རྟ་མཆོག་ལ་སྦྱར་བའི་ལོ་གསར་ཤིས་ཚིག
དོན་གྲུབ་རྡོ་རྗེ།
སྣོད་བཅུད་རྟེན་འབྲེལ་རྩལ་གྱིས་འཕུར་བའི་ཤུགས་འབྱུང་དབང་གི་རྟ་མཆོག་ལགས།།
མགྱོགས་པའི་རྨིག་སྒྲས་སྤོབས་པ་བསྐྱེད་དེ་འཚེར་སྐད་སྙན་མོ་མཁའ་རུ་འཕྱོ།།
ཤེས་རབ་རྣོན་པོ་སྟོབས་ཀྱིས་ལྡིང་ཞིང་མི་འཇིགས་ཕྱོགས་ལས་རྣམ་པར་རྒྱལ།།
སྲིད་པའི་ཐང་ཆེན་བང་གིས་གཅོད་དེ་སྡེ་བཞིའི་རླུང་རྟ་ཡར་ལ་བསྟོད།།
གནམ་ལ་ཉི་ཟླའི་གཟའ་སྐར་འཛོམས་ཤིང་འདོད་རྒུའི་དངོས་གྲུབ་ཆར་དུ་འཇོ།།
ས་ལ་རྫོགས་ལྡན་དུས་ཚོད་བཟང་བས་དགེ་ལེགས་བྱེ་བའི་འོད་ཟེར་འབར།།
བཀྲ་ཤིས་མི་ནོར་ཆོས་གཡང་འཁོར་ཞིང་བསྟན་འགྲོའི་འཕྲིན་ལས་དཔལ་དུ་རྒྱས།།
བཀྲ་ཤིས་ས་གསུམ་ཀུན་ནས་ཁྱབ་ཏེ་རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཤོག །
དུས་འཁོར་ལུགས་རྩིས་བོད་ཀྱི་རྒྱལ་ལོ ༢༡༤༡ ཤིང་རྟ་ལོའི་ལོ་སར་ཚེས་གཅིག་ལ།