ངའི་སེམས་ཁོང་གི་ཁྲུང་ཁྲུང་དཀར་མོ།
ཚངས་དབྱངས་དྲ་བའི་འཁྲུངས་སྐར་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།
སྒྲོལ་མ་བ་ཐུབ་བསྟན་ཕུན་ཚོགས།
དྭངས་ཤིང་གཙང་བའི་སྐྱིད་ཤོད་ཀྱི་མཁའ་དབྱིངས་སུ
བརྗིད་ཆགས་ཀྱི་དམར་པོ་རི་ཡི་མཐོངས་དབྱིངས་སུ
ཁྲུང་ཁྲུང་ཁྱུ་ཞིག
གཤོག་འགྱུར་གྱི་གོམ་སྟབས་བསྒྱུར་ཞིང
བརྩེ་ཞེན་གྱི་དགོད་སྒྲས
ལྷིང་འཇགས་ཀྱི་གནའ་གྲོང་གཉིད་ལས་དཀྲོག
སྐྱིད་ཆུའི་འཇིངས་སུ་གསེར་མིག་ཉ་མོ་རྩེན་ཞིང་མཆོངས
གསེར་ཁྲིས་སླར་ཡང་དྲོད་ཁོལ་སྦྲུམ
ཇོ་ཤཀ་ཟུང་གིས་འཛུམ་།ལ་བསྟན
གླ་བ་ཚལ་ནས་མདོངས་མཐས་ཟློས་གར་བསྒྱུར
ཁྲི་གདུགས་ཉི་མས
དྲོས་འཇམ་གྱི་ཉི་འོད
ཕོ་བྲང་དམར་པོའི་ཁྱམས་སུ་སྤྲོ
ཁྲུང་ཁྲུང་དཀར་མོས
འདུན་པ་ཁྲི་ཕྲག་རུམ་དུ་བཅུག་སྟེ
ཀྱག་ཀྱོག་གི་རི་གྲོང་འཕྲེད་དུ་བཅད་ནས
བག་ཆགས་ཤིག་གིས
སླར་ཡང་མགུར་གླུ་སྨྲ་བའི་སྟེགས་སུ་བླངས
ཁྲུང་ཁྲུང་དཀར་མོ
ཁྱེད་ཀྱི་མགུར་དབྱངས་རེ་རེ་ལས
ངེད་ཅག་ལ་བཅངས་པའི་རེ་བ་དང་སྐུལ་མ་ཐོས་བྱུང
ཁྲུང་ཁྲུང་དཀར་མོ
ཁྱེད་ཀྱི་དྲག་ཏུ་ལྡིང་བའི་སེམས་པ་དམར་པོ་ལས
ངེད་ཅག་ལ་སྤོབས་པ་དང་ཡིད་ཆེས་བསྩལ་བྱུང
ཁྲུང་ཁྲུང་དཀར་མོ
ཁྱེད་ཀྱི་དམིགས་རྒྱང་དང་གཤོག་སྣེ་ལས
ངེད་ཅག་གི་བདེ་སྐྱིད་དང་འོད་སྣང་མཐོང་བྱུང
ཁྲུང་ཁྲུང་དཀར་མོ
ཁྱེད་སྐྱིད་ཤོད་དུ་ཕེབས་པ
ངེད་ཅག་གི་བསོད་བདེ་ཡིན་ཞིང
ཁྱེད་ཀྱི་མགུར་གླུ་སྙན་མོ
སྐྱེ་འགྲོ་ཡི་གསོས་སྨན་ཡིན
ཀྱེ། ཁྲུང་ཁྲུང་དཀར་མོ
ཁྱེད་ངེད་ཅག་གི་ཆེད་དུ
གནས་འདི་རུ་བརྟན་བཞུགས་གནང་རོགས
ཁྲུང་ཁྲུང་དཀར་མོ
ཁྱེད་ལ་མི་འདོད་པའི་རྐྱེན་ངན་བྱུང་ན
ཁྱེད་ཀྱི་དངོས་གྲུབ་ཡིན་པས
བཟོད་སྒོམ་བཞེས་རོགས
བཟོད་པ་དང་སྒམ་བརླིང
རྒྱལ་ཁའི་ས་བོན་ཡིན
ཀྱེ། ཁྲུང་ཁྲུང་དཀར་མོ
ཁྱེད་སྐྱིད་ཤོད་དུ་ཕེབས་པར
ངེད་ཅག་གིས་སྙིང་དབུས་ནས
བཀྲ་ཤིས་རྟེན་འབྲེལ་ཞུ །།