ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> རིག་ཐིཊ
  གསར་འགྱུར་ཀློག་པ།

འཛམ་གླིང་དང་བོད་ཀྱི་རི་མོའི་ཕྲན་དཔྱད།

[རྩོམ་པ་པོ:རྨེ་གྲྭ་  ཡོང་ཁུངས:དྲ་ཐོག  དུས་ཚོད:2014/3/23 14:15:49  བཀླགས་ཐེངས:1314][ཡིག་གཟུགས:ཡིག་གཟུགས་མདོག]
      འཛམ་གླིང་དང་བོད་ཀྱི་བཟོ་རིག་པའི་རི་མོའི་འཕོ་འགྱུར་དང་ མྱོང་གྲུབ་སྐོར་གྱི་ཕྲན་དཔྱད། ༡
 
                                      རྨེ་གྲྭ་ཚེ་རིང་བསམ་འགྲུབ།

ནང་དོན་གནད་བསྡུས།  ས་ལྒང་རིལ་མོ་འདིར་རིག་གནས་གཞན་ལས་དར་སྔ་བ་ནི་བཟོ་རིག་པ་ཡིན་པ་དང༌། བོད་ཀྱི་རི་མོ་དེ་བཞིན་དར་སྔ་ནའང་བོད་དུ་ལྷ་རིས་དར་བ་ནས་བཟུང་རི་མོ་རྣམས་མཛེས་བཟོའི་ཕྱོགས་སུ་ཤོར་བ། འཛམ་གླིང་འདིར་རི་མོའི་རིང་ལུགས་མང་དུ་དར་བ་དང༌། གནའ་དེང་རི་མོའི་སྒྱུ་རྩལ་དང་འབྲི་ཐབས། རི་མོའི་བྱེ་བྲག་སྣ་ཚོགས་ཀྱི་སྒྱུ་རྩལ་མི་འདྲ་བ་དང་ཚོན་གྱི་སྦྱོར་བ་སོགས་ཀྱང་གསལ་བར་མ་ཟད། བོད་ཀྱི་རི་མོ་དེ་འཛམ་གླིང་སྔོན་ཐོན་རི་མོའི་ཕྱོགས་སུ་སྐྱོད་པར་ལེགས་བཅོས་དང་ཁ་གསབ་གཏོང་དགོས་པའི་སྐོར་གྱི་རང་གིས་བསམ་ཚུལ་འགའ་བརྒྱུད་སྤྲོད་བྱས་ཡོད།
གནད་ཚིག་གཙོ་བོ།  འཛམ་གླིང་གི་རི་མོ། བོད་ཀྱི་རི་མོ། ནང་བསྟན་ལྷ་རིས། རི་མོའི་དར་རྒུད། སྒྱུ་རྩལ། འབྲི་ཐབས།  ཚོན་སྦྱོར།
གླེང་བསླང༌།
  ཉེ་ཆར་མཁས་པ་ཚོས་བོད་ཀྱི་བཟོ་རིག་པའི་ལོ་རྒྱུས་དང་རི་མོའི་བྱུང་འཕེལ་སོགས་བརྗོད་བྱར་བྱས་པའི་དཔེ་དེབ་དང་དཔྱད་རྩོམ་བརྒྱ་ཕྲག་ནས་སྟོང་ཕྲག་ལ་བརྒལ་བ་ཡོད་ཀྱང་དེ་དག་གི་བརྒྱ་ཆའི 95 ནི་ལད་ཟློས་དང་བཤུ་འབྲི་བསྐྱར་དཔར་བྱས་པ་ཁོ་ན་ཡིན།  དེ་དག་ཏུ་གཙོ་བོ་བརྗོད་སྙིང་དེ་རི་མོ་ནི་སྔོན་རྒྱལ་བོ་འཇིགས་ཐུལ་ནས་དར་བ་དང་ཡང་ན་ཁ་སྲོལ་ལྟར་རིའི་བུ་མོ་བྲིས་པ་ལས་དར་ཚུལ་སོགས་དང༌། ཐིག་རྩ་དང་ཚོན་གྱི་སྡེབ་སྦྱོར་རྐྱང་རྐྱང་ཞིག་བརྗོད་བྱར་བྱས་པའི་ལོ་རྒྱུས་གཅིག་བསྐྱར་དཔར་བྱས་ཏེ་ལོ་ཟླ་ཟད་པ་ཙམ་དུ་སྣང༌།
འཛམ་གླིང་སྟེང་བོད་ཀྱི་བཟོ་རིག་པའི་ལོ་རྒྱུས་རིང་ཐུང་དང་གོ་གནས། རི་མོའི་དར་རྒུད། འཛམ་གླིང་གི་སྔོན་ཐོན་རི་མོ་དག་གི་འབྲི་ཐབས་ཅི་ཞིག་སྤྱད་ཚུལ་དང་བོད་ཀྱི་རི་མོའང་དེ་མཚུངས་འཐུས་ཚང་དུ་གཏོང་དགོས་པའི་རྒྱུ་རྐྱེན། བོད་ཀྱི་བཟོ་རིག་པ་འཛམ་གླིང་རང་བཞིན་དུ་ཇི་ལྟར་སྒྱུར་དགོས་ཚུལ།  བོད་ཀྱི་རི་མོ་ལ་ལོ་རྒྱུས་རིང་བའི་བདེན་དཔང་འཚོལ་སྡུད་སོགས་མེད་ཐབས་མེད་ཅིང༌། བཤད་ན་དེས་ཆོག་དང་ལུས་ན་ཐབས་ཆག་གི་སྐོར་ལ་མང་བོ་ཞིག་གིས་བློ་ཁ་ཙམ་ཡང་མ་ཕྱོགས་པས། སྐྱོ་གར་ཞིག་དུས་རབས་དང་འགྲོགས་ནས་འཁྲབ་ཀྱིན་འདུག 
དེས་ན་ངས་བོད་ཀྱི་བཟོ་རིག་པའི་རི་མོའི་སྐོར་ལ་ད་སྔོན་དཔྱད་གླེང་ཉུང་བའི་དོན་འགའ་རེ་ཐེར་འདོན་བྱས་ཏེ་མ་འོངས་བོད་ཀྱི་རི་མོའི་རྒྱུད་འཛིན་པ་དག་གི་བསམ་བློའི་ཁ་གསབ་མངོན་གྱུར་ཡོང་ཆེད་དུ་བསམ་ཚུལ་འགའ་བརྗོད་པ་ལ། 
གཅིག  རི་མོ་ནི་འགྲོ་བ་མིའི་ཚེ་སྲོག་གི་དྭངས་མ་ཡིན།
  དེང་སྐབས་ང་ཚོའི་འཛམ་གླིང་འདིར་འཚོ་ཞིང་གཞིས་ཆགས་པའི་མི་རིགས་གང་དང་གང་ཞིག་ལ་མཚོན་ནའང་ལོ་ངོ་ཁྲི་ཕྲག་མང་པོའི་ཡར་སྔོན་ནས་མི་རབས་ཤིག་གི་འཚོ་བ་དང་རིག་གནས་ཀྱི་སྒྱུ་རྩལ།  དུས་རབས་ཤིག་གི་ཁ་ཕྱོགས་དང་ལོ་རྒྱུས་ཞིག་གི་བརྒྱུད་རིམ་སོགས་མང་བོ་ཞིག་འཚོལ་སྡུད་དང་རྒྱུས་ལོན་གསལ་བོ་ཞིག་བྱེད་དགོས་ན། ལོ་རྒྱུས་བརྩམས་ཆོས་དང་སྙན་ངག་ནི་མེད་དུ་མི་རུང་བའི་དུས་རབས་ཤིག་གི་བདེན་དཔང་གི་རྡོ་རིང་ཉག་གཅིག་ཡིན་པར་བཞེད་ནའང་ལོ་སྟོང་ཕྲག་འགའི་གོང་འོག་ཙམ་མ་གཏོགས་ཁོས་གསལ་བཤད་བྱེད་ཐུབ་ཀྱིན་མེད།  རི་མོས་ནི་ལོ་བྱེ་བ་མང་བོའི་ཡར་སྔོན་གྱི་ཡབ་མེས་ཀྱི་འཚོ་བ་དངོས་དེ་ང་ཚོ་ལ་གསལ་བཤད་བྱེད་ཐུབ་པས་འགྲོ་བ་མིའི་བླ་སྲོག་གསོན་པོ་ཞིག་དང་འཛམ་གླིང་གི་འགྲོ་བ་མིའི་འབྱུང་ཁུངས་འཛུབ་སྟོན་བྱེད་པའི་གླེགས་བམ་ཞིག་ཡིན་ཞེས་བཤད་ན་ཁ་ཤོམ་ཆེ་བའི་ཚད་ཐིག་ལ་སླེབ་མི་སྲིད།
ཡང་ཅིག་བཤད་ན་མི་རིགས་དེའི་རིན་ཐང་དང་སྤྱི་ཚོགས་དེའི་འཕེལ་རྒྱས་ནི་རིག་གནས་ཤིག་གི་སྒྱུ་རྩལ་ལ་རགས་ལས་ཡོད། སྒྱུ་རྩལ་གྱིས་སྤྲས་པའི་རི་མོས་ནི་ལོ་རྒྱུས་དང་འཚོ་བ། མིའི་སེམས་ཁམས་དང་ཁོར་ཡུག་གི་རྣམ་པ་གསོན་པོ་ཞིག་མཚོན་གྱིན་ཡོད་པས། མིའི་རིགས་ཀྱི་བླ་སྲོག་གསོན་པོ་སྐྱོང་བའི་འོས་འགན་དེའང་རི་མོའི་སྒྱུ་རྩལ་གྱི་ཕྲག་ཏུ་བབས་ཡོད། ཡིན་ནའང་ང་ཚོ་བོད་ཀྱི་རི་མོས་ནི་ནམ་ཡང་མཛེས་ཆོས་རྐྱང་རྐྱང་གི་སྒྱུ་རྩལ་མཐོར་འདེགས་བྱེད་པ་ལས།  མི་རིགས་ཀྱི་འཚོ་བ་དང་ལོ་རྒྱུས་དངོས་སམ་གསོན་པོ་ཞིག་མཚོན་པའི་ལས་འགན་དེ་འདེགས་མ་ཐུབ་པའི་ཚད་ན་ལུས་ཡོད་དམ་སྙམ་པའི་དོགས་པ་ཞིག་སུ་ལའང་ཐད་ཀར་འཆར་སྲིད།  བོད་ཀྱི་ལྷ་རིས་སྒྱུ་རྩལ་ནི་གནའ་ནས་བཟུང་འཛམ་གླིང་སྟེང་ཕུལ་དུ་བྱུང་བའི་མཛེས་བཟོ་ཞིག་གི་ངོ་གདོང་ལ་འདི་ལས་ལྷག་པ་ཞིག་མེད་པའི་རིན་ཐང་གི་ཚད་གཞི་མཐུག་ནའང་། ཕས་ཤུལ་བཞག་གི་གདམས་ངག་སྤྱི་འགྲོས་ཅན་ལས་སྒྱུ་རྩལ་གཞན་གྱི་རྒྱན་ཆ་གང་གིས་ཀྱང་སྤྲས་མ་ཐུབ་པར་དེ་གར་ལུས་པ་ནི་སྐྱོ་བ་ཞིག་གི་ཁ་སྣོན་དང་ཕམ་ཉེས་ཆེན་པོ་ཞིག་གི་མཚོན་རྟགས་ཁོ་ནར་གནས།  ཕྱི་གླིང་གི་རི་མོ་བ་ཞིག་གིས་འདི་ལྟར་བཤད་མྱོང༌། རི་མོ་ནི་ཁ་གྲག་མི་ཤེས་པའི་སྙན་ངག་གསོན་པོ་ཞིག  སྙན་ངག་ནི་རྣ་བས་མཉན་བྱའི་རི་མོ་དང༌། རི་མོ་ནི་མིག་གི་བལྟ་བྱའི་སྙན་ངག་རེད་ཅེས་དང༌། སྙན་ངག་ནི་གཟུགས་མི་མཐོང་བའི་ལྡེབས་རིས་ཡིན་ལ། ལྡེབས་རིས་ནི་སྐད་ཆ་མི་བཤད་པའི་སྙན་ངག་ཞིག་གོ །ཞེས་བཤད་པ་ལ་གཞིགས་ན།  སྒྱུ་རྩལ་གྱི་རི་མོ་ཞིག་གི་འོས་འགན་ནི་དབྱར་དགུན་སོགས་དུས་ཚིགས་དང་སྲོག་ལྡན་གྱི་བྱད་གཟུགས་དགའ་སྡུག་གི་མཚོན་དོན་སོགས་རང་རང་གི་རྣམ་པ་དེ་དངོས་འབྲི་དང་མཚོན་དོན་གང་ཡིན་ཡང༌། མ་གཞི་དེ་དང་དེའི་རྣམ་པ་ལྟར་རྟོག་དཔྱོད་པས་མཐོང་མ་ཐག་དགའ་སྐྱོ་ཆགས་སྡང་གི་ཚོར་བ་གསར་བ་ཞིག་དང་འགྲོགས་ནས། རི་མོ་དེའི་འཚོ་བ་དངོས་ཤིག་བརྒྱུད་སྤྲོད་བྱེད་མ་ཐུབ་ན་རི་མོ་དེར་སྒྱུ་རྩལ་གྱི་རྣམ་པས་སྟོང་སོང་བ་ཡིན། དེ་ལྟར་ན་མིག་ལམ་དུ་མཛེས་མཛེས་ལྟར་སྣང་བའི་རི་མོ་དག་ལ་ནི་སྒྱུ་རྩལ་གྱིས་ཕྱུག་པའི་རི་མོའི་གོ་གནས་དེ་ནམ་ཡང་ཐོབ་མི་སྲིད།
གཉིས།  འཛམ་གླིང་དུ་རིག་གནས་གཞན་ལས་རི་མོ་ནི་ཆེས་དར་སྔ་བ་ཡིན།
  ཕྱི་གླིང་གི་རི་མོའི་ལོ་རྒྱུས་འགའ་ཞིག་ན་གོ་ལ་འདིར་འགྲོ་བ་མི་འཚོ་སྡོད་བྱས་ནས་སྤྲ་ནས་རིམ་པར་རིག་པ་ཇེ་གསལ་དུ་སོང་བ་ནས་ཡག་རྩོག་གི་དབྱེ་བ་འབྱེད་ཤེས་པའམ་མཛེས་དཔྱོད་ཀྱི་ལྟ་བ་ཆགས་པ་ནས་བཟུང༌། ཤིང་དང་ལོ་མ། བྲག་ངོས་སོགས་ལ་རི་མོ་འབྲི་བའི་རིག་པ་འདི་དར་ཡོད་པར་བཤད་པ་ལྟར་ན་འཛམ་གླིང་འདིར་ཆེས་སྔ་བའི་རིག་གནས་ནི་བཟོ་རིག་པ་ཡིན།  ཡང་བཟོ་རིག་པའི་ལོ་རྒྱུས་སྨྲ་བ་དག་གིས་འདི་ལྟར་བཤད་ཡོད། ཐོག་མར་མིས་སྐད་ཆ་བཤད་མི་ཤེས་པའི་སྔ་རོལ་ནས་རི་དྭགས་སོགས་འགྲོ་བ་མཐོང་ཚེ་དེ་དང་དེའི་གཟུགས་འདྲ་བ་བྲིས་ཏེ་ཕན་ཚུན་གོ་བརྡ་སྤྲོད་པར་བཤད་ཡོད་པ་ལ་གཞིགས་ནའང་རི་མོ་ནི་ཆེས་སྔ་མོ་ནས་བྱུང་བར་རྟོགས་ཐུབ།  གནའ་བོའི་ཤུལ་རྫས་རྟོག་དཔྱོད་རིག་པ་བའི་རྟོགས་ཞིབ་གཞིར་བཟུང་ནའང་ང་ཚོར་ལོ་རྒྱུས་སྔོན་མའི་སྒྱུ་རྩལ་དང་འཚོ་བའི་ཕྱོགས་མང་པོ་ཞིག་གི་ཤེས་རྟོགས་གསར་བ་གང་མང་ཞིག་གི་བློ་སྒོ་ཆེས་ཆེར་འབྱེད་ཐུབ་ཀྱིན་ཡོད། དེས་ན་ཡོ་རོབ་གླིང་དུ་གནའ་དཔྱོད་རིག་པ་བ་ཚོས་ཤར་ཕྱོགས་ཀྱི་ཏོ་ནའོ་ཆུ་བོའི་འགྲམ་རྒྱུད་དང༌། ཧྥ་རན་སེའི་ལྷོ་ཕྱོགས་དང་སི་ཕེན་གྱི་དོང་ཁུང་སོགས་ས་ཆ་མང་བོ་ཞིག་ནས་གནའ་ཤུལ་གྱི་རྫས་མང་པོ་རྙེད་པ་རེད། དེ་དག་ནི་ལོ་ཁྲི་ཕྲག་མང་པོའི་ཡར་སྔོན་རྡོ་ཆས་རྙིང་བའི་དུས་རབས་ཀྱི་སྤྱོད་རྫས་ཤིག་ཡིན་པར་རྟོགས།  ད་དུང་དངོས་རྫས་དེ་དག་ལ་བརྐོས་པའི་དབྱིབས་བྱད་སོགས་རགས་བསྡུས་བྱས་པར་བལྟས་ན། རི་དྭགས་དང་རྩི་ཤིང་སོགས་ཀྱི་རི་མོ་འདྲ་མིན་སྣ་ཚོགས་དང་འཁྱོག་ཐིག་མི་འདྲ་བ་དག་མཐོང་ཐུབ།  ད་དུང་དངོས་གཟུགས་ཆེ་བ་དག་ལ་ཤ་བ་འབྲོང་སོགས་སྲོག་ཆགས་སྣ་ཚོགས་ཀྱི་རི་མོ་དང༌།  རྡོ་ངོས་སོགས་ལ་བུད་མེད་ཀྱི་གཟུགས་བརྙན་དང་མེས་པོ་རྣམས་སྡོད་པའི་བྲག་ཕུག་ནང་དུ་གདོད་མའི་ལྡེབས་བྲིས་འབུར་དུ་དོད་པའི་རི་མོ་དག་ལས་རྒྱུས་ལོན་ཐུབ་པ་ནི། རི་མོ་ནི་ལོ་ཁྲི་ཕྲག་མང་པོའི་ཡར་སྔོན་ནས་ལོ་རྒྱུས་ཀྱི་གོམ་འགྲོས་དང་འགྲོགས་ནས་འོང་བས་རིག་གནས་གཞན་པ་དག་ལས་ཀྱང་བྱུང་སྔ་བའི་སྒྱུ་རྩལ་ཞིག་ཡིན་པ་གསལ་བོ་བཤད་ཐུབ་ཀྱིན་ཡོད།
འཛམ་གླིང་འདིར་ཡི་གེ་མ་བྱུང་བའི་སྔ་རོལ་ཙམ་ནས་རི་མོ་ཆེས་ཆེར་དར་རྒྱས་སུ་སོང༌།  རི་མོ་སྣ་ཚོགས་ཀྱི་ལམ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་འབྲི་བ་དང་ཕན་ཚུན་ལེགས་སྐྱེས་དང་བརྡ་སྤྲོད་བྱེད་འཕྲིན་ཚབ་ལ་སྐུར་བ།  དགའ་སྟོན་སོགས་ཀྱི་སྐབས་དང་སྡོད་གནས་ཀྱི་ལྡེབས་ངོས་སོགས་སུའང་རི་མོ་སྣ་ཚོགས་བཀོལ་སྤྱོད་ཀྱི་གཞི་རྒྱ་ཇེ་མང་དུ་སོང༌།
དེས་ན་རི་མོ་འདི་འཛམ་གླིང་ཐུན་མོང་གི་གདོད་མའི་སྤྱི་ཚོགས་ནས་ཆེས་སྔ་བའི་རིག་གནས་ཤིག་ཡིན་པ་ཤུལ་རྙེད་གནའ་རྫས་སོགས་མིག་མཐོང་ལག་ཟིན་དུ་ཡོད་པ་དག་གིས་ང་ཚོར་ར་སྤྲོད་གསལ་བོ་བྱེད་ཐུབ་པར་གྱུར་ཡོད།
གསུམ།  དུས་རབས་དཀྱིལ་མའི་རི་མོར་གྲུབ་མཐའ་མང་དུ་གྱེས།
  དུས་རབས་དཀྱིལ་མའི་སྐབས་སུ་རི་མོའི་སྒྱུ་རྩལ་ནི་འཛམ་གླིང་གི་ཆོས་ལུགས་སོགས་དང་འབྲེལ་བ་དམ་པོར་ཆགས། སྤྱི་ལོ་སྔོན་གྱི་དུས་རབས་ ༦ པ་ཡས་མས་ཤིག་ནས་འཛམ་གླིང་དུ་རིམ་བཞིན་ཆོས་ལུགས་ཆེན་པོ་གསུམ་སོགས་དར་ཁྱབ་ཏུ་ཡོང་བར་བརྟེན་རི་མོ་ནི་ཆོས་ལུགས་ཀྱི་བྱེད་ཐབས་དང་བཟོ་སྐྲུན་གྱི་རྒྱུ་ཆ་ཞིག་ཏུ་གྱུར། དེ་མཚུངས་སུ་ནུབ་གླིང་དུ་ཆོས་ཁང་བཟོ་སྐྲུན་དང༌། ལྷ་རིས་བརྐོས་རྒྱག་དང་ལྡེབས་བྲིས་སྣ་ཚོགས་ལྷའི་བྱད་གཟུགས་ཞིབ་འབྲི་སོགས་ཀྱི་རི་མོའི་སྒྱུ་རྩལ་ཆེས་ཆེར་དར། ཤར་ཕྱོགས་སུའང་སངས་རྒྱས་ཆོས་ལུགས་དར་བ་ནས་བཟུང་རྒྱ་གར་དུ་ནང་བསྟན་དང་འབྲེལ་བའི་སྒྱུ་རྩལ་གྱི་རི་མོ་དར་རྒྱས་སུ་གྱུར། རིག་རྩལ་བསྐྱར་དར་ནི་འཛམ་གླིང་གི་གསར་རྗེའི་དུས་རབས་ཤིག་ཡིན་པས་རིག་གནས་སྣ་ཚོགས་གསར་བཏོད་ཀྱི་རླབས་རྒྱུན་དང་འགྲོགས་ནས་རྒྱལ་ཁབ་སོ་སོའི་རི་མོ་ཆེད་མཁས་པ་ཚོས་རི་མོའི་སྒྱུ་རྩལ་གྱི་འདུ་ཤེས་སམ་འབྲི་ཐབས་སྣ་ཚོགས་ཀྱི་ལམ་ནས་རིང་ལུགས་མི་འདྲ་བ་མང་དུ་བསླངས། སྐབས་དེར་ལྷ་སྒྲུང་དང་ཆོས་ལུགས་ཀྱི་རིས་གྲུབ་རི་མོ་ཞལ་རིས་དང་གནས་ལྗོངས་རི་མོ་སོགས་ཀྱི་གོ་གནས་འཛིན་མགོ་བརྩམས་པ་ཡིན།
བཞི།  དུས་རབས་བཅུ་དགུ་ཚུན་ཆོད་ནས་རི་མོའི་འཕོ་འགྱུར་དུས་རབས་ལ་སླེབས།
  དུས་རབས ༡༩ བ་ནི་ནུབ་གླིང་ལོ་རྒྱུས་སྟེང་དུ་གནམ་ས་སྟེང་འོག་བསྒྱུར་བ་ལྟ་བུའི་དུས་རབས་ཤིག་ཡིན་པར་སེམས།དེ་མཚུངས་སུ་རི་མོའི་སྒྱུ་རྩལ་ལའང༌།  བརྗོད་བྱ་དང་མཚོན་ཐབས་སོགས་གང་ཐད་ནས་སྔ་ན་མེད་པའི་བཅིངས་འགྲོལ་ཐོབ་པ་དང་ཆབས་ཅིག  རི་མོའི་སྒྱུ་རྩལ་དེ་ཆབ་སྲིད་དང་སྤྱི་ཚོགས་ལ་ཐེ་གཏོགས་བྱེད་པའི་ཐད་འབྲེལ་བ་དམ་པོ་བྱུང༌། དུས་རབས ༡༩ ནས་བཟུང་བག་ཆགས་རིང་ལུགས་དང་འཆར་བརྙན་རིང་ལུགས་དང༌། བསླངས་གཟུགས་རིང་ལུགས་སོགས་འབྲི་ཐབས་མང་དུ་དར་ཏེ་འཕེལ་རྒྱས་ཧ་ཅང་མྱུར་བ་དང་བསྟུན་ནས། སྒྱུ་རྩལ་བས་རི་མོའི་དབྱིབས་དང་བརྗོད་དོན། མཚོན་དོན་སོགས་མི་འདྲ་བ་སྣ་ཚོགས་སྟོན་ཐུབ་པའི་སྔར་མེད་སྒྱུ་རྩལ་བྱུང་བ་ན། སྐབས་དེའི་ཆབ་སྲིད་དང་སྤྱི་ཚོགས་འགལ་འབྲེལ་སོགས་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་པའི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར། དེར་བསྟེན་གནད་དོན་དེ་དག་ལ་ཞིབ་འཇུག་དང༌། ཐེ་གཏོགས་ནན་མོ་བྱེད་པའི་མགོ་བརྩམས་པ་ཡིན། དུས་རབས ༡༩ ནང་གི་རི་མོའི་རིང་ལུགས་མང་ཆེ་བ་ལོ་རབས་ ༤༠ ཡན་བརྒལ་མ་ཐུབ་པར་དེ་གར་ལུས། དུས་རབས ༢༠ པའི་ནང་དུ་མངོན་མཚོན་རིང་ལུགས་གསར་དུ་དར། སྐབས་འདིར་དུས་རབས ༡༩ ནང་ནས་དར་བའི་བག་ཆགས་རིང་ལུགས་པའི་རི་མོ་འབྲི་ཐབས་དེ་མི་གང་མང་ཞིག་གིས་ཁྱད་མཚར་དུ་བལྟས་ནས་ནུབ་གླིང་རྒྱལ་ཁབ་སོགས་སུ་དར་རྒྱས་ཆེན་པོ་བྱུང༌། དུས་རབས  ༡༩ བའི་ནང་དུ་བྱུང་བའི་བག་ཆགས་རིང་ལུགས་(印象派)པའི་ཕ་ཡབ་ཟེར་བའི་ཧྥ་རན་སིའི་(法国)སྐུ་ཞབས་མའོ་ལེའེ་(莫奈)ཡིས་བཤད་རྒྱུར།  རི་མོ་འབྲི་བའི་ཚེ་ན་རང་བྱུང་ཁམས་ཆེན་མོའི་པང་དུ་ཕྱིན་ནས་བྲིས་ན་བཟང་ཞིང་དེ་ལས་ལྡོག་སྟེ་ཁྱིམ་ནང་དུ་རི་མོ་བྲིས་ན་རི་མོ་ལེགས་པོ་འཁྱོངས་མི་ཐུབ་ཅེས་བཤད་པའི་སྐད་ཆ་དེ་སྐབས་དེའི་དགེ་རྒན་ལྟ་བུར་གྱུར་ནས་བག་ཆགས་རིང་ལུགས་པའི་དངོས་ཡོད་འཚོ་བ་འབྲི་བ་དང་ཁྱད་མཚར་འོད་རིག་པའི་འབྲི་ཐབས་(西画光感)ཀྱི་ལམ་ལ་བསྟེན་ནས་རི་མོའི་སྒྱུ་རྩལ་གྱི་འབྲི་ཐབས་གསར་བ་ཞིག་ལ་ཞུགས་པའི་མགོ་བརྩམས། དེ་ནས་བཟུང་རི་མོ་བ་མང་ཆེ་བ་ཞིག་ལ་ཆེས་མཛེས་སྡུག་ལྡན་པའི་དཔྱིད་དཔལ་གསར་བ་ཞིག་ཤར་བའི་སྣང་བ་འགོག་མེད་དུ་འཆར་གྱིན་འདུག  དེང་རབས་རི་མོའམ་(现代绘画)དུས་རབས་གསར་བའི་འོད་རིག་པའི་སྒྱུ་རྩལ་འབྲི་ཐབས་(西画光感)ཀྱི་རི་མོ་དེ་སྐབས་འདི་ནས་བཟུང་དར་མགོ་བརྩམས་པ་ཡིན།
ལྔ།  བོད་ཀྱི་རི་མོའང་འཛམ་གླིང་སྟེང་དར་སྔ་བ་ཡིན།
  བོད་གྱི་རི་མོའི་སྒྱུ་རྩལ་ནི་གདོད་མའི་སྤྱི་ཚོགས་ཀྱི་སྐབས་ནས་བཟུང་རང་མི་རིགས་ཀྱི་ཁྱད་ཆོས་གསལ་བའི་སྒྱུ་རྩལ་མང་དུ་བསླངས་ཡོད།ང་ཚོས་ནམ་ཡང་ལོ་རྒྱུས་དང་ཤུལ་རྫས་ཀྱི་རུམ་ཁ་སློག་ཚེ་ཡ་མཚར་བའི་གནས་ལུགས་མང་པོ་ཞིག་བརྒྱུད་སྤྲོད་བྱེད་ཀྱིན་ཡོད།སྐབས་འདིར་ཡང་གནའ་དཔྱོད་རིག་པ་བས་མཁོ་སྤྲོད་ཀྱི་རྒྱུ་ཆ་འཚོལ་བསྡུ་ལྟར་ན། ལོ་ངོ་ཁྲི་ཕྲག་དུ་མའི་ཡར་སྔོན་ནས་རྡོ་ཆས་དུས་རབས་ཀྱི་རུས་ཆས་དང༌། རྫ་ཆས། རྡོ་ཆས་སྣ་ཚོགས། འདམ་བཟོས་སོགས་གནའ་རྫས་གང་མང་ཞིག་བོད་ཡུལ་ཀྱི། ཆབ་མདོ་དང་ཤར་རྒྱལ་མོ་རོང༌། དབུས་གཙང་ལྷོ་ཁ་སོགས་ས་ཆ་སོ་སོ་ནས་རྙེད་པ་དག་ལ་བརྟག་དཔྱོད་བྱས་ཚེ། བཟོ་བཀོད་ཞིབ་ཅིང་ཕྱི་ནང་ཀུན་ན་གསོན་ཉམས་ལྡན་པའི་རི་མོ་སྣ་ཚོགས་ཀྱི་བཟོ་བཀོད་ཡོད་པ་དང༌། གནའ་མིའི་གཞིས་ཀ་མཚོན་པའི་གུ་གེའི་གནའ་ཤུལ་ལྡེབས་རིས་དང་རི་དྭགས་ཀྱི་གཟུགས་བྱད་དག་ལས་རྟོགས་ཐུབ་པ་ནི་བོད་ཀྱི་ཡ་ཐོག་རི་མོའི་སྒྱུ་རྩལ་ལའང་དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་སོགས་ཀྱི་གཟི་མདངས་ཆེས་ཆེར་རྒྱས་ཡོད་པར་མཚོན་ཡོད། ད་དུང་ཆབ་མདོ་དང་དབུས་གཙང་གི་ས་ཁུལ་གྱི་ཕུག་པ་དང་བྲག་ངོས་དག་ཏུ་བརྐོས་རིས་དང་ཐིག་རིས། ལེན་ཤད་རི་མོ། འཚེར་ཅན་རི་མོ། སྨྱུག་གཟེབ་རི་མོ་སོགས་མཚལ་དང་ཐལ་ནག་གིས་བྲིས་པ་སོགས་ད་དུང་མངོན་པར་ཡོད་པ་དག་ནི་སྔ་ན་མེད་པའི་བོད་ཀྱི་བཟོ་རིག་པའི་ལོ་རྒྱུས་རིང་བའི་བདེན་དཔང་གསལ་ཐག་ཆོད་པ་ཞིག་ཡིན།
སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པར་བཞེངས་བའི་བོད་ཀྱི་རྒྱལ་བོའི་ཕོ་བྲང་གི་ཐོག་མར་གྲགས་པའི་ཡུམ་བུ་བླ་མཁར་བརྩིགས་པའི་ཡས་མས་ཤིག་ནི་བོད་ཀྱི་བཟོ་རིག་པའི་དར་རྒྱས་ལ་སྔ་ན་མེད་པའི་སྒྱུ་རྩལ་བྱུང་བའི་འགྱུར་ལྡོག་ཆེན་པོའི་དུས་རབས་ཤིག་ཡིན། དེའི་ཡར་སྔོན་ཞིག་ནས་རྡོ་བཟོ་དང་ཤིང་བཟོ། རྡོ་བརྐོས་རི་མོའི་ལག་རྩལ་སོགས་རྒྱལ་ཁབ་གཞན་ལ་མེད་པའི་ལག་རྩལ་ལ་དབང་འབྱོར་ཡོད་པ་ད་ལྟའི་དུས་རབས་གསར་བའི་ནང་འཛམ་གླིང་གི་རྟོག་དཔྱོད་ཞིབ་འཇུག་པ་དག་གིས་ཁ་ཕྱིར་འཛམ་གླིང་ལ་འཁོར་ཏེ་གསལ་བཤད་བྱེད་ཀྱིན་ཡོད་པ་མིག་སྔའི་གནས་ཚུལ་ཡིན་པས་སུས་ཀྱང་གོ་སླ།
དེས་ན་བོད་ཀྱི་རི་མོ་ནི་འཛམ་གླིང་གི་རི་མོའི་འཕེལ་རྒྱས་དང་འགྲོགས་ནས་རང་རྐྱ་ཐུབ་པའི་ངང་འཕེལ་རྒྱས་བྱུང་བའི་སྒྱུ་རྩལ་ཞིག་ཡིན་པ་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན།
དྲུག  བོད་དུ་ནང་བསྟན་ལྷ་རིས་སྒྱུ་རྩལ་དར་ཁྱབ་བྱུང་བ།   
  དྲང་སྲོང་ཨ་ཏྲེའི་བུས་སྦྱར་བའི་རི་མོའི་མཚན་ཉིད་ཚངས་པའི་ཚད་ཡིག་ལས། སྔོན་མི་རྣམས་ཚེ་ལོ་འབུམ་ནས་བྲི་བའི་ཚེ་རྒྱལ་བོ་འཇིགས་ཐུལ་གྱི་དོན་རྐྱེན་གྱིས་ལྷ་ཚངས་པའི་དྲུང་ནས་རི་མོའི་གདམས་པ་བླངས་ཏེ་མི་ཡུལ་དུ་དར་ཚུལ་སོགས་རྒྱས་པར་བཤད་ཡོད།  ལོ་ ༣༠༠༠ མ་ལོན་པ་ཞིག་ན་རྒྱ་གར་ཤར་ཕྱོགས་སུ་སྟོན་པ་སངས་རྒྱས་ཀྱི་ཆོས་ལུགས་དར་བ་ནས་བཟུང་སྟོན་པའི་སྐུ་བརྙན་སོགས་བྲིས་སྐུ་དང་འབུར་སྐུའི་རི་མོ་མཛེས་བཟོའི་སྒྱུ་རྩལ་གྱིས་སྤྲས་པའི་རི་མོ་ཞིག་དར་ཁྱབ་ཏུ་སོང༌།  དེ་རྗེས་ཡ་གླིང་ཤར་རྒྱུད་བོད་ཡུལ་དུ་ནང་བསྟན་དར་བ་ནས་བཟུང་རིམ་བཞིན་ལྷ་རིས་འབྲི་བའི་སྲོལ་ཡང་དར། ལྷག་པར་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྒྱལ་རབས་ནས་བཟུང་ལྷའི་ཐིག་རྩ་དང་མཆོད་རྟེན་གྱི་ཐིག་རྩ།  དཀྱིལ་འཁོར་གྱི་ཐིག་རྩ་སོགས་དར་ཏེ་མདོ་དབུས་ཀུན་ཏུ་ལྷ་རིས་སྒྱུ་རྩལ་ཆེས་ཆེར་དར་རྒྱས་བྱུང༌།  ཕལ་ཆེར་བོད་གདོད་མའི་དུས་ནས་བྱུང་བའི་རི་མོ་འབྲི་ཐབས་དེ་དུས་རབས་འདི་ནས་བཟུང་རང་ཤུགས་ཀྱིས་དོ་སྣང་མེད་པར་གྱུར་ཏེ་བྲིས་རྒྱུན་ཆེར་མེད་པར་མངོན།
དེ་རྗེས་ལྷ་རིས་སྒྱུ་རྩལ་གྱི་རིན་ཐང་ཇེ་མཐོ་རུ་ཕྱིན་ཏེ་བོད་འདིར་སྒྱུ་རྩལ་མི་འདྲ་བའི་གྲུབ་མཐའ་མང་དུ་གྱེས་པ་ལས་གཙོ་བོ། སྨན་ལུགས་དང༌། བྱེའུ་སྒང་བའི་ལུགས། ཀརྨ་སྒར་བྲིས་ཏེ་ལུགས་ཆེན་པོ་གསུམ་བྱུང་བ་སོགས་དང༌། བསྟན་པ་སྔ་དར་དང་ཕྱི་དར་ལ་ལྷ་རིས་པ་གྲགས་ཅན་བྱུང་བ་དང་འབྲི་ཚུལ་མི་འདྲ་བ་ཐིག་རྩ་དང་ཚོན་ལྡེབ་ལུགས་སོགས་ནི་ཆེས་སྔ་མོའི་དུས་ནས་བོད་ཀྱི་ལྷ་རིས་པ་དང་མཁས་པ་ཚོའི་བརྩམས་ཆོས་དག་ལ་དེང་སང་གི་མཁས་པ་ཚོས་བཤུ་བྲི་བསྐྱར་པར་བྱས་པ་མང་དྲགས་པས། སྐབས་འདིར་ཡང་ལད་ཟློས་སྐོར་ཅིག་བྱས་པ་ལ་དགོས་པ་མེད་པས་མང་པོ་ཞིག་མ་བྲིས་ཀྱང་རྟོགས་སླ་བར་གྱུར་འདུག  ཡང་ཅིག་བཤད་ན་བོད་དུ་ལྷ་རིས་ཀྱི་རི་མོ་དར་བ་ནས་བཟུང་བོད་ཀྱི་རི་མོ་ཡོངས་རྫོགས་མཛེས་ཆོས་མཚོན་དོན་གྱི་རི་མོ་རྐྱང་རྐྱང་གི་ཕྱོགས་སུ་ཤོར།  ལྷག་པར་དུ་དུས་རབས  ༡༧ པའི་ནང་སྡེ་སྲིད་ཀྱིས་ལྷ་རིས་ཐིག་རྩ་གཏན་ཁེལ་བྱས་ཏེ་གཞུང་ལུགས་བརྩམས་པ་ནས་བཟུང་བོད་ཀྱི་ལྷ་རིས་རི་མོ་དེ་བཀག་རྒྱ་ཅན་ཞིག་དང་མཛེས་བཟོ་ཅན་དུ་གྱུར། དེའི་རྐྱེན་གྱིས་ཡུལ་ལྗོངས་རི་ཆུ། སྲོག་ཆགས། ལྷ་དང་མི་སོགས་འཚོ་བའི་ཕྱོགས་ཀྱི་རི་མོ་དག་ཀྱང་མཛེས་བཟོ་དང་ཕན་ཚུན་རིགས་འདྲ་བ་ཅན་ཞིག་ཏུ་གྱུར་མགོ་བརྩམས།
དེང་རབས་སྔོན་ཐོན་རི་མོ་དག་དང་བསྡུར་ནས་གཞིགས་ན།  བོད་ཀྱི་ལྷ་རིས་པ་སུ་ཡིན་ནའང་སྤྱི་འགྲོས་ཤིག་བཤུ་འབྲི་བྱེད་པ་དང༌། ལྷ་སྐུ་མང་ཆེ་བ་ཕོ་ལྷ་དང་མོ་ལྷའི་ཁྱད་ཅུང་ཟད་ལས་གཅིག་མཚུངས་འབྲི། དེ་བཞིན་ནམ་ཡང་ལྷ་སྐུ་འབྲི་ཚེ་ལེབ་ལེབ་ཀྱི་རྣམ་པ་དང་སྙིང་རྗེ་ཆེ་བ་དང་ཤེས་རབ་ཆེ་བའི་ཉམས་འདོན་པའི་བྱ་ཐབས་མེད་པ་སོགས་ནི་ལྷ་རིས་པའི་རི་མོ་ལ་སྒྱུ་རྩལ་མེད་པའི་མཚོན་རྟགས་ཅིག་ཡིན་པར་བཤད་ཀྱིན་ཡོད་པའང་བདེན་ཚོད་དུ་འདུག 
བདུན།  འབྱུང་འགྱུར་བོད་ཀྱི་རི་མོ།
  མིག་སྔར་འཛམ་གླིང་གི་ནུབ་གླིང་སོགས་རི་མོ་གྲགས་ཅན་གཞན་དང་བསྡུར་ན་འཛམ་གླིང་སྔོན་ཐོན་གྱི་གྲལ་ལ་འཚང་ཀ་རྒྱག་པ་ལས་ཀྲོང་ངེར་འགྱིང་ཐུབ་མེད་པ་ནི། རི་མོ་བས་སྒྱུ་རྩལ་དང་ལག་ལེན། བསམ་བློ་དང་གསར་བཏོད་ཀྱི་འབྲི་སྟངས་གང་གི་ཐད་ནས་ཀྱང་ལྷ་རིས་རི་མོ་དེ་རི་མོའི་སྒྱུ་རྩལ་གྱི་ལམ་ལ་སྙེག་ཐུབ་པ་ཞིག་ཤིན་ཏུ་དཀོན་པར་གྱུར། དེས་ན་ང་ཚོ་བོད་ཀྱི་ལྷ་རིས་རི་མོ་འདིའི་མ་འོངས་བའི་མདུན་ལམ་རྒྱ་བསྐྱེད་དགོས་ན་ངེས་པར་དུ་གསར་བཏོད་དང་བསྒྱུར་བཅོས་ཀྱི་འཕེལ་རྒྱས་གསར་བ་ཞིག་གི་དབུ་འཛུགས་དགོས་པ་ནི་དོན་གནད་གལ་ཆེན་ཞིག་ཡིན།  དར་རྒྱས་དེའང་ལད་ཟློས་བཤུ་འབྲི་བྱས་པ་ཙམ་གྱིས་མི་འོང་སྟེ། བོད་ཀྱི་ལྷ་རིས་པ་སུ་ཞིག་གིས་ཀྱང་བོད་ཀྱི་རི་མོ་དེ་རྗེས་ལུས་སུ་གཏོང་འདོད་ཅིག་སུ་ལ་ཡོད། རིག་གནས་གང་ཡིན་ཡང་དར་སྤེལ་དང་ཁྱབ་རྒྱ་ཅན་དུ་གཏོང་དགོས་ན་རང་ཚུགས་མ་བོར་བའི་སྟེང་དུ་ཞན་ཆ་ཡོད་རིགས་དོར་བ་དང༌། རང་གི་རྣམ་དཔྱོད་ཀྱིས་གསར་བཏོད་དང་རིགས་གནས་གཞན་པའི་ལེགས་ཆ་ནང་འདྲེན་བྱས་ཏེ་ལག་རྩལ་སྣ་ཚོགས་བེད་སྤྱད་ནས་བོད་རང་གི་ཐུན་མོང་མ་ཡིན་པའི་ལྷ་རིས་སོགས་རི་མོའི་རིགས་ལ་འབྲི་ཐབས་གསར་བའི་སྒྱུ་རྩལ་ཞིག་ཆགས་སུ་འཇུག་པ་ནི་བོད་ཀྱི་ལྷ་རིས་པ་རྣམས་དང་རི་མོ་བ་དག་གིས་འོས་འགན་གསར་བ་ཞིག་ཡིན་པ་རྟོགས་དགོས།  ཚད་འདི་ལ་སླེབས་ན་ད་གཟོད་བོད་ཀྱི་རི་མོའི་སྒྱུ་རྩལ་དེ་འཛམ་གླིང་རང་བཞིན་ཅན་དུ་འགྱུར་བ་གདོད་མི་ཟ་བ་ཡིན།  ངེས་དགོས་པ་ཞིག་ལ་སྤྱིར་རིག་གནས་གང་ཡིན་ཡང་སྲོལ་རྒྱུན་རིག་གནས་ཀྱི་མཛེས་དཔྱོད་ལྟ་བ་དེའི་སྟེང་དུ་གཞན་པའི་ལེགས་ཆ་དག་བླངས་ནས་ཁ་གསབ་བྱས་ན་ད་གདོད་ཡར་རྒྱས་སུ་སོང་བའི་ཚད་ཡིན་པ་དང༌།  དུས་རབས་གསར་བའི་བླུན་རྨོངས་བ་འགའ་ཞིག་ལྟར་སྲོལ་རྒྱུན་དང་རང་གི་མཛེས་དཔྱོད་ཀྱི་ལྟ་བ་དག་རྒྱང་དུ་དོར་ནས་གཞན་པའི་ལེགས་ཆ་དག་བེད་སྤྱོད་བཏང་ན་དེ་ནི་གཞན་གྱི་རིག་གནས་ཀྱིས་དབང་བསྒྱུར་བ་ཡིན་པ་ལས་རང་གི་རིག་གནས་འཕེལ་རྒྱས་སུ་སོང་བ་གཏན་ནས་མིན་པས།  ལྷག་ཏུ་བསམ་བློ་གཏོང་དགོས་པའི་གནས་ཤིག་ཡིན།
བརྒྱད།  རི་མོའི་སྒྱུ་རྩལ་ནི་བསམ་བློ་ཞིག་གི་ཆ་ཤས་ཡིན།
  སྤྱིར་རི་མོ་ཁྱད་པར་བ་ཞིག་ཡིན་ན་དེ་ལ་ངེས་པར་དུ་སྒྱུ་རྩལ་ཚད་ཅན་ཞིག་ལྡན་ཡོད། དེའང་སྒྱུ་རྩལ་མ་ཤེས་ན་དེ་ཇི་ལྟར་ལྡན་ཡོད་པའང་རྟོགས་དཀའ།  དེས་ན་སྒྱུ་རྩལ་ནི། ཕྱི་གླིང་བ་ཞིག་གིས་འདི་ལྟར་བཤད་མྱོང་སྟེ། སྒྱུ་རྩལ་ནི་ལག་བརྡ་དང་འདྲ་བར་སྐད་ཆ་མིན་པའི་མཚོན་བརྗོད་རྣམ་པ་དང་དབྱིབས་བྱད་དྲིལ་བསྒྲགས་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན། ཞེས་དང༌།  པ་ཨར་གྲ་ཁིས་ཀྱང༌། སྒྱུ་རྩལ་ནི། ཉུང་ཅི་ནུས་པའི་ཐབས་ཀྱིས་མང་ཅི་ཐུབ་ཀྱི་བསམ་བློ་མཚོན་པར་བྱ་བ་དེ་ཡིན། ཞེས་སོགས་སྡོམ་ཚིག་གང་མང་ཞིག་དང༌།  ལྷག་ཏུ་ཧྥ་རན་སིའི(法国)སྐུ་ཞབས་མའོ་ལེའེ་(莫奈)ཡིས་བཤད་རྒྱུར། རི་མོ་འབྲི་བའི་ཚེ་ན་རང་བྱུང་ཁམས་ཆེན་མོའི་པང་དུ་ཕྱིན་ནས་བྲིས་ན་བཟང་ཞིང་། དེ་ལས་ལྡོག་སྟེ་ཁྱིམ་ནང་དུ་རི་མོ་བྲིས་ན་རི་མོ་ལེགས་པོ་འཁྱོངས་མི་ཐུབ་ཅེས་བཤད་པའི་སྐད་ཆ་དེ་དག་གིས་རི་མོ་འབྲི་ཐབས་དང་རི་མོའི་སྒྱུ་རྩལ་བསྟན་ཡོད།
དེས་ན་རི་མོའི་སྒྱུ་རྩལ་ནི་དུས་རབས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་མི་རིགས་ཤིག་གི་མཛེས་དཔྱོད་ཀྱི་འདུ་ཤེས་གསར་བ་ཞིག་ལས་བྱུང་ལ། སྒྱུ་རྩལ་གྱིས་བརྩམས་པའི་རི་མོ་ལ་ལ་ནི་མཚོན་དོན་གཏིང་ཟབ། མཚོན་དོན་ཞེས་པ་ནི་སྒྱུ་རྩལ་བརྩམས་ཆོས་ཀྱི་ནང་དོན་དང་བརྗོད་སྙིང་དེ་ཡིན་ཞིང༌། དེར་གསོན་ཉམས་དང༌། བླ་སྲོག རང་གཤིས་རྣམ་དག སྙིང་སྟོབས་སོགས་ཚུད་ཡོད། བརྩམས་ཆོས་དེའི་སྙིང་བོ་མྱོང་ཤེས་ཚེ་རྩོམ་པ་བོའི་མཛེད་དཔྱོད་ཀྱི་རིན་ཐང་དང་བསམ་བློ། སྐབས་དེའི་སྤྱི་ཚོགས་རིག་གནས་ཀྱི་རིན་ཐང་དང་གནས་བབས། མིའི་བསམ་བློ་དང་ཁོར་ཡུག འཚོ་བ་གང་མང་ཞིག་ལ་རྒྱུས་ལོན་གསལ་བོ་བྱེད་ཐུབ་པར་མ་ཟད་མིག་ལམ་དུ་དངོས་སུ་སྣང་བ་ལྟ་བུ་དང་སེམས་ལའང་བསླངས་གཟུགས་ཀྱི་རྣམ་པ་ཇི་བཞིན་འཆར་ཐུབ།  གསོན་ཤུགས་དང་ལྡན་པའི་རི་མོ་ཞེས་པ་ནི་གཙོ་བོ། སྲོག་ལྡན་རི་མོ་དང༌། ཡུལ་ལྗོངས། རི་ཆུ། རང་བྱུང་ཁོར་ཡུག་དང་འཚོ་བ་སྣ་ཚོགས། དུས་ཚིགས་སོགས་གང་དང་གང་གི་རི་མོ་ཡིན་རུང་དེ་ག་པར་བླངས་བ་དང་མིག་གིས་དངོས་སུ་མཐོང་བ་ལྟར་ཉི་འོད་དང་གྲིབ་མའི་བསླངས་གཟུགས་སོགས་དངོས་ཡོད་ཀྱི་རྣམ་པ་དངོས་འབྲིའི་ལམ་ནས་བརྒྱུད་སྤྲོད་བྱས་པ་ཞིག་ལས་མེད།  དཔེར་ན་མྱ་ངམ་བྱེ་ཐང་གི་གནའ་བོའི་ཤིང་སྡོང་ནི་བརྟན་ཅིང་བརླིང་བ་ཞིག་ཡིན་ཞེས་འབྲི་བ་དང་རྗོད་པ་ལས། མྱ་ངམ་བྱེ་ཐང་དུ་ཤིང་སྡོང་རྐམ་པོ་ཡལ་ག་ས་ལ་འཐོར་པའི་ཉམས་ལྡན་ཞིག་བྲིས་ན་མཐོང་བ་ཙམ་གྱིས་ཅི་འདྲའི་སྐྱི་གཡའ་བ་སོགས་ཚོར་སྣང་མི་འདྲ་བ་མང་བོ་ཞིག་དངོས་སུ་སྟེར་ཐུབ་པ་ནི་མྱོང་ཚོར་གྱིས་རྟོགས་ཐུབ་ཀྱིན་ཡོད།
འཇར་མན་གྱི་རི་མོ་བ་མོ་ཅིན་གྱིས།  ལྷིང་འཇགས་ཀྱི་ནམ་ཟླ་ཞིག་ལ་སྨྱུག་མ་སྟུག་པོ་དང་མེ་ཏོག་སྐྱེས་པའི་སྒོ་རའི་ནང་ཆར་བ་སིམ་སིམ་འབབ་པའི་ཤག་སྒྲ་ལ་ཉན་ཏེ། འཛུམ་མདངས་གྲོལ་བའི་མེ་ཏོག་གི་མགོ་བོ་དུད་པ་དང༌། ལུས་ཆར་ཐིགས་ཀྱིས་བརླན་པ། སྨྱུག་ལོས་ཆར་ཐིགས་ཁུར་ནས་ལུས་ལྡེམ་ལྡེམ་དུ་གཡོ་བ་སོགས་ཀྱི་རྣམ་པ་ཇི་བཞིན་རི་མོ་ཞིག་བྲིས་པ་ལ་ཇི་མ་ཇི་བཞིན་ཧ་ཅང་གསོན་ཉམས་ལྡན་པས། འཛམ་གླིང་དུ་ཆེས་མིང་གྲགས་ཆེ་བའི་རི་མོ་ཞིག་ཏུ་གྱུར་ནས་རྒྱལ་སྤྱིའི་སྟེང་འགྲེམ་སྟོན་དང་དགའ་བསུ་མང་དུ་ཐོབ་མྱོང༌།
སྙན་ངག་པས། དངོས་འབྲིའི་རྒྱབ་ལྗོངས་བཀྲ་བའི་སྙན་ངག་ཅིག་ཡིན་ན་དེའི་སྐབས་ཀྱི་མང་ཚོགས་ཀྱི་འཚོ་བ་དང༌། ཆབ་སྲིད། དཔལ་འབྱོར། བསམ་བློའི་ཆུ་ཚད་ཡུལ་སྲོལ་གོམས་གཤིས་སོགས་མང་པོ་ཞིག་ཤེས་རྟོགས་ཐུབ་ཅེས་བརྗོད་ན།  རི་མོ་བས། སྒྱུ་རྩལ་གྱི་ལྗིད་ཚད་ཡོད་པའི་རི་མོ་ནི་དེ་ལས་ཀྱང་དུས་སྐབས་དེའི་རྣམ་པ་དེ་ཤེས་རྟོགས་ཙམ་མ་ཡིན་པར་དངོས་སུ་མཐོང་བའི་ཚོར་སྣང་རྣོན་པོ་ཞིག་སྐྱེ་ཐུབ་ཅེས་བཤད་ན་གནས་ལུགས་ཀྱི་རྒྱབ་རྫོང་བརྟན།
སྙན་ངག་པས། སྙན་ངག་ནི་འགྲོ་བ་མིའི་རིགས་ཀྱི་བླ་སྲོག་ཡིན། སྙན་ངག་མེད་ན་མིའི་བླ་སྲོག་སྟོང་སོང་བ་ཡིན་ཞེས་ལབ་ན།  རི་མོ་བས། རི་མོ་ནི་འགྲོ་བ་མིའི་ཚེ་སྲོག་གི་དྭངས་མ་ཡིན། རི་མོ་མེད་ན་མིའི་ཚེ་སྲོག་གི་དྭངས་མའམ་གདོད་མའི་དུས་ཀྱི་མིའི་ཚེ་སྲོག་གི་འབྱུང་ཁུངས་ཀྱི་རྣམ་པ་དང་འཚོ་སྡོད་ཀྱི་རྣམ་པ་དེ་གཞི་ནས་ཤེས་མི་ཐུབ། ཅེས་ལབ་པའི་སྐད་ཆ་དེ་འོས་འཚམས་ཡིན།
སྙན་ངག་པས། སྙན་ངག་ནི་དུས་རབས་ཀྱི་ལོ་རྒྱུས་དྲན་པའི་དཔང་བོ་ཡིན། སྙན་ངག་མེད་ན་ལོ་རྒྱུས་ཀྱི་དཔང་བོ་མེད་ཅེས་ཁ་ཤོམ་འཐེན་ན།  རི་མོ་བས། རི་མོ་ནི་ལོ་རྒྱུས་ཀྱི་རྡོ་རིང་ཡིན། རི་མོ་མེད་ན་རིག་གནས་དང་ཡི་གེ་མེད་པའི་ཡར་སྔོན་གྱི་ལོ་ཁྲི་ཕྲག་མང་བོའི་མི་རིགས་ཀྱི་ལོ་རྒྱུས་ཤེས་མི་སྲིད་ཅེས་བཤད་པའི་སྐད་ཆ་དེ་ངོ་མས་གནས་ལུགས་དང་ལྡན་པ་ཞིག་རེད།  ༼འཕྲོ་མུ་མཐུད་འགོད་རྒྱུ།
·གསར་འགྱུར་གོང་མ:ཡ་རབས་སྤྱོད་བཟང་སྐོར་གྱི་བཀའ་སློབ།
·གསར་འགྱུར་འོག་མ:འཛམ་གླིང་དང་བོད་ཀྱི་རི་མོའི་ཕྲན་དཔྱད།༢
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 16:06:40 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 20:35:27 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 6:59:37 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 45 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།42.97MS