ཨོག་སི་ཧྥོར་ཌི་གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་པ་ཚོས་བརྗོད་པ་ལྟར་ན། ཀུ་ཤུའི་ནང་དུ་སྙིང་རྩའི་སྨན་(statins=他汀类药物 ང་ཚོའི་ཁྲག་ནང་གི་ཚིལ་ཞག་དང་ཁྲག་ངན་ཉུང་འཕྲི་བྱེད་པའི་སྨན་) དང་གཅིག་མཚུངས་ཀྱི་སྨན་སྣ་འདུས་ཡོད་པ་མ་ཟད། དེས་ཞོར་སྐྱོན་() གང་ཡང་མེད་པའི་སྒོ་ནས་སྙིང་རྩའི་ཁྲག་ལམ་བྱང་ཐུབ་ཀྱིན་འདུག་ཟེར།
ས་སྐྱ་ལེགས་བཤད་དུ་”ཉི་མ་རེ་ལ་ཚིག་རེ་ཟུངས་”ཟེར་བ་ལྟར། དུས་རབས་བཅུ་དགུ་པའི་ནང་དབྱིན་ཡུལ་དུ་”ཉི་མ་རེ་ལ་ཀུ་ཤུ་རེ། སྨན་པ་རྒྱང་ཐག་རིང་སར་འགྱེད་”ཟེར་བ་ལྟ་བུའི་བཤད་རྒྱུན་ཞིག་ཡོད་པ་རེད། དོན་སྙིང་ནི། ཉིན་རེར་ཀུ་ཤུ་རེ་རེ་བཟས་པ་ཡིན་ན། དེར་ཡོད་པའི་བཅུད་རྫས་དག་གིས་ཁྱེད་ཀྱི་ལུས་ཀྱི་དུག་སེལ་བ་དང་། གཟུགས་གཞིའི་བདེ་ཐང་རྒྱུན་བསྲིངས་ནས་ནད་མེད་ཚེ་རིང་ཡོང་བས། ན་ཚའི་དབང་གིས་སྨན་པ་བསྟེན་པར་འགྲོ་མི་དགོས་ཟེར་བ་རེད།
ཞིབ་འཇུག་པ་སྨན་པ་བྷི་རིགསི་(Dr Briggs) ཡིས་གོང་གི་བཤད་རྒྱུན་དེ་ནི་ “ཁ་གསལ་ཞིང་གོ་བདེ་བའི་སྤྱི་མང་འཕྲོད་བསྟེན་བསླབ་བྱ་ཁྱད་དུ་འཕགས་པ་ཞིག”རེད་ཅེས་བསྔགས་བརྗོད་ནང་འདུག་པ་མ་ཟད། “བདེ་ཐང་གི་སྤྱོད་ལམ་དང་སྨན་རིགས་ཚུད་པའི། ཉིན་རེའི་བཟའ་བཏུང་བསྟེན་ཚུལ་ཙམ་གྱི་འགྱུར་བ་ཆུང་ཆུང་ཞིག་གིས་ཀྱང་སྙིང་གི་ནད་གཞི་དང་ཁྲག་གྲིབ་སོགས་ལ་སྔོན་འགོག་གི་ནུས་པ་ཇི་འདྲ་ཞིག་ཐོན་ཐུབ་པ་གསལ་སྟོན་བྱེད་ཀྱིན་འདུག ད་ཆ་སྙིང་གི་སྨན་རིགས་བསྟེན་གྱིན་མེད་མཁན་དག་གིས། སྨན་གྱི་ཚབ་ཤིང་ཏོག་གིས་བྱེད་ཆོག ཤིང་ཏོག་མང་ཙམ་བཟས་པ་ཡིན་ན་དེ་ལས་ང་ཚོ་ཚང་མར་ཁེ་ཕན་ཆེན་པོ་ཐོབ་ཐུབ” ཟེར།
ཤིང་ཏོག་སྤྱི་དང་། ཁྱད་པར་དུ་ཡང་ཀུ་ཤུ་ལ་དུག་སེལ་གྱི་ནུས་པ་ཁྱད་པར་བ་ཡོད་པས། རྒྱུན་དུ་ཀུ་ཤུ་བཟས་ན་དགེ་མཚན་བླ་མེད་དུ་ཡོད་པ་མ་ཟད། ཤ་རྒྱགས་པ་ཡིན་མཁན་སྤྱི་དང་། ཁྱད་པར་དུ་ཡང་ལོ་ན་ལྔ་བཅུ་བརྒལ་བའི་མི་རྣམས་ཀྱིས་ཉིན་རེར་ཀུ་ཤུ་རེ་བཟའ་ཐུབ་པར་བྱེད་ཐུབ་ན་ལེགས་ཟེར། གསར་འགྱུར་འདིས་གོང་གི་ཞིབ་འཇུག་གྲུབ་དོན་ནས་ལུང་འདྲེན་བྱས་པ་ལྟར་ན། “ཞིབ་འཇུག་གྲུབ་དོན་འདིས་བསྟན་པ་ལྟར་ན། བདེ་ཐང་གི་བཟའ་བཏུང་གི་ཆ་ཤས་ལྟར་བུར། སྔོ་ཚལ་དང་ཤིང་ཏོག་གསར་པ་མང་པོ་བཟའ་བ་དང་མཉམ་དུ། ཉིན་རེར་ཀུ་ཤུ་རེ་བཟས་པ་ཡིན་ན་དེས་ཁྲག་གྲིབ་དང་། སྙིང་གི་ནད་གཞི་བྱུང་བའི་གོ་སྐབས་ཉུང་འཕྲི་བྱེད་ཐུབ།” ཟེར།
ཀུ་ཤུ་ནི་ས་བབ་མཐོ་སར་སྐྱེ་བའི་ཤིང་ཏོག་ཅིག་ཡིན་པས། བོད་ཁུལ་གྱི་ཀུ་ཤུ་ནི་འཛམ་གླིང་འདིའི་སྟེང་གི་ཀུ་ཤུ་ཆེས་ལེགས་ཤོས་སུ་བརྩི་ཆོག་པ་རེད། དེང་སྐབས་ཞིང་ལས་ཇེ་ཉུང་དུ་འགྲོ་བཞིན་པའི་སྐབས་སུ། གྲོང་སྡེ་ཚོས་ཐུན་མོང་གི་ཀུ་ཤུ་སྡོང་ར་བསྐྲུན་ནས་ཀུ་ཤུ་ཐོན་བསྐྱེད་བྱེད་ཐུབ་པ་ཡིན། དེས་ཡུལ་མིིར་ཀུ་ཤུ་བཟའ་རྒྱུ་མཁོ་སྤྲོད་ཐུབ་པ་ཙམ་དུ་མ་ཟད། རྒྱལ་ནང་གི་ཁྲོམ་རྭར་སྐྱེལ་ཐུབ་ཚེ་ཀུ་ཤུའི་ཁེ་ལས་ཀྱི་ཁྲོམ་རྭ་ལོ་ནས་ལོ་ཇེ་ཆེར་འགྲོ་རྒྱུ་ནི་ངེས་པ་ཞིག་རེད།
ཉི་མ་རེ་ལ་ཀུ་ཤུ་རེ། སྨན་པ་རྒྱང་ཐག་རིང་སར་འགྱེད།
An apple a day keeps the doctor away
一天一个苹果,医生远离我