ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> དམངས་སྲོལ
  གསར་འགྱུར་ཀློག་པ།

ཇ་ཡི་སྐོར་བཤད་པ།

[རྩོམ་པ་པོ:ཚངས་དབང་དགེ་འདུན་བསྟན་པ།  ཡོང་ཁུངས:གཟི་ལམ།  དུས་ཚོད:2014/7/5 23:02:09  བཀླགས་ཐེངས:1074][ཡིག་གཟུགས:ཡིག་གཟུགས་མདོག]

ཇ་ཡི་སྐོར་བཤད་པ།

 

ཚངས་དབང་དགེ་འདུན་བསྟན་པ། 


        ཇ་ནི།       བོད་མི་རིགས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་ཞིང་།  ཇ་དང་འབྲེལ་བའི་རིག་གནས་ཀྱང་ཕུན་སུམ་ཚོགས་པ་ཞིག་ཡོད།   དེ་ཡང་གཙོ་བོ་བོད་ཡུལ་གྱི་སྤྱི་ཚོགས་ཁོར་ཡུག་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་དེ།   བོད་ཀྱི་ཁོར་ཡུག་མང་ཤས་ནི་གྲང་ལྷགས་ཆེ་བས་བོད་པ་ཚོས་རང་བཞིན་གྱིས་དྲོད་ཁམས་རིགས་ཀྱི་ཁ་ཟས་འཚོལ་བ་ནི་རང་བཞིན་གྱི་གནས་ཚུལ་ཞིག་རེད།  དེའི་ཕྱིར། བོད་མི་རིགས་ཀྱིས་བོད་ཀྱི་ཇ་ནི་མེ་སྟོབས་ཀྱི་རང་བཞིན་ཅན་ཡིན་པས་ཟས་མ་ཞུ་བ་དང་གྲང་ལྷགས་འགོག་པ་དང་།   ལུས་ཁམས་གསོ་ཞིང་འབྱུང་བ་ཆ་སྙོམས་པ་ལ་ཕན་ཐོགས་དམིགས་བསལ་མཆིས་པ་སྔ་མོ་ནས་ཤེས་རྟོགས་བྱུང་ཡོད།    ཇ་རྟའི་ལམ་བྱ་བ་ནི།      ཕྱི་ནས་བལྟས་ན་བོད་རྒྱ་མི་རིགས་གཉིས་བར་གྱི་ཚོང་ལམ་ཞིག་ཡིན་ཞིང་།   དོན་དུ་ཆབ་སྲིད་ཀྱི་དགོས་མཁོ་གལ་གནད་ཅིག་ཀྱང་རེད།     དུང་དཀར་ཚང་གིས།   བོད་དུ་གནམ་གཤིས་གྲང་བའི་སྟབས་ཀྱིས་ཇ་ཤིང་འདེབས་གསོ་བྱེད་ཐུབ་པའི་ཆ་རྐྱེན་མེད་པར་བརྟེན།  མདོ་སྨད་ནས་ཐོན་པའི་རྟ་དང་ ཇ་གཉིས་ཕན་ཚུན་བརྗེ་འཚོང་བྱས་པའི་ལོ་རྒྱུས་དུས་ཡུན་རིང་བོ་བྱུང་སྟེ།    རྒྱ་བོད་མི་རིགས་བར་ཇ་རྟའི་ཚོང་འབྲེལ་བྱུང་བའི་བརྒྱུད་ལམ་དེ་ལ་ཇ་རྟའི་ལམ་ཞེས་གྲགས་པར་བཤད་དོ།།   ཞེས་བཤད།   ཐང་རྒྱལ་རབས་ནས་བཟུང་བོད་རྒྱའི་བར་ལ་ཐེངས་དུ་མར་གཡུལ་བཀྱེས་ནས་ཕན་ཚུན་ལ་ཕམ་ཁ་མང་དུ་བྱུང་བ་དང་།   ཕྱིས་སུ་རྒྱ་ནག་གིས་བོད་ལ་ཇ་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་གཞི་ནས་ཤེས་རྗེས་བོད་ཀྱི་རྟ་དང་ཇ་བརྗེ་རེས་བྱས་པའི་ལམ་ལུགས་བྱུང་བ་ལ་བརྟེན་ནས་ཇ་རྟའི་ལམ་བྱ་བའི་གནས་ཚུལ་འདི་དངོས་སུ་བྱུང་བའི་མགོ་བརྩམས་པ་རེད།  སྐབས་འགར་རྒྱ་བོད་བར་ལ་འགལ་བ་བྱུང་དུས་རྒྱ་ནག་གིས་ཇ་འབྱུང་སའི་ཡུལ་ལུང་རྣམས་ཆེད་དུ་ཇུས་གཏོགས་བྱས་ཏེ་བོད་ལ་ཇ་བོར་འདྲེན་བྱེད་པའི་བགྲོད་ལམ་བཀག་སྟེ།  ཇ་རྟའི་ལམ་འགྲུལ་གཅོད་པའི་གནས་ཚུལ་རབས་དང་རིམ་པར་བྱུང་།   གནས་ཚུལ་འདི་ཧ་ལམ་མན་ཇིའི་རྒྱལ་རབས་མཇུག་རྫོགས་ཀྱི་བར་བྱུང་ཡོད།     
      སྤྱིར་བོད་དུ་ཇ་བྱུང་ཚུལ་ལ།     སྟག་ཚང་དཔལ་འབྱོར་བཟང་བོའི༼རྒྱ་བོད་ཡིག་ཚང༽ ་ཆེན་མོ་ལས།    བོད་ལ་ཇ་ནི་འདུས་སྲོང་མང་རྗེའི་སྐབས་སུ་བྱུང་བར་བཤད་པས།   ད་ལྟ་མང་ཤོས་ཀྱིས་དེ་བདེན་པར་འཛིན་ཏེ་ལུང་འདྲེན་གནང་གིན་འདུག   འོན་ཏེ།  ངེད་ཀྱི་སེམས་ལ་དེའི་སྔོན་ཞིག་ནས་བོད་ལ་ཇ་དར་ཡོད་འདུག་འདོད་དེ།   རྒྱུ་མཚན་ནི།        འདས་པའི་ལོ་རྒྱུས་ལས་ཤེས་པ་ཡིན་ན་བོད་ལ་ཇ་དར་བའི་ཡུལ་གཉིས་ཏེ།     གཅིག་ནི་གཡག་རྔ་བྱ་བའི་ཡུལ་དང་།   ཅིག་ཤོས་ནི་ཟུང་ཆུ་ས་ཁུལ་ཡིན་ཞེས་འཁོད་ཡོད།     དེས་ན་ས་ཆ་དེ་གཉིས་གང་ཡིན་ཡང་བཙན་པོ་འདུས་སྲོང་མང་པོ་རྗེའི་སྐབས་སུ་མགར་ཁྲི་འབྲིང་གིས་གོང་གི་ས་གནས་དེ་དག་ལ་ཡོངས་སུ་དབང་བསྒྱུར་བྱས་ཟིན་པའི་གནས་ཚུལ་༼ཏུན་ཧོང་གཏེར་ཡིག༽་སོགས་སུ་ཤིན་ཏུ་གསལ་བས།   ༼རྒྱ་བོད་ཡིག་ཚང་༽་དུ་བཤད་པའི་དེ་འདྲའི་རྒྱུས་མེད་པའི་གནས་ཚུལ་ཞིག་རྩ་བ་ཉིད་ནས་མ་རེད་ལ།    སྐབས་དེར་ཟུང་ཆུ་དང་གཡག་རྔ་ས་ཁུལ་དུ་འདུས་སྡོད་བྱེད་པའི་མི་རིགས་ནི་བོད་མི་ཡིན་ཕྱིན།     ཇའི་གནས་ཚུལ་ཤེས་མཁན་ཐོག་མ་ནི་ས་གནས་དེར་སྡོད་པའི་མི་སྡེའམ་ཚོ་ཁག་དག་གིས་ཡིན་པ་བཤད་མ་དགོས་པ་ཞིག་རེད།       དེའི་ཕྱིར།     ངེད་ཀྱིས་ཡང་བསྐྱར་འདིའི་སྐོར་ལ་ཅ་ལག་དང་ཡིག་ཚང་གཉིས་ཐོག་ནས་རྟོག་ཞིབ་བྱེད་པའི་ལས་ལ་གཉེར་བ་ཡིན།
        བོད་རྒྱའི་ཚིག་མཛོད་དང་སྨན་ཡིག་ཁ་ཅིག་གི་ནང་བོད་ཀྱི་ཇ་བྱ་བའི་ཡི་གེ་ནི།.   རྒྱ་ཡིག་གི་ཁྲ་་ཞེས་པའི་སྒྲ་གདངས་ཟུར་ཆག་པ་ཡིན་ཚུལ་བཤད་ཡོད།     (འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས་ཀྱང་དེ་ལྟར་བཤད་ཡོད) འོན་ཏེ།   བདག་གིས་བཤད་ཚུལ་དེ་དག་ནི་མ་དག་པར་འདོད་དེ།    དེ་ཅི་ཡིན་ཞེ་ན།   ཧྲང་ཧེ་དཔེ་སྐྲུན་ཁང་གིས་བསྐྲུན་པའི་༼རྒྱ་ཡིག་གི་ཚིག་མཛོད་ཆེན་མོ༽་རུ།    རྒྱ་ཡིག་གི་ཁྲ་(茶)བྱ་བའ་མིང་བརྡ་འདི་ནི།   ཐང་རྒྱལ་རབས་ཀྱི་རྒྱལ་མོ་ཝོ་ཙུ་ཐིན་གྱི་རིང་ལ་བྱུང་བར་བཤད་ཅིང་།    དེའི་ཡར་སྔོན་དུ་ཁྲ་བྱ་བའི་ཡི་གེའི་ཚབ་ཏུ་རྒྱ་ཡིག་གི་འདི་བེད་སྤྱོད་གཏོང་གི་ཡོད་ཅེས་འཁོད་ཡོད། རྒྱ་ནང་གི་མཁས་པ་ཚོས་རྒྱ་ཡིག་གི་བྱ་བའི་ཡི་གེ་དང་སྒྲ་གདངས་རྣམས་ཟི་ཁྲོན་གཡག་རྔ་ས་ཁུལ་གྱི་མི་རྣམས་ཀྱི་སྐད་རེད་ཅེས་ཟེར།      དེས་ན་ཟི་ཁྲོན་གཡག་རྔ་ས་ཁུལ་དུ་བཤད་པའི་ཇ་ནི་བོད་སྐད་ཀྱི་ཇའི་སྒྲ་གདངས་དང་ཐག་ཉེ་བའི་རྒྱུ་མཚན་ནི་ས་གནས་དེ་དག་གི་མི་སྡེ་རྣམས་ནི་བོད་རིགས་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནོ།།       རྒྱལ་རོང་གི་ལོ་རྒྱུས་རྣམས་སུ་གཡག་རྔ་ནི།   རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་གྲས་ཡིན་པར་བཤད་པ་དང་།  གནས་བརྟན་ཚེ་རིང་དང་དཀོན་མཆོག་རྡོ་རྗེ་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི་༼རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ངོ་སྤྲོད་མདོར་བསྡུས༽་བྱ་བ་ལས།    འགག་སྨད་རྒྱལ་བོ་ནི།    (天全六番土司)མགོ་སྨད་དང་།     འགག་སྨད།    འགུ་སྨད་ཀྱང་ཟེར།   ལྕགས་ཟམ་རྫོང་གི་རྒྱ་ཡིག་གི་ལོ་རྒྱུས་དཔྱད་ཡིག་ནང་བཀོད་པ་ལྟར་ན།    ཀྲུའུ་དང་ཆིང་རྒྱལ་རབས་ཀྱི་དུས་སུ་ད་ལྟའི་ལྕགས་ཟམ་གྱི་ཧྲེན་ཚུན་ས་ཆ་དེ་ཆེས་དར་རྒྱས་བྱུང་ནས་མངའ་འོག་ཏུ་ད་ལྟའི་གཡག་རྔའི་ཧན་ཡོན་དང་།     རོང་ཅིན།    ཐན་ཆོན་གྱི་སི་དབྱང་།     ལུའུ་ཧྲན།    པའོ་ཞིན།     ཡོན་ཡོན།    ཧྲི་མན་དང་། ལིའང་ཧྲན་ཁུལ་གྱི་ཡོན་པད།    མུ་ལི།    དཀར་མཛེས་ཁུལ་བརྒྱད་ཟིལ་དང་།  ཉག་སྨད།  དར་མདོ།   རྟའུ་སོགས་རྫོང་བཅུ་བཞི་ཙམ་ཧྲེན་གྱི་མངའ་འོག་ཡིན་ནོ།།     ཡོན་རྒྱལ་རབས་ཀྱི་དུས་སུ་ད་ལྟའི་ལྕགས་ཟམ་རྫོང་གི་ནིང་ཀྲུའུ་དང་།     ཏུའོ་ཆིན།  ལིང་ཅི།   ཧྲེན་ཚུན།    ཚ་ཏའོ།    ངག་ཀྲུའུ་སོགས་ཀྱི་ས་གནས་མང་པོ་ཞིག་ཐན་ཆོན་གྱི་འགག་སྨད་རྒྱལ་པོའི་མངའ་འོག་ཏུ་གྱུར་ཅིང་། ལྕགས་ཟམ་གྱི་རྒྱལ་མོ་རྔུལ་ཆུའི་ཤར་རྒྱུད་ནས་ཐན་ཆོན་(天全)བར་འགག་སྨད་རྒྱལ་པོའི་མངའ་འོག་ཏུ་གྱུར།   འགུ་ཐང་དང་།   རྒྱལ་མོ་རྔུལ་ཆུའི་ནུབ་རྒྱུད་། (长河西)   ནིང་ཡོན་(天全饶吉乡)སོགས་ནི་འགག་ལརྒྱལ་པོའི་མངའ་འོག་ཏུ་གྱུར།     རྒྱལ་པོ་འདིའི་རྒྱལ་ས་ནི་ད་ལྟ་ཐན་ཆོན་གྱི་རབ་རྒྱས་ཤང་དུ་ཆགས་ཡོད།     ཅེས་གསལ་ཞིང་།    ཡང་མུ་ཕྱི་རྒྱལ་པོ།     མུ་ཕྱིའི།    མུ་ཕྱིས།    མི་ཕམ་སོགས་བྲིས་འདུག   རྒྱལ་བོ་དེ་ནི་སྤྱི་ལོ་སྔོན་གྱི་ལོ་ཉིས་བརྒྱ་ཉི་ཤུའི་སྐབས་ནས་གཡག་རྔ་ས་ཆར་གནས་བཅས་ཡོད་ཅིང་།      ཆེས་དར་སྐབས་ད་ལྟའི་གཡག་རྔ་སོགས་ཀྱི་རྫོང་ཁག་དྲུག་ཙམ་གྱི་ས་ཆ་མངའ་འོག་ཏུ་ཚུད་ཡོད།    ཅེས་འཁོད་ཡོད་པ་སོགས་ལ་གཞིགས་ན།     གཡག་རྔ་ས་ཁུལ་ནི་དེ་སྔོན་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་པ་ཤེས་ཐུབ་བོ།།   
     གཞན་ཟི་ཁྲོན་དམངས་ཁྲོད་ཀྱི་བཤད་རྒྱུན་ལ།  སྔོན་ལིག་པེ་དང་ཀྲོའུ་ཀི་ལིངས་སོགས་ཁྲིན་ཏོའུ་(འགའ་ཞིག་གིས་ཁྲི་འདུ་ཞེས་བོད་སྐད་ཡིན་པར་བཤད)ལ་མ་ཡོང་གོང་དུ་ཡུལ་འདིར་བོད་རིགས་སྡོད་ཡོད་ཅིང་།  ཀྲོའུ་ཀི་ལིངས་ཀྱིས་ཡུལ་འདིའི་རྒྱལ་པོ་ལ་ས་བསླངས་པས་།      རྒྱལ་པོས་ཅི ་འདྲ་ཞིག་དགོས་སམ་དྲིས་པ་ན།    ཀྲོའུ་ཀི་ལིངས་ཀྱིས་མདའ་མཁན་གྲགས་ཅན་ཞིག་གིས་མདའ་འཕངས་ཚད་ཀྱི་ས་བྱིན་ན་ཆོག་ཅེས་པ་ལ།    རྒྱལ་པོའི་སེམས་ལ་དེ་འདྲ་ཞིག་སྟེར་ལོས་ཆོག་ཅེས་ཏེ་ཁས་བླངས་སོ།།       ཀྲོའུ་ཀི་ལིངས་ཀྱིས་མདའ་རྟགས་ཅན་ཆ་གཉིས་བཟོས་ཏེ།  གཅིག་སྔ་མོ་ནས་ཨར་ལིང་རི་བོའི་ཚུར་ངོས་ཀྱི་སྡོང་རྒན་ཞིག་ལ་བཏབ་སྟེ་བཞག     མདའ་གཅིག་ཆར་བ་བབས་ནས་སྨུག་ལོང་མཐུག་པོ་ཆགས་པའི་ཉིན་ཞིག་ལ་རྒྱལ་པོས་བོས་ནས་སྨུག་གསེང་དུ་མདའ་འཕངས་པའི་ཕྱོགས་སུ་མདའ་འཚོལ་བར་ཕྱིན་པ་ན།   ཨར་ལིངས་རི་བོའི་ཚུར་ངོས་སུ་རྙེད་པས།    རྒྱལ་པོ་སྨྲ་བ་ལན་གཅིག་ཅེས་པ་ལྟར་རྒྱལ་འབངས་དང་བཅས་ཨར་ལིང་རི་བོའི་ཕ་རོལ་དུ་གནས་སྤོར་དགོས་བྱུང་ཞེས་བཤད།   ཐད་ཀར་བལྟས་ན་བཤད་རྒྱུན་དེ་ནི་ལྷ་སྒྲུང་ལྟ་བུ་བྱིས་གཏམ་ཞིག་ཏུ་འཁུམས་ཀྱང་།    འོན་ཏེ།   གཏམ་རྒྱུད་དེའི་ཤུགས་ན་གནའ་སྔ་མོའི་དུས་སུ་ཁྲིན་ཏོའུ་ས་ཁུལ་དུ་བོད་ཀྱི་མི་ཡོད་པའི་རྒྱུ་མཚན་བསྟན་ཡོད་ལ།   ད་དུང་ལ་ལས་ཁྲིན་ཏོའུ་ལ་ཆུ་མདོ་དང་།    མཆོང་ལེན།    གཡག་རྔ།  ཁྱུང་ཆེན་སོགས་བོད་སྐད་རྙིང་བ་ཡིན་པར་བཤད་པ་སོགས་ནི་བདེན་མིན་བཤད་དཀའ་ཡང་།     བོད་དང་འབྲེལ་བའི་གཏམ་རྒྱུད་དུ་མ་ཞིག་སྤོས་ངད་གྲོང་ཁྱེར་དུ་ཡོད་པ་དེའི་རིགས་ལ་རྟོག་ཞིབ་བྱེད་དགོས་པ་ཞིག་རེད།   གང་ལྟར་གོང་འཁོད་ཀྱི་ལོ་རྒྱུས་བྱུང་རིམ་ཁག་ལ་བརྟགས་ན་དེང་གི་གཡག་རྔ་ས་ཁུལ་ནི།     ཐང་རྒྱལ་རབས་ཀྱི་ཡར་སྔོན་དུ་གཡག་རྔ་ས་ཁུལ་གྱི་བོད་མི་ཚོས་བདག་འཛིན་བྱེད་ཡོད་འདུག་ཀྱང་།    ཐང་རྒྱལ་རབས་ཀྱི་མཇུག་ཙམ་ལ་ཐང་གིས་ཐེ་གཏོགས་བྱས་ནས་བོད་ལ་ཇ་འདྲེན་བོར་བའི་ལམ་ལུགས་ལ་ཇུས་གཏོགས་གསར་བ་བྱུང་བར་གསལ་འདུག     དེ་ནས་བཟུང་སྟེ་ཇ་རྟའི་ལམ་ཞེས་རྒྱའི་ཡིག་ཚང་ནང་ཁག་ཏུ་དམིགས་བསལ་གྱིས་གོ་དོན་གཞན་ཞིག་བྱུང་ཡོད་པའི་རྒྱུ་མཚན་དེ་རེད།
       ༼མན་ལང་གུ་རུའི་ལམ་ཡིག༽་ཏུ།    བྱ་ཤོངས་ཀོང་ཆུ་ཧུ་ཞེས་བྱ་བ་ཞིག་འདུག་པའི་ཡུལ་ནས་བོད་སོགས་ཀུན་གྱི་ཇ་ཚོང་བྱེད་པར་འདུག   ཅེས་པ་དང་།  ཡང་དེ་ཉིད་ལས།   རྒྱལ་བུ་གེ་སར་གྱི་མགོ་ཆགས་པ་ནས་ཕོ་བྲང་ནན་ཐེལ་གྱི་བར་ལ་ཇ་འབྲུ་ཞིང་ལ་འདེབས་པར་འདུག   ཇ་འདི་རྒྱ་ནག་གི་ཡུལ་ཁམས་ན་ཡང་སྐོམ་པ་སེལ་བའི་བཏུང་བ་བྱེད་པས་རིན་ཐང་ཆེ་བར་ཡོད།    བོད་ལ་འགྲོ་བའི་ཇ་ཀུན་ལ་ལྷད་ཆེ་བར་འཇུག་པར་འདུག     ཅེས་གསལ་བས།   བྱ་ཤོངས་ཀོང་ཆུ་ཧུ་ཞེས་པ་ནི་དེང་གི་གཡག་རྔ་ས་ཁུལ་ལ་བཤད་པ་ཡིན་ནམ་སྙམ།    རྒྱལ་བུ་གེ་སར་གྱི་མགོ་ཆག་ས་བྱ་བ་ནི་རྒྱའི་ཀན་ཡིས་ཁྲང་ལ་ཟེར་ཞིང་།  འདིའི་སྐབས་ཀྱི་ཕོ་བྲང་ནན་ཐེལ་ནི་ཁྲིན་ཏུའུ་ལ་གོ་དགོས་པར་སྣང་།  བོད་དུ་འཁྱེར་བའི་ཇ་ལ་ལྷད་ཞུགས་པར་བཤད་པ་ནི།   ཇ་སྙིགས་དང་ཇ་ཤིང་མ་ཡིན་པར་བསྲེས་ནས་འཚོང་བྱེད་པར་འདུག་པ་དེར་ཟེར།   གང་ལྟར་བོད་ཀྱི་ཆོས་པས་ཇའི་ཚོང་ར་བཤད་པ་ནི་འདི་ཁོ་ན་ཡིན་པར་སེམས།        གཞན་དག་གིས་ཆོས་དང་འབྲེལ་བ་མེད་ཚེ་རིན་ཐང་མེད་པར་བསམས་ནས་མི་གླེང་ངོ་།།      གོང་གི་བཤད་རྒྱུན་དེ་དག་གི་སྤྱི་ལ་བསམ་གཞིགས་བཏང་ན་རྒྱ་ཡིག་གི་བྱ་བའི་སྒྲ་གདངས་འདི་བོད་སྐད་ཡིན་པ་གོར་མ་ཆག་ཅིང་།     བོད་མི་ཚོས་ད་ལྟའི་བར་ཇ་ཞེས་འབོད་པ་མངོན་སུམ་ཡིན་པས་འདི་ལ་སུས་ཀྱང་བསྙོན་ཐབས་བྲལ། དེའི་ཕྱིར།        བོད་རྒྱའི་མཁས་དབང་ཚོས་ཇའི་འབྱུང་ཁུངས་ཐད་ད་དུང་མུ་མཐུད་དུ་བརྟག་དགོས་པར་འདུག་གོ།
      ཇའི་ཕན་ནུས་ནི།     གོང་དུ་བཤད་པ་བཞིན་མ་ཞུ་བར་ཞུ་བར་བྱེད་པ་ལ་མཆོག་ཏུ་གྱུར་བ་དང།     ལུས་གསོ་བ་ཁམས་དྭངས་པ།       རྩལ་བསྐྱེད་པ་སོགས་མང་སྟེ།    ཅུང་ཟད་རྒྱས་པར་ཤེས་འདོད་ན་དེའུ་དམར་གྱི་༼ཤེལ་གོང་ཤེལ་ཕྲེང༽་དང་།    ༼དུང་དཀར་ཚིག་མཛོད༽་བཅས་དང་།   སྒོས་སུ་ལི་ཐང་གི་བླ་མ་ལྟག་ཨོ་རྒྱན་ཆོས་འཕེལ་ལགས་ཀྱིས་བརྩམས་པའི་༼ཇ་ཡི་བསྟན་བཅོས༽་སོགས་ལ་གཟིགས་པར་ཞུ།       ཇའི་སྐྱོན་ཆ་ནི།   གཉིད་གཅོག་པ་དང། སྙིང་རླུང་ལྡིང་སླ་བ།  མཁྲིས་པར་གནོད་པ་སོགས་ཡིན་ལ།    ནང་སྒོས་སུ་ཇ་འདི་ནང་དུ་གྲུབ་ཆ་ཧོའུ་(氟)བྱ་བ་དེ་ནི་རུས་པ་ལ་ཤིན་ཏུ་གནོད་པས་བོད་ཀྱི་མི་ནང་དུ་རྒྱབ་སྒུར་མང་བའི་རྒྱུ་མཚན་ཡང་དེར་ཐུག་པར་བཤད།    འདི་ནི་ཉེ་ཆར་འཇའ་མན་གྱི་མཁས་པ་འགས་བརྟག་དཔྱད་བྱས་རྗེས་གཞི་ནས་ཤེས།   འོན་ཏེ།    བོད་ཇ་འདིའི་རིགས་ནི་འོ་མ་དང་རྩམ་པའི་རིགས་བསྲེས་ན་ཧོའུ་ཡི་གྲུབ་ཆ་སྙོམས་པར་བྱེད་པར་ཕན་པས་ཅུང་བཟང་ལེགས་པར་བཤད་དོ།།
     ཇའི་རིགས་ནི།    ༼དུང་དཀར་ཚིག་མཛོད༽་དུ།       ཇ་ལ་རིགས་མི་འདྲ་བ་འབོད་སྟངས་དྭགས་པོ་མཁན་ཆེན་གྱིས་བརྩམས་པའི་༼ཇ་མཆོད༽་ཞེས་པའི་ནང་བཙུན་མོའི་མུར་ཇ།       ཉ་ཁྲ།   ཚིས་ཁྲ།    ཆོས་དབྱིངས་མ་གསི་ཁྲ།     ཧམ་ཁྲ།     ཕོ་བྲང་ཇ།    གན་ཇ།    ཇ་སྔོན།    ནག་ཞིབ།     ནག་རྩིང་།   རོང་ཇ།    རྩེ་ཇ།    ཇ་ནག་སོགས་དབྱེ་བ་མང་ཞིང་།       དེ་དག་གི་དྲི་དང་།     བྲོ་བ།   ལོ་མའི་ཁྱད་ཆོས་བཅས་ངོ་སྤྲོད་བྱས་ཡོད།  གཞན་ཨ་མདོ་ཡུལ་དུ་ཟུང་ཇ་དང་།    ཤ་ཇ། བྲག་སྒོའི་ཧོར་ཇ་བཅས་དང་།    ཞེས་གསལ་ཞིང་།     དེ་དག་གི་འབྱུང་ཁུངས་དང་ཁྱད་ཆོས་ནུས་པ་སོགས་ཀྱི་རྣམ་བཤད་རྒྱས་པ་ཞིག་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པའི་ ༼དཔྱད་དོན་གསལ་བའི་སྒྲོན་མེ༽་རུ་གསལ་བོ་ཞིག་འདུག་པས།    འདིར་ང་ཚོས་ཡིག་ཆ་དཀོན་པ་སོགས་ལ་དམིགས་ནས་ཆ་ཚང་འགོད་པར་བྱ་སྟེ།     ཇ་ལ་སྤྱི་སྒོའི་དབྱེ་བ་རྣམ་པ་གཉིས།    །ཤར་ཇ་ལྷོ་ཇ་གཉིས་སུ་གྲགས་པ་ཡིན། ཤར་ཇ་བོན་ཇ་ཨ་མདོ་ཇ་སོགས་དང་།      །ཟུང་ཆུ་ཟུང་ཆའི་སི་ཕྲན་ཕལ་བ་ལྔ།     །བོན་ཇ་བོན་པོའི་རིགས་ཀྱི་ཁྱོངས་ས་སྟེ།   །འདབ་མ་ཆེ་བ་དངར་ཆ་ཆེ་བ་དང་།    །ཁུ་བ་ངུར་སྐྱེར་དག་ཏུ་འབབ་པ་ཡིན།     །ལོ་མའི་ཁོག་པ་སེར་ཞིང་སྣུམ་བག་ཅན།   །དར་དུ་ཡོད་པ་མཆོག་ཏུ་བཟང་བ་ཡིན།      །འདི་རིགས་ཇི་ཞིང་ཞེས་པ་རི་ཞིང་གི     །བོན་པོས་ཁྱོངས་པ་ཅུང་ཟད་སྨུག་པ་དང་།     །འབྲུ་ཡང་ཅུང་ཞིག་ངར་ངད་ལྡན་པ་སྟེ།     །ཁུ་བ་ངུར་སྐྱེར་ངུར་ཤས་ཆེ་བ་བཅུད།      །ཨ་མདོ་ཇ་སེར་ཨ་མདོ་པས་ཁྱོངས་ཏེ།      །འདབ་མ་ཅུང་ཆུང་སེར་ཞིང་ངར་ཤས་ཆེ།    །ཁུ་བ་ངུར་ཁ་དག་ཏུ་འབབ་པ་སྟེ།      །མཚོན་མདོག་སྣུམ་ཞིང་སྤུ་ཆུང་ཡོད་སྙམ་བྱེད།     །ཕན་སྒོར་སྨུག་ཐགས་སྣོད་དུ་བཅུག་པའང་ཡོད།     །འདི་རིགས་ཨ་ཏྲ་པ་ཏྲ་ཞེས་པ།     །འབྲུ་གྲིམ་སྨུག་ཉམས་ཅུང་ཟད་ཡོད་པ་སྟེ།       །འབྲུ་དཀྱིལ་ཀྱོང་ལ་སྲ་རྩི་བཏང་དྲ་ཡོད།   །འདི་དག་སྣོད་ཀྱི་མིང་ལས་ཆགས་ཤེས་ཟེར།      །ཟུང་ཆུའི་རིགས་ལ་སེར་སྨུག་གཉིས་སུ་འདོད།      །འབྲུ་གྲིམ་ངར་ངད་ཆེ་ལ་ཁུ་མདོག་ངུར།།རླུང་ཅན་ཤེས་པ་ཟ་ཟི་མང་པོར་བྱེད།      །ཟུང་ཆུའི་སི་ཕྲན་ཅུང་ཟད་ནག་ཉམས་ཡོད།     །ངད་པ་མེད་པའི་ངར་མ་ཞིག་ལ་ཟེར།     །ཤར་ཇ་ཕལ་བ་ད་ལྟའི་ཟི་ཕོལ་ཡིན།     །སེར་སྨུག་ཤིང་བུ་ཅུང་ཟད་ཡོད་པ་མང་།      །དོན་ལ་དེ་དག་ཟི་ཕོལ་མིན་པར་ངེས།     །ལྷོ་ཇ་ཞེས་པ་རོང་ཇ་དང་ཅིག་པས།    །རྒྱ་ནག་མཐིལ་ནས་ཐོན་པའི་ཇ་ཉིད་ཡིན།      །རོང་ཇ་ཐ་ཕྲན་རྐྱང་སེར་ཟི་ཕོལ་དང་།     །ཇ་ཤིང་ཇ་དང་རྒྱ་མཚོ་ཕ་རིའི་ཇ།     །རྣམ་པ་ལྔ་རུ་མཁས་པས་དབྱེ་བར་བྱ།     །རོང་ཇ་ཐ་ཕྲན་སེར་ཞིང་སྨུག་པ་གསུམ།     །སེར་པོ་སེར་ཞིབ་སེར་རྩི་གཉིས་སུ་འདོད།     །སྔ་མ་ངར་ཡོད་ཕྱི་མ་རུས་ཡོད་ཙམ།     །ངར་ངད་གཉིས་ཀ་ལྡན་པའང་སྲིད་པ་ཡིན།      །སྨུག་པོ་ནག་པོ་གཉིས་གཉིས་དབྱེ་བ་ལས།     །ཡོན་ཏན་ཁྱད་པར་སྔ་མ་དག་དང་མཚུངས།      །ཞིབ་པ་ཕེར་འབྲུ་གྲིམ་འབྲུ་འབྲུ་སྣ་ཐུང་།       །རྩི་ཤིང་བ་ཕེར་དེ་བས་འབྲུ་རགས་ཤིང་།     །འབྲུ་དཀྱུས་རིང་བར་མངོན་པར་དག་ཏུ་འདོད།    །སེར་པོ་ཁུ་སེར་སྨུག་པོ་ཁུ་བ་ངུར།      །ནག་པོ་ཁུ་བ་དམར་ཤས་ཆེ་བར་གྲགས།     །རྐྱང་རོ་འབྲུ་གྲིམས་ཅུང་རི་སྨུག་དཀར་གཉིས།     །ཤིན་ཏུ་ངར་བས་ཁམས་ལ་གཟན་པར་གྲགས།     །ཁུ་བ་ངང་སེར་དག་ཏུ་འབབ་པ་སྟེ།     །ཤིན་ཏུ་བཅུད་པས་ཉུང་ངུའི་མང་པོ་ངོམ།    །འདི་ལ་སྐྱུགས་ཇའི་མིང་འདོགས་པའང་ཡོད།      །འདི་དག་ཁ་བཀུག་གྱུར་ན་ཞིམ་པ་མང་།     །དེ་ལ་རྐྱང་སི་ཁ་བཀུག་དག་ཏུ་གྲགས།      །ཟི་ཕོལ་མི་ཉག་མི་ཉག་ཡུལ་ནས་ཡོང་བའི་ཕྱིར།    །མི་ཉག་ཅེས་སུ་འདོགས་པ་འགའ་ཞིག་ཡོད།     །དེ་ཡང་དཀར་སེར་སྨུག་ནག་བཞི་རུ་ཡོད།     །དཀར་པོ་ཞིབ་རྩིང་རྣམ་པ་གཉིས་སུ་ཡོད། །འབྲུ་གྲིམ་སྐྱ་ཉམས་ཅུང་ཟད་ཡོད་པ་ལ།     །སྤུ་ཆུང་ཡོད་སྙམ་བྱེད་པ་དཀར་ཞིབ་སྟེ།     །འདི་ལ་སྤུ་ཇ་དཀར་མོར་འདོགས་པ་ཡོད།     །འབྲུ་ལྷོ་སྐྱ་ཉམས་བྱེད་པ་དཀར་རྩིང་ངོ་།      །གཉིས་ཀ་ཁུ་བ་ངུར་ཁ་འབབ་པ་སྣང་།      །སེར་པོ་གཉིས་སུ་དབྱེ་བ་མདོག་སེར་དྭངས།       །ཁུ་བ་སྐྱེར་ཁ་མ་གཏོགས་སྔ་མ་བཞིན།      །སྨུག་པོ་མདོག་སྨུག་ཁུ་བ་ངུར་དམར་འབབ།    །རྩིང་ཞིབ་གཉིས་སུ་དབྱེ་བ་སྔ་མ་བཞིན།      །ནག་པོ་མདོག་ནག་ཁུ་བ་ཅུང་ཟད་དམར།      །དབྱེ་བ་གཉིས་ནི་སྔ་མ་དག་དང་མཚུངས།   །ཇ་ཤིང་ཇ་ནི་དེ་བཞིན་གཤེགས་པ་ལ།      །ཕུལ་བ་པདྨའི་ཟེའུ་འབྲུར་གྲགས་པ་སྟེ།      །འབྲུ་ནི་ཕྲ་མོ་སེར་སྨུག་སྙེགས་རིང་བ།   །ཅུང་ཟད་སྤུ་ཆུང་སྐྱ་བའི་མདངས་ལྡན་པ།      །ཐའུ་ཆུང་ཞིང་ཞིང་ཤས་ཆེར་ཐའུས་ཁྱེར།     །མི་གཅིག་ནོན་པས་བཅུ་ཕྲག་ངོམ་པར་བྱེད།      །ཁུ་བ་ངུར་སྐྱེར་ངར་ངད་ལྷག་པར་ཆེ།     །རྟིང་ན་དངར་ཆ་ཤུལ་ངམ་ཅུང་ཟད་ཡོད།     །ཐའུ་ཉུང་ཞིང་ངར་ཆུང་བ་ཞིག་ཀྱང་ཡོང་།      །རྒྱ་མཚོ་ཕ་རིའི་ཇ་རུ་གྲགས་པ་ཡིན།    །རྒྱ་མཚོའི་ཕ་མཐའ་ནས་བླངས་གྲགས་པ་སྟེ།     །འབྲུ་གྲིམ་སྨུག་པོ་ཐ་རོའི་སྙེགས་ཙམ་ཡོད།       །གྱོང་ཉམས་ཡོད་ཅིང་ངར་ཆེ་ངད་པ་མེད།       །ཁུ་བ་ངུར་ཁ་དག་ཏུ་འབབ་པ་ཡོད།     །ཤར་ཁ་རྒྱུད་དང་ལྷོ་ལམ་རྒྱུད་པ་ལས།      །ཤར་ཇ་ལྷོ་ཇ་ཞེས་སུ་གྲགས་པ་ཡིན།      །ད་ལྟའི་ཐོག་བབས་དཀར་ཇ་ཐེན་ཆེན་ཇ།     །སྔོན་གྱི་ནག་ཞིབ་རྗེས་སུ་འགྲོ་བ་ཙམ།       །གཞན་དག་མི་རེའི་འདོད་པས་མིང་འདོགས་པས།     །རྣམ་རྟོག་འཕྲེང་བ་འདི་བུ་སྨོས་མི་ནུས།      །འགག་ཐེག་ཅེས་པ་ཕར་ལམ་བཟོས་པའི་ཇ།      །ཇ་སྔོན་མ་ཞེས་དར་རྩེ་མདོ་རུ་བཟོས།     །རྩེ་ཇ་ཞེས་པ་སིང་ཇའི་རིགས་སུ་འདོད།     །སིང་ཇ་ཟྭ་ཆུ་དག་གི་ཇ་ཡིན་ཏེ།      །མདོག་སེར་ལོ་ལྡུམ་ལྟ་བུ་ཡོད་པ་ལ།      །རུས་ཡོད་མངར་ཆ་ཆེ་བ་ཞིག་ལ་ཟེར།      །ཉམས་མེད་འགའ་ཞིག་ཇ་མན་དག་ཏུ་འཁྲུལ།     །ཇ་ནི་རྩེ་མོ་སྐམ་ཁ་ཤིན་ཏུ་བཟང་།    །བར་བ་འབྲིང་དང་རྩ་བ་འདོད་པར་གྲགས།     །རབ་ལ་སིང་ཁྲ་འབྲིང་ལ་ཉ་ཁྲ་དང་།      །ཐ་མ་སོབ་ཁྲ་ཞེས་སུ་རྒྱ་ནག་འབོད།     །སྔ་དུས་རྒྱ་ནག་ཅེས་སུའང་གྲགས་པ་འབྱུང་།     །ད་ལྟའི་ཇ་རྣམས་ཇ་དཀར་མིང་དུ་འདོགས།     །ཡ་བུར་ཞེས་པ་ཤིན་ཏུ་ཞུ་ཡི་ཇ།    །སྨུག་ཅིང་ངར་ལ་བུལ་ངབ་ཅུང་ཟད་ཡོད།       །ཁུ་བ་ངུར་ཁར་འབབ་པ་རོང་ཇའི་རིགས།     །ཤོག་ཇ་ཞེས་འགའ་ཆུའི་ཇ་ཡིན་ཏེ།   །འབྲུ་ལྷོད་སོབ་ལ་མངར་ཆ་ཆེ་བ་དང་།       །ཁུ་བ་སྐྱེར་ཁར་འབབ་པ་ལྷོ་ཇའི་རིགས།      །བཙུན་མོའི་མུར་ཇ་ཞེས་པ་ཇའི་ཝནྡ།  །ཤིན་ཏུ་བཟང་བ་ཞིག་ལ་ཟེར་བ་ཡིན།     །གན་ཇ་སྨུག་ལ་ངར་ཆེ་ཁུ་བ་ངུར།       །ཕ་གུའི་རྣམ་པ་མཁྲེགས་པ་གན་ཤོག་གཡོགས།།གན་ཐམ་དག་གི་སྤྲས་པ་དག་ལ་ཟེར།      །གཡོག་ཇ་དེ་དང་རིགས་འདྲ་ཇ་རིགས་འདྲེས།      །རྩ་ཤོག་འབོལ་པོས་གཡོགས་པ་གན་ཐམ་མེད།     །འཇང་སེར་སྨུག་ཚིལ་སྒོར་སྒོར་དབྱིབས་ཅན་ལ།     །ཤིན་ཏུ་མཁྲེགས་པ་ངར་ཞིང་ཁུ་བ་ངུར།    །ཤུལ་ངབ་ཅན་དེ་བཟང་བར་གྲགས་པ་ཡིན།     །ཞེལ་བ་སྒོར་ཆེ་ཁུ་བ་ལྗང་ཉམས་ཡོད།     །འོད་མཐིང་ཞེས་པ་འཇང་ཇའི་རིགས་ཡིན་ཏེ།  །མདོག་ནག་འོད་དང་ལྡན་པས་མིང་དུ་བཏགས།     །ཤིན་ཏུ་ངར་བས་ཁ་ཞིམ་ཆུང་བར་མངོན།    །ནོན་ཆེ་ཁུ་མདངས་ཅུང་ཟད་ནག་པ་ཡོད།     །ཇ་འབོལ་དང་སྲེས་ལྷག་པར་ཞིམ་པ་ཡིན།     །གྱོང་ཞིང་གྱོང་འབོག་རྐྱང་པོའི་རིགས་ལ་བཏགས།    །ཆོལ་གཡེང་མ་ནི་ངད་པ་བཟོས་མ་སྟེ།     །བཟོ་བ་འདོགས་པས་ཞིམ་ལ་ལྷག་པར་དུ།      །ངད་ཆེ་ལ་ལས་ནད་རིགས་སྐྱེད་པ་ཡོད།།      ཅེས་གསལ་ཞིང་།    མ་ཕྱིའི་དཔེ་རྙིང་དངོས་ནི་ཡིག་འབྲུ་གསལ་བོ་མིན་པ་དང་།    ཡུལ་ལུང་གི་སྐད་དང་ཡིག་ནོར་འགའ་རེ་སྣང་ཡང་མ་ཡིག་སོར་བཞག་བྱས་པ་ལས།    རང་བཟོའི་བསྒྱུར་བཅོས་སོགས་ཀྱི་གནས་ཚུལ་གང་ཡང་བྱས་མེད།      ཉེ་སྔོན་པཎ་ཆེན་སྐུ་ཕྲེང་བཅུ་བས་ཆེད་མངགས་ཀྱིས་བཟོས་པའི་ཇ་འབྲུ་རྟགས་ཅན་(毛尖茶)དང་།    འབྲུག་པ་རྒྱལ་པོར་ཆེད་མངགས་ཀྱིས་བཟོས་པའི་བོད་ཇ་ཁང་ཙན་སོགས་ནི་བོད་ཇའི་ནང་ནས་ཆེས་སྤུས་ལེགས་ཅན་ཡིན་ཕྱིན་རིན་གོང་ཡང་ཆེ་བར་འདུག      ཇ་འབྲུ་རྟགས་ཅན་ནི།     དང་ཐོག་གཡག་རྔ་ས་ཁུལ་དུ་ཡོད་པའི་བཙོན་པ་རྣམས་ཤེས་རྟོགས་བྱུང་བར་བཤད་དེ།   བཙོན་པ་རྣམས་རི་མགོ་ཞིག་ལ་ཤིང་འཐུ་བར་སོང་བ་ན།    ཇ་འབྲུ་རྙེད་དེ་དེར་ཇ་བསྐོལ་ཏེ་བཏུང་བས་མཁལ་ནད་དང་ཕོ་བའི་ནད་བཅས་ལ་ཤིན་ཏུ་ཕན་པར་ཤེས།     དེའི་གྲས་ཀྱི་མི་ཞིག་རྗེས་མར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་ལ་ཤིན་ཏུ་དད་པས།    ཕྱིས་སུ་མི་དེས་ཆེད་དུ་བཟོས་པ་རེད་ཟེར།  མི་དེ་ཤི་བའི་རྗེས་སུ་ཇ་འབྲུ་འདིའི་ལག་ལེན་ཡང་ཆད་དེ་དེང་སང་རྒྱུན་ཆད་དོ།།     འབྲུག་པ་རྒྱལ་པོར་ཆེད་དུ་བཟོས་པའི་བོད་ཇ་ཁང་ཙན་ནི།  ལོ་བཅུའི་རིང་ལ་བཟོས་པའི་ཇ་ཞིག་ཡིན་པར་བཤད།.    བོད་ཇའི་རིགས་ལས་ཉེ་སྔོན་འདི་ལས་ལེགས་པ་མེད་པར་བཤད་དོ།།
          ཇའི་བཟོ་དབྱིབས་ནི།      བཅིང་འགྲོལ་ཡར་སྔོན་དུ་ཚོང་ལས་ཚད་ལྡན་རང་བཞིན་གྱི་དགོས་མཁོར་དམིགས་ནས་ཇའི་བཟོ་དབྱིབས་ཐད་མང་ཤས་གཅིག་འདྲ་ཡིན་ཏེ། བོངས་ཇ་ཀོ་ཐུམ་ཅན་ནི།     བོད་རིགས་དམངས་ཚོགས་ཀྱིས་དགའ་བསུ་ཐོབ་པའི་ཇ་ཡིན་ཞིང་།   བོངས་ཇ་ཀོ་ཐུམ་གཅིག་གི་ཚད་ནི།    ཇ་སྦག་གྲུ་བཞིར་བཟོས་པགཅིག་ལ་བཞི་ཁྲིག་གཅིག་ཟེར་ལ།    བཞི་ཁྲིག་གཅིག་ལ་སྦག་གཅིག     སྦག་བརྒྱད་དམ་སྦག་བཅུ་གཉིས་ལ་ཀོ་བཏུམས་བྱས་པར་ཇ་སྒམ་ཟེར་ཞེས་དུང་དཀར་རིན་པོ་ཆེས་གསུངས་སོ།།      ཉེ་སྔོན་ངེད་གཟི་ལམ་རིག་གནས་ཁྱབ་སྤེལ་སྤྱི་གཉེར་ཚང་གིས་ཇ་རྟའི་རིག་གནས་དང་ལོ་རྒྱུས་ཞིབ་འཇུག་བྱེད་པའི་དགོས་མཁོར་དམིགས་ནས་བོངས་ཇ་ཀོ་ཐུམ་ཅན་ནམ་ཇ་སྒམ་ལྔ་བཅུ་ལྷག་བསྡུ་ཉར་བྱས་ཡོད་དོ།།     ཇའི་རིག་གནས་ནི་དོན་དག་གལ་ཆེན་ཞིག་ཡིན་ལ།          ཉེ་ཆར་ཀྲུང་གོའི་རིག་གནས་ནང་ནས་འཛམ་གླིང་ཡོངས་སུ་མཚན་སྙན་ཆེ་ཞིང་ཁས་ལེན་པ་ནི་ཇའི་རིག་གནས་འདི་ཡིན་ཞིང་།    ང་ཚོས་ཕོར་གང་ལ་སྒོར་སུམ་བརྒྱ་བཞི་བརྒྱ་སྤྲད་དགོས་པའང་གཙོ་བོ་ཇའི་རིག་གནས་ལ་ཐུག་ཡོད་པ་རེད།    ཇའི་རིག་གནས་ཇི་ཙམ་ལོ་རྒྱུས་ལྡན་ཞིང་ཕུན་སུམ་ཚོགས་པ་ཡིན་ན་དེ་ལྟར་དུ་ཇའི་རིན་ཐང་དེ་ཡང་ཇེ་མཐོར་ཕྱིན་པ་ཡིན་ནོ།།        མདོར་ན།     ཇ་དར་ཚུལ་དང་དེའི་ཁྱབ་ཁུངས་སོགས་དང་།    ཇའི་མིང་བརྡའི་འབྱུང་ཁུངས་བཅས་ལ་ད་དུང་ཞིབ་ཏུ་དཔྱད་དགོས་པར་སྣང་།    ལ་ལས་ངས་འདི་ལྟར་བཤད་ན་རིགས་ཞེན་གྱི་སྐད་ཆ་ཞིག་
ཤོད་ཀིན་འདུག་བསམ་ནའང་ཁྲིགས་ཁྲིགས་མེད།     གལ་ཏེ་ཡིད་མི་ཆེས་ན་ཁྱེད་ཅག་གིས་རྒྱ་ཡིག་གི་ཇའི་བསྟན་བཅོས་ཁག་དང་ཚིག་མཛོད་ཆེན་པོ་སོགས་ལ་གཟིགས་དང་།   ངས་བཤད་པའི་ཇའི་ཐ་སྙད་དང་འབྲེལ་བའི་གནད་དོན་སོགས་ནི་འདི་འདྲ་ཞིག་ཡིན་མིན་གསལ་བོར་ཤེས་ཡོང་གིན་རེད།      མཐར་འདིར་འབད་དགེ་བའི་ཆ་ཕྲ་མོ་ཙམ་ཡོད་པ་དེས་ཀྱང་གངས་རིའི་ལྗོངས་ཀྱི་ལུགས་གཉིས་འཕེལ་བའི་རྒྱུར་གྱུར་ཏེ་ཀུན་ལ་ཕན་པར་གྱུར་ཅིག་གུ།།    །།

·གསར་འགྱུར་གོང་མ:བོད་ཀྱི་སྐབས་དང་པོའི་རོལ་དབྱངས་ཆེད་ལས་མཁས་པའི་བགྲོ་གླེང་ཟི་ལིང་དུ་བསྡུས།
·གསར་འགྱུར་འོག་མ:འཛམ་གླིང་བུམ་པའི་རྐང་སྤོལ་འགྲན་རྩོད་
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 21:55:18 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 3:29:17 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 14:20:40 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 39 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS