འཇང་དགུན་ཆོས་ཆེན་མོའི་ལོ་རྒྱུས་རགས་བསྡུས།
འཇང་དགུན་ཆོས་ཆེན་མོ་ནི་གྲོང་ཁྱེར་ལྷ་སའི་ཆུ་ཤུར་རྫོང་ཁོངས་གནམ་ཤང་འཇང་གྲོང་ཚོའི་ཕུ་རུ་ཡོད་པའི་འཇང་དགོན་པ་རུ་ཚུགས་ཀྱི་ཡོད། དེ་ནི་ལོ་རྒྱུས་རིང་ལ་གྲགས་ཆེ་ཙམ་ཞིག་ཡིན། དགོན་གནས་དེ་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་རླབས་པའི་གནས་ཤིག་ཡིན་པར་གྲགས་ཤིང་དགོན་པ་དེ་འདེབས་པར་མཛད་པོ་ནི་འཇམ་དབྱངས་མངོན་མཁྱེན་པའམ་ལ་ལས་འཇང་ཕུ་མངོན་མཁྱེན་པ་ཟེར། ཁོང་ནི་ཕལ་ཆེར་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་གོང་དུ་བྱོན་པ་མིན་ནམ་སྙམ། འཇང་དགོན་པར་ཚོགས་ཆེན་འདུ་ཁང་དང་། སྙེ་ཐང་ར་སྟོད་དགོན་གྱི་ཁང་ཚན་སོ་སོའི་སྤྱི་ཁང་། འབྲས་སྤུངས་བློ་གསལ་གླིང་དང་། སྒོ་མང་། སེ་རྭ་སྨད་དང་། བྱེས་པ། དགའ་ལྡན་ཤར་རྩེ་དང་། བྱང་རྩེ་སོགས་གྲྭ་ཚང་སོ་སོའི་སྤྱི་ཁང་དང་། ཁང་ཚན་ཁག་གཅིག་གི་སྤྱི་ཁང་ཡོད། དུས་རྒྱུན་ཚོགས་ཆེན་དུ་ར་སྟོད་དགོན་གྱི་དཀོན་གཉེར་ཞིག་དང་། གྲྭ་ཁང་སོ་སོའི་ཁང་པ་སྲུང་མཁན་མ་གཏོགས་གཏན་སྡོད་གྲྭ་པ་མེད། དེ་གར་ལོ་ལྟར་བོད་ཟླ་བཅུ་གཅིག་པ་དང་བཅུ་གཉིས་པའི་ནང་འཇང་དགུན་ཆོས་རྩོད་ཞེས་སེ་འབྲས་དགའ་གསུམ་དང་། མཉེས་ཐང་རྭ་སྟོད། འོན་མངའ་རིས་གྲྭ་ཚང་སོགས་མཚན་ཉིད་དར་ཁྱབ་ཆེ་ཙམ་ཡོད་པའི་དབུས་ཁུལ་གྱི་དགོན་སྡེ་ཁག་གཅིག་གི་དགེ་འདུན་སྟོང་ཕྲག་བརྒལ་བ་འཛོམས་ཏེ་གཞུང་ཆེན་བཀའ་པོད་ལྔའི་ནང་ཚན་ཚད་མ་རྣམ་འགྲེལ་ལ་བརྒལ་བརྟག་གསན་བཞེས་མཛད་སྲོལ་ཡོད། དེའི་རིང་ཚོགས་ཆེན་དུ་གཏོང་སྒོ་གཏོང་རྒྱུ་དང་། སྒྲིག་ལམ་གནོན་རྒྱུ། ཆོས་ཕྱོགས་བྱེད་སྒོའི་གཙོ་འགན་འཁུར་རྒྱུ་སོགས་མཉེས་ཐང་ར་སྟོད་ཀྱིས་བྱེད་ཀྱི་ཡོད། དེ་གར་སྔ་མོ་མཉེས་ཐང་ར་བ་སྟོད་དང་། སེ་ར་སྨད་གྲྭ་ཚང་། དགའ་ལྡན་ཤར་རྩེ་གྲྭ་ཚང་། འབྲས་སྤུངས་སྒོ་མང་གྲྭ་ཚང་། དེ་མིན་གཞིས་དགོན་ཁ་ཤས་ལས་དངོས་སུ་ཕེབས་སྲོལ་མེད་ཀྱང་སེ་རྭ་བྱེས་ཀྱི་དགེ་འདུན་འཇང་དགུན་ཆོས་སུ་ཕེབས་འདོད་མཁན་རྣམས་མཁན་པོར་དགོངས་པ་ཞུས་ཏེ་མངོན་ཆུང་གི་ཚུལ་དུ་ཕེབས་མཁན་མི་ཉུང་བ་ཞིག་ཡོད་སྐད། རྗེས་སུ་སེ་རྭ་བྱེས་དང་། འབྲས་སྤུངས་བློ་གསལ་གླིང་། དགའ་ལྡན་བྱང་རྩེ་སོགས་ནས་འཇང་དགོན་པར་གྲྭ་ཁང་གསར་སྐྲུན་ཐོག་དགེ་འདུན་པ་རྣམས་དངོས་སུ་ཆོས་ཐོག་ལ་ཕེབས་རྒྱུའི་གཏན་འབེབས་བཟོས་པ་དང་། སེ་ར་བྱེས་གྲྭ་ཚང་ནས་འཇང་དགུན་ཆོས་སུ་ཕེབས་མཁན་རྣམས་ལ་འབྲུ་ཕོགས་ཤིག་ཀྱང་རྒྱག་གི་ཡོད་འདུག །
སེ་འབྲས་དགེ་གསུམ་གྱི་སྤྲུལ་སྐུ་ཆེ་ཆུང་ཚང་མ་འཇང་དགུན་ཆོས་ལ་ཐེངས་རེ་ཕེབས་དགོས་པ་དང་། ཚོགས་ཆེན་སྤྲུལ་སྐུ་ཡན་གྱི་སྤྲུལ་སྐུ་ཚོས་དེ་གའི་ཚོགས་ཆེན་དུ་གཏོང་སྒོ་རེ་གནང་སྲོལ་དང་། སྤྲུལ་སྐུ་གཞན་ཚོས་སོ་སོའི་གྲྭ་ཚང་ལ་གཏོང་སྒོ་རེ་གནང་ལམ་ཡོད། དེ་གར་ཕེབས་མཁན་ནི་གྲྭ་པ་མཚན་ཉིད་པ་མ་གཏོགས་མེད་ལ། ནམ་དུས་ཀྱང་གྲང་ངར་ཆེ་བ། ཆ་རྐྱེན་ཞན་པ་སོགས་ལ་བརྟེན་ནས་ཆོས་ལུགས་ལ་སྦྱང་བརྩོན་རྣམ་དག་གནང་མཁན་མ་གཏོགས་གྲྭ་པ་གང་བྱུང་ཕེབས་སྲོལ་མེད་ཐོག་དཀའ་ངལ་ཡང་བཟོད་དཀའ་བས་“འཇང་དགུན་ཆོས་ལ་སླེབས་འདུག་ཟེར་ན་བདག་འམ་བུ་སྨྱོ་བའི་རྟགས་རེད་”ཅེས་ཤོད་སྲོལ་ཡོད། ། དགུན་དུས་ཀྱི་ཆོས་ཐོག་དེར་“འཇང་དགུན་ཆོས་”དང་། “འཇམ་དབྱངས་དགུན་ཆོས་”ཞེས་ལུགས་ཀྱི་བྱེད་སྒོ་དེ་འཇམ་པའི་དབྱངས་ཀྱིས་ལུང་བསྟན་པས་དེ་སྐད་འབོད་པ་ཡིན་འདུག ཉིན་རེ་ཚོགས་ཆེན་དུ་སྔ་ཇ་དང་། དགུང་ཚིགས། གྲྭ་ཁང་སོ་སོར་གྲྭ་ཇ་དང་། དཔེ་ཁྲིད། ཚོགས་ཆེན་གྱི་ཆོས་ར་དང་། རྡོ་གཅལ། གྲྭ་ཁང་སོ་སོའི་ར་སྒོར་བཅས་ལ་དམ་བཅའ་དང་རྩོད་པ་ཚུགས་ཤིང་། ད་དུང་གྲྭ་ཚང་ཕན་ཚུན་བར་དམ་བཅའ་འཇོག་རེས་བྱེད་པ་མ་ཟད། མཚན་གང་རྩོད་པ་བྱེད་པར་མཚན་སྤེལ་དམ་བཅའ་ཞེས་འབོད། ནམ་དུས་ཧ་ཅང་གྲང་བ་དང་དགེ་འདུན་པ་ཚོས་གོས་ཕུ་ཐུང་ཅན་བསྣབས་མི་ཆོག་པའི་ཁར་རྩོད་པ་བྱེད་རིང་གཟན་སྐེ་པར་དཀྲིས་དགོས་སྟབས་དཔུང་པ་མན་དམར་བརྗེན་དུ་སྟོན་ཏེ་ཐལ་མོ་འདེབས་པ་སོགས་གཞུང་དོན་འཆད་རྩོད་ལ་རྩོད་པ་དྲག་པོས་གཡེངས་ནས་གྲང་རེག་གི་སྣང་བ་མ་ཚོར་བར་དུས་འདས་མཐར་དགུན་གྱི་གྲང་ལྷག་གིས་གཙེས་པའི་དབང་གིས་ཕྱག་ཞབས་ལ་སེར་ཁ་བྱུང་ནས་ཁྲག་ཙིམ་ཙིམ་བྱེད་ཀྱང་ཐོས་བསམ་སློབ་གཉེར་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་མཁན་རྣམས་ནི་ལུས་ཀྱི་དཀའ་དུབ་ལ་ཇི་མི་སྙམ་པར་གཞུང་དོན་ཁོང་དུ་ཆུད་ཕྱིར་འབད་པ་དོན་ལྡན་དུ་བྱེད་པ་ཡིན། དེ་ཡང་རྗེ་གུང་ཐང་པས། ཀུན་བྱང་འཇུག་ལྡོག་ཚུལ་ལ་མི་རྨོངས་ཤིང་། །ཚོགས་ཀྱི་དབུས་སུ་སྨྲ་མཁས་དཔལ་འདོད་ན། །ད་ལྟ་བཟའ་འཐུང་གཉིད་ཀྱི་བདེ་བ་ལ། །ཆགས་པའི་སྐྱིད་ཆོས་འདི་ཡིས་མི་འགྲུབ་པས། །དཀའ་དཔྱད་སྡུག་རུས་བཟོད་པར་གྱིས་ཤིག་ཨང་། །ཞེས་གསུངས་པ་ཉམས་སུ་ལེན་མཁན་ཞེ་ཅིག་སྣང་། དེ་ལྟར་ཉིན་རེའི་ཚོགས་དང་ཆོས་ར་འགྲིམ་པ་ཕུད། མཚན་མོ་ནམ་ཕྱེད་བར་རྡོ་གཅལ་གྱི་དཀྱིལ་དུ་ས་ངེས་མེད་ལ་ཕྱག་འཚལ་གྱི་ཡོད་པ་ནི་རྡོ་གཅལ་གྱི་འོག་ཏུ་འཇམ་དབྱངས་ཀྱི་བླ་རྡོ་ཞིག་རྒྱུག་འགྲོ་བཞིན་ཡོད་པས་ཕྱག་འཚལ་མཁན་གྱི་བྲང་ཁ་དང་རྡོ་དེ་རྒྱུག་པ་ཐུག་ན་ཤེས་རབ་འཕེལ་གྱི་ཡོད་པར་གྲགས། །
བོད་ཟླ་བཅུ་གཉིས་ཚེས་ཤར་གྱི་ཉིན་གཅིག་གྲྭ་པ་ཕལ་ཆེར་ཤིང་སློང་ཞེས་འཇང་དགོན་གྱི་ནུབ་ངོས་དགའ་འཛོམས་ལ་ཞེས་པ་བརྒྱབ་ནས་གྱེ་རེ་ལྷ་པའི་༼ད་ལྟ་ཚལ་པ་ནང་ཤང་གི་ཁོངས་༽ཕོ་བྲང་དུ་ཞག་གཅིག་བཞུགས་ཏེ། དེ་གར་དམ་བཅའ་ཞིག་ཚོགས། དེ་ནུབ་གྱེར་ལྷ་པ་ཁྱིམ་ཚང་ནས་བསྙེན་བཀུར་ཞུས་ཤིང་། དམ་བཅའ་ཁྲི་ནི་རྒྱ་ལྕོག་འདྲ་བའི་ཤིང་ཁྲི་རྙིང་སོང་རྒྱུན་བུས་བཅིངས་པ་ཞིག་ཡོད་པ་དེ་རྗེ་ཙོང་པའི་དམ་བཅའི་བཞུགས་ཁྲི་ཡིན་ཟེར། ཕྱི་ཉིན་གྱེ་རེ་ལྷ་པའི་མདའ་ནས་རི་གཤམས་བསྐོར་ཏེ་འཇང་དགོན་པའི་རི་གཤམ་དུ་འབྱོར་སྐབས་ཆུ་སྤགས་ཞིག་གསོལ་རྗེས་ཤིང་འཁུར་བུ་རེ་བསྣམས་ནས་གྲལ་བསྟར་བསྒྲིགས་ཏེ་འཇང་དགོན་པར་ཕེབས་སྲོལ་ཡོད། དགོན་པ་དེར་རྟེན་གཙོ་ཇོ་བོ་སྲིད་ཞིའི་རྒྱན་གཅིག་ཅེས་སྐུ་རྒྱུ་ལི་མ་ལས་གྲུབ་པའི་ཐུབ་དབང་གི་སྐུ་བརྙན་མི་ཚད་མ་སེང་ཁྲི་རྒྱབ་ཡོལ་གསེར་ཟངས་ལས་གྲུབ་པ་དང་། འཇམ་དབྱངས་མངོན་མཁྱེན་པ། བསྟན་སྲུང་མགོན་པོ་ཕྱག་དྲུག་སོགས་ཀྱི་སྐུ་བརྙན་དང་། བཀའ་འགྱུར་སོགས་གསུང་རྟེན་གླེགས་བམ། ཐུགས་རྟེན་མཆོད་རྟེན་མང་པོ་སོགས་སྐུ་གསུང་ཐུགས་རྟེན་དུ་མ་བཞུགས། ད་ལྟ་ཡང་ཕྱིའི་འདུ་ཁང་སོགས་ལ་ཉམས་གསོ་དང་། ནང་གི་རྟེན་གསུམ་གསར་བཞེངས་ཀྱི་ར་སྟོད་དགོན་ནས་དོ་དམ་ཐོག འཇང་དགུན་ཆོས་ཀྱི་ཆོས་ཐོག་ཀྱང་ཉིན་ཉེར་ལྔ་ཙམ་ཚུགས་པ་བྱུང་མྱོང་།།