྤྲས་ཕུན་སུམ་ཚོགས་པ་བླ་ན་མེད་པ་ཞིག་བྱས་ནས་དེ་ལ་ཡང་འགྲོ་སྒོ་ཆེན་པོ་པོ་བཏང་། སྒྲིག་ཆས་དང་ཉེར་སྤྱད་སོགས་ཀྱང་སྤུས་གཙང་དང་གོང་ཆེན་དག་དག་བྱིན་ནས་དེ་ལ་ཡང་འགྲོ་སྒོ་ཆེན་པོ་བཏང་། ལས་སྒྲུབ་ཀྱི་མི་ཡང་མང་པོ་གླས་ནས་འགྲོ་སྒོ་མང་པོ་གཏང་བའི་མཐར་བྱ་བ་དངོས་སྒྲུབ་པའི་སྐབས་ན། ནང་སྔ་མོ་ལང་མི་ཐུབ། དགོང་མོ་འཕྱི་ཉལ་མི་ཐུབ། དུས་ངེས་གཏན་ལྟར་ཁང་པ་སྒོ་མི་ཕྱེ།
དེ་རིང་སྒོ་ཕྱེས་ཡོད་ན་སང་ཉིན་སྒོ་ཕྱེས་མེད་པ། སྔ་དྲོ་སྒོ་ཕྱེས་ཡོན་ན་ཕྱི་དྲོ་སྒོ་ཕྱེས་མེད་པ། མགྲོན་པོ་ཡོང་དུས་སྣེ་ལེན་དང་རྣམ་འགྱུར་བཟང་པོ་བསྟན་མི་ཤེས་པ། མགྲོན་པོས་བསམ་འཆར་བཤད་འོང་དུས་དང་ལེན་མེད་པར་སྡིག་མོ་དང་བཙན་གཏམ་བཀོལ་བ། ནང་ཁུལ་དུ་མཐུན་སྒྲིལ་མེད་པས་ཁྱོད་འགྲོ་ན་ང་ཡང་འགྲོ་ལྟ་བུ། ཁྱོད་འདུག་ན་ང་ཡང་འདུག་ལྟ་བུ། ཁྱོས་སྒྲུབ་ན་ངས་ཀྱང་སྒྲུབ་ལྟ་བུ། སྒྲིག་ལམ་དང་སྤྱི་སེམས་མེད་པས་ཉིན་བཞིན་ཇེ་ངན་ཇེ་སྡུག་སོང་ནས་མཐར་སྒོ་རྒྱབ་ནས་བསྡད་པ་གང་མང་མཐོང་། རྒྱ་རིགས་དང་ཧོས་རིགས་སོགས་མི་རིགས་གཞན་པས་སྤུས་གཙང་སྟབས་བདེ་བའི་ཁང་པ་ཞིག་གླས། དེ་ལ་རྒྱན་སྤྲས་དང་སྒྲིག་ཆས་སོགས་ཀྱང་སྤུས་གཙང་སྟབས་བདེ་ཁོ་ན་སྒྲིག ལས་སྒྲུབ་མི་སྣ་ཉུང་ཡང་བརྩོན་པ་ཆེན་པོས་ནང་སྔ་ལང་དང་དགོངས་འཕྱི་ཉལ། སྒྲིག་ཆས་ལ་གཅེས་སྤྲས་ཆེ་ཞིང་། མགྲོན་པོར་སྣེ་ལེན་དང་རྣམ་འགྱུར་བཟང་པོའི་སྒོ་ནས་ཉིན་ནས་ཟླ་ཟླ་ནས་ལོ་ལོ་ནས་ལོ་ཡི་བར་དུ་བརྩོན་པ་རྒྱབ་མཐར་ཕྱུག་པོ་གཏེར་བདག་ཏུ་གྱུར་པ་གང་མང་མཐོང་། ཆུང་ས་ཞིག་ནས་ས་ལས་རྡོ་ལས་ལྟ་བུར་མཚོན་ན། ང་ཚོ་བོད་པ་བས་ཧར་སྒྲ་དང་ཧུར་སྒྲ་བཅས་ཁེམ་དང་འཇོར་ཐོགས་ནས་ས་རྐོ་རྡོ་སློག་གི་རྣམ་པ་ཧུར་ཡང་ཆུ་ཚོད་ཕྱེད་ཀ་འམ་གཅིག་གི་རྗེས་ནས་ཐང་ལ་ནར་རེ་ཉལ་ནས་མཐར་ལས་དཀའ་དེ་ཉིད་སྐྱུར་པ་གང་མང་མཐོང་། མི་རིགས་གཞན་པས་དལ་བྲེལ་མེད་པའི་སྒོ་ནས་ལས་དཀའ་དེ་ཉིད་དུས་ཚོད་དང་འཆར་གཞིའི་ནང་ལྟར་འགྲུབ་ཀྱི་འདུག་གོ། མདོ་རྩ་བཤད་ན་ངས་ང་ཚོའི་མི་རིགས་འདིས་བྱ་བཞག་གང་ཞིག་གཉེར་ཡང་བརྩོན་པ་དང་རྒྱུན་སྲིང་མི་ཐུབ་ཁུ་ཟེར་བ་ཡིན། མི་རིགས་གཞན་པས་ཀྱང་ང་ཚོར་དེ་ལྟར་རྗོད་ནས་བརྙས་དམོད་བྱེད་བཞིན་ཡོད་པ་ཐོས།
ད་ནི་ང་ཚོས་གསོལ་འདེབས་དང་སྨོན་ལམ་ཁོ་ན་གཏབས་ནས་བྱ་བཞག་སྣ་ཚོགས་འགྲུབ་པར་རེ་བ་འཆང་ནས་འདུག་གམ། ཡང་ན་བརྩོན་པ་དང་རྒྱུན་སྲིང་ཐུབ་པའི་གདམ་ངག་གཞན་ནས་ཞུས་སྟེ་ཉམས་ལེན་སྙིང་པོར། རང་སེམས་ལ་རང་གིས་དྲི་རྟགས་བཀོད་ནས། རང་སེམས་རང་གིས་བཤའ་བཅོས་བྱས་ནས། རང་ཉིད་ལ་རང་གིས་སྒྱུར་བཅོས་གཏང་ནས། རང་ཉིད་མི་སྤུས་ཚད་དང་ལྡན་པ་ཞིག་ཏུ་འགྱུར་བར་འབད་དམ། ལམ་འདི་གཉིས་ཀྱི་གདམ་ཀ་རང་གི་ལག་ན་འདུག་གོ།