བཞི་མཆོད་དང་ལྔ་མཆོད།

བོད་ཟླ་བཅུ་པའི་ཚེས་ཉི་ཤུ་བཞི་ཉིན་ནི། ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་ཐོག་མར་ཕྱག་འདེབས་པར་མཛད་མཁན་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གང་ཉིད་དགོངས་རྫོགས་ཀྱི་དུས་མཆོད་ཉིན་མོ་ཞིག་ཡིན། དེའང་སྔར་ཏྭ་མིང་གོང་མས་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་སྙན་པ་གསན་ནས་གསེར་ཡིག་པ་མང་པོ་ལུང་དང་འབུལ་སྐྱེལ་གྱ་ནོམ་པ་དང་བཅས་གདན་འདྲེན་པར་མངགས་པ་ལ་དང་པོར་ཅུང་ཟད་དབེན་པ་འདྲར་མངོན་ཆུང་དུ་བཞུགས་ཏེ་མཇལ་དུ་མ་གནང་། རྗེས་སུ་མི་དབང་གྲགས་པ་རྒྱལ་མཚན་དང་དཔོན་ནམ་མཁའ་བཟང་པོ་བཅས་ངོ་ཆེན་དུ་སྤྲན་ནས་གསེར་ཡིག་པ་རྣམས་ལ་མཇལ་ཁ་གནང་རུང་། རྒྱ་ཡུལ་དུ་འབྱོན་པར་དགག་ཆ་ཆེ་ཞིང་དགོས་པ་ཆུང་བའི་ཞལ་ཏ་ནན་གྱིས་གནང་ནས་གསེར་ཡིག་པ་རྣམས་ཕྱིར་ལོག གོང་མར་རྒྱུ་མཚན་ཞུས་པས་སླར་ཡང་རྗེ་ཉིད་ཕེབས་མི་ཐུབ་པ་དེ་བཞིན་ཡིན་ནའང་། རྗེ་ཉིད་དང་ཁྱད་མེད་པའི་སློབ་མ་ཞིག་དབུ་བླར་དགོས་ཚུལ་ཕེབས་པས་བོད་རབ་བྱུང་བདུན་པའི་ས་བྱི༼༡༤༠༨༽བྱམས་ཆེན་ཆོས་རྗེ་ཤཱཀྱ་སེང་གེ་ཡེ་ཤེས་གང་ཉིད་རྗེ་ཙོང་ཁ་པའི་བཀའ་སློབ་ལྟར་ནང་སར་ཕེབས་ནས་གོང་མ་ཡུང་ལོ་རྒྱལ་པོ་དང་མཇལ། གོང་མའི་སྙུན་གཞི་བཅོས་ཤིང་དགོན་པ་བཏབ་པ་དང་། རི་བོ་དགའ་ལྡན་པའི་ཕྱག་ལེན་དར་བར་མཛད་པས་གོང་མ་རྒྱལ་པོས་འཕྲིན་ལས་སྣ་ཚོགས་ལ་མཁས་ཤིང་གསལ་བ། ཆོས་ཉིད་དམ་པ་མཆོག་ཏུ་རྒྱལ་བ། ཤེས་རབ་རྣམ་དག་སྣང་བ་ཆེན་པོ་ཀུན་ཏུ་ཁྱབ་ཅིང་རྒྱལ་ཁབ་སྐྱོབ་པ། བསྟན་པ་རྒྱས་མཛད་རབ་ཏུ་དགེ་བ་བྱམས་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་པའི་མཚན་དང་། འཇའ་ས། འབུལ་བ་བསམ་གྱིས་མི་ཁྱབ་པ་མཛད་ནས་འགྲན་ཟླ་མེད་པའི་དབུ་བླར་མངའ་གསོལ། དེ་ནས་ལོ་ཤས་བཞུགས་ཏེ་བོད་དུ་ཕྱིར་ཕེབས། དེ་རྗེས་སླར་ཡང་གདན་ཞུ་བྱུང་བ་ལྟར་གོང་མའི་ཕོ་བྲང་དུ་ཕེབས་ནས་སྲས་ཟོན་ཏེས་ཡབ་རྒྱལ་པོ་ལས་ཀྱང་གུས་བཏུད་ཆེ་བར་མཛད། རབ་བྱུང་བདུན་པའི་ཤིང་ཡོས༼༡༤༣༥༽ལོའི་ཟླ༡༠ཚེས་༢༤ཉིན་དབུས་སུ་ཕེབས་པའི་ལམ་བར་མཛོ་མོ་མཁར་དུ་ཞི་བར་གཤེགས། ཆོས་རྗེ་འདི་ཉིད་མཛད་རྗེས་ཤིན་ཏུ་ཆེ་བར་བརྟེན་རྒྱ་བོད་ཧོར་གསུམ་གྲུབ་མཐའ་རིས་མེད་ཀྱི་སྐྱ་སེར་མཐའ་དག་གིས་ཁོང་ལ་དྲན་གསོ་ཞུ་བའི་འདས་མཆོད་ཀྱི་མཆོད་སྤྲིན་རྒྱ་ཆེར་སྤྲོ་བའི་རྒྱུན་སྲོལ་བྱུང་བ་ལྟར་དེ་ཉིན་གྱི་དགོང་མོར་སེ་འབྲས་དགའ་གསུམ་སོགས་ཆོས་སྡེ་ཁག་དང་། རྩེ་ཕོ་བྲང་། གཙུག་ལག་ཁང་། དེ་བཞིན་ལྷ་ཞོལ་གྲོང་མི་བཅས་པའི་ཡང་སྟེང་ངམ་སྒེའུ་ཁུང་གི་མདུན་ངོས་སུ་མར་མེའི་ཕྲེང་བ་ཚར་དུ་དངར་བའི་གླིང་མེའི་མེ་མཆོད་སྤོར་བ་དེ་ལ་བཞི་མཆོད་ཅེས་འབོད་པ་ཡིན་པས་ལོ་ལྟར་བོད་བཅུ་པའི་ཚེས་ཉི་ཤུ་བཞིའི་ཉིན་བཞི་མཆོད་དང་དེའི་ཕྱི་ཉིན་ཚེས་ཉེར་ལྔ་ཉིན་རྗེ་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་མཆོད་འབུལ་དགའ་ལྡན་ལྔ་མཆོད་ཅེས་པ་ཡིན་པས། ཉིན་དེ་གཉིས་ཀྱི་མཚན་མོ་བོད་ལྗོངས་ཀྱི་གྲོང་ཁྱེར་ལྟེ་བ་ལྷ་སར་ཆ་མཚོན་ན་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། དགོན་སྡེ་ཁག ཡུལ་མི་སོ་སོ་བཅས་ནས་ཐོག་སྟེང་སོགས་ལ་མཆོད་མེ་སྤར། ལྷག་པར་ཚེས་ཉེར་ལྔ་ཉིན་མཆོད་མེ་ཟབ་རྒྱས་སྤར་ཐོག ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། དགོན་སྡེ་ཁག་བཅས་ཀྱི་ཡང་སྟེང་ནས་དུང་ཆེན་རྒྱ་གླིང་གི་སྙན་གསན་བཏང་། བྱིས་པ་ཚོས་གཡག་གི་ལྒང་བུ་ལ་ཕུ་བརྒྱབ་ནས་སྐམ་པའི་ནང་མཆོད་མེ་བླུག་པའི་ལྒང་བཞུ་འཁྱེར་ཏེ་བར་སྐོར་དུ་བསྐྱོད། དེ་ཉིན་ཕྱག་སྐོར་མཆོད་འབུལ་བྱེད་མི་མང་ལ་དགོང་ཟས་སུ་བག་ཐུག་འཐུང་སྲོལ་དེ་ཡང་མྱ་ངན་མཚོན་བྱེད་ཡིན་ཟེར། དེ་ཉིན་ནས་དཔོན་རིགས་རྣམས་དགུན་ཆས་གྱོན། རྩེ་ཕོ་བྲང་དུ་མཛད་སྒོ་ཡང་ཡོད།
དགའ་ལྡན་ལྔ་མཆོད་ཆེན་མོ།
བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་ནི་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་དུས་མཆོད་གྱི་ཉིན་མོ་ཞིག་ཡིན་པ་རེད། རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་ནི་བོད་རབ་བྱུང་དྲུག་པའི་མེ་བྱ་སྟེ་སྤྱི་ལོ1358 ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཤིང་། རྗེ་བདག་ཉིད་ཆེན་པོ་འདི་པས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་། དགའ་ལྡན་སྒྲུབ་མཆོད་ཆེན་མོ། གཉལ་གྱི་ལུང་ར་ཆེན་མོ། རྫིང་ཕྱིའི་བྱམས་པ་ཞིག་གསོ་བྱས་པ་སོགས་ཀྱི་མཛད་འཕྲིན་བླ་ན་མེད་པ་བགྱིས། ཁོང་ཉིད་རབ་བྱུང་བདུན་པའི་ས་ཕག་ལོ་སྟེ་སྤྱི་ལོ1419 ལོའི་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་ཏེ་དགུང་གྲངས་རེ་གསུམ་པའི་སྟེང་གཟིམ་ཁང་འོད་གསལ་སྦུག་ཏུ་དགོངས་པ་རྫོགས། དེའི་ཕྱིའི་ལྕགས་བྱི་ལོ་སྟེ་སྤྱི་ལོ1420 ལོའི་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་མེད་གསུམ་དང་། ཀྱེ་རྡོར། དུས་འཁོར། ཚེ་དཔག་མེད། ཀུན་རིགས་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་དང་དགོངས་རྫོགས་རྒྱ་ཆེ་སྨིན་སྒྲུབ་མཛད་པ་དང་མཉམ་དུ། ཆོས་རྗེ་ཤྰཀྱ་ཡེ་ཤེས་གདན་དྲངས་ཏེ་དགེ་འདུན་མང་པོས་ཆོས་ཀྱི་མཆོད་འབུལ་རྒྱ་ཆེར་མཛད་པ་ནས་བཟུང་། དེང་སང་གི་བར་དུ་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་བོད་ཡུལ་ཆོལ་ཁ་གསུམ་དུ་དད་ལྡན་མང་ཚོགས་ཀྱིས་མཆོད་པ་འབུལ་བ་དང་། ཕྱག་འཚལ་བ། སྨྱུང་གནས་སྲུང་བ། དམིགས་བརྩེ་མ་ཟློ་བ། དཀར་བའི་ལས་བགྱི་བ་སོགས་ཆོས་ཀྱི་ཆོ་ག་རྒྱ་ཆེན་པོ་བྱེད་པའི་སྲོལ་འདི་བྱུང་ཞིང་། རྗེའི་བཀའ་དྲིན་རྗེས་དྲན་དང་མྱ་ངན་ཞུ་བ་མཚོན་ཆེད་དེའི་ནུབ་མོར་དམངས་ཁྲོད་དུ་མྱ་ངན་ཐུག་པ་ཞེས་ཐུག་པ་བག་ཐུག་འཐུང་སྲོལ་ཡོད་པ་བཅས་དུས་ད་ལྟའི་བར་དུ་མ་ཉམས་པར་ཡོད་པ་དེའི་ཐོག་ནས་སེར་སྐྱ་ཡོངས་ཀྱིས་རྗེ་བདག་ཉིད་ཆེན་པོར་སྙིང་དབུས་ནས་དད་གུས་ཀྱིས་རྗེས་དྲན་ཞུ་བ་མཚོན་པར་བྱེད་ཀྱིན་ཡོད་པ་རེད།
དགུང་ལོ་ང་གསུམ་པ་ས་གླང་སྤྱི་ལོ་1409 ལོར་ལྷ་ས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མཆོད་ཚོགས་བཙུགས་པ་དང་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་སྟེ། ཆོས་ཀྱི་སྦྱིན་པ་བསམ་གྱི་མི་ཁྱབ་པ་མཛད། དགུང་ལོ་རེ་གཅིག་པ་མེ་བྱ་སྤྱི་ལོ1417 ལོར་དགའ་ལྡན་དུ་དཀྱིལ་འཁོར་སྒྲུབ་མཆོད་མཛད། ཡངས་པ་ཅན་གྱི་རྟེན་རྣམས་བཞེངས། དགུང་ལོ་རེ་གསུམ་པ་རབ་བྱུང་བདུན་པའི་ས་ཕག་སྤྱི་ལོ1419 ལོའི་བོད་ཟླ་10 བའི་ཚེས་25 ཉིན་དགའ་ལྡན་དུ་ཞི་བར་གཤེགས། །