ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> བྱུང་རབས
  གསར་འགྱུར་ཀློག་པ།

དབྱིན་བོད་དམག་འཁྲུག་ལས་ཐོབ་པའི་ལོ་རྒྱུས་ཀྱི་བསླབ་བྱ།

[རྩོམ་པ་པོ:སེམས་གསོན་པོ།  ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།  དུས་ཚོད:2013/12/3 22:05:36  བཀླགས་ཐེངས:908][ཡིག་གཟུགས:ཡིག་གཟུགས་མདོག]
དབྱིན་བོད་དམག་འཁྲུག་ལས་ཐོབ་པའི་ལོ་རྒྱུས་ཀྱི་བསླབ་བྱ།
 
དང་པོ། ཕྱོགས་ཡོངས་ནས་བོད་ཀྱི་ལོ་རྒྱུས་ལ་ཕྱིར་ལྟོས།
    འཇིག་རྟེན་ལུགས་ཀྱི་སྲིད་ལུགས་དོར་ནས་དམ་པའི་ཆོས་ལ་བློ་སྙིང་བཅོལ།།
ཆོས་ལུགས་གྲུབ་མཐའི་ཕྱོགས་རིས་འཁྱེར་ནས་སྤུན་ཟླ་ཕན་ཚུན་དམར་གསོད་བཏང་།།
གླེན་རྟགས་ཨུ་ཚུགས་ཐོད་དུ་སྦྱར་ནས་གསར་གཏོད་མ་ལུས་དུག་ཏུ་འཁུམས།།
སྐྱེ་བ་ཕྱི་མར་རྒྱགས་བྲོ་བཙལ་ནས་ཚེ་འདིའི་མངའ་ཐང་བློས་སུ་བཏང་།།
   དེབ་དཀར་མཁན་པོོས་སྤོབས་པ་ཆེན་པོའི་གདེང་འཇོག་ཚད་མཐོ་པོ་བྱས་པའི་སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས།། སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས།། ཅེས་པ་འདི་ལ་ཡང་དང་བསྐྱར་དུ་ཐེ་དོགས་སྐྱེས།མཐོ་ས་ནས་བོད་ཀྱི་ལོ་རྒྱུས་ལ་ཕྱིར་རྟོག་དང་བསམ་གཞིགས་ཤིག་བྱས་ན། རང་རེའི་བོད་འདི་མཚོན་ཁ་རང་ཕྱོགས་སུ་གཏོད་མཁན་ཞིག་དང་སྤུན་ཟླ་ནང་དམེ་ལ་ལྐོག་གཡོ་ངན་ཇུས་འཛོམས་པ། བྱས་རྗེས་ཅན་ལ་ཕྲག་དོག་དང་ཁྱད་གསོད། ལྷག་བསམ་ཅན་ལ་ངན་སྨོད་བྱེད་པ་བཅས་ཀྱིས་སེམས་རྒྱུད་བརླམས་པ་ཞིག་ཏུ་ཁོ་བོས་དུས་ནས་དུས་སུ་འཁུམས་ཡོད།
བོད་ཀྱི་ལོ་རྒྱུས་ཀྱི་ཐོག་མཐའ་བར་གསུམ་དུ་ཆོས་ལུགས་འཐེན་འཁྱེར་དང་མཆོད་ཡོན་འབྲེལ་བ། ཁ་རྡུང་སྒོ་རུབ། ཁྱོད་ཤི་ང་གསོན། གྲལ་རིམ་འཐབ་རྩོད། ཕ་ཤུལ་བུ་འཛིན་བཅས་ཀྱིས་མི་རིགས་ཤིག་ལ་སེམས་གཏིང་ནས་དོ་འཁུར་དང་ལྷག་བསམ་རྣམ་དག་གིས་ལས་བགྱིས་མཁན་ནི་ཉིན་མོའི་སྐར་མ་ལ་རྐང་བ་འཇོག ལྷག་པར་དུ་དགེ་ཆོས་ཀྱིས་གསུངས་བ་ལྟར་རང་རེའི་མི་རིགས་འདི་ཆེས་གདོད་མ་ནས་བསམ་བློའི་གཏིང་རུམ་དུ་རྨོངས་རྟགས་འདི་འདྲ་ཞིག་ཡོད་དེ། གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས།། རྙིང་པ་ཐམས་ཅད་ལྷ་ཡི་སྲོད་དུ་བསྒྲགས།། ཅེས་པ་ནི་ཇི་འདྲའི་བདེན་ཁ་སྟེར་བའིི་སྡོམ་ཚིག་རྣོན་པོ་ཞིག་ཅི་ལ་མིན། ས་སྒང་མཐོ་ས་ནས་ཁེར་རྐྱང་དུ་འཚོ་བའི་མི་རིགས་འདི་ལ་འཇིག་རྟེན་གྱི་གོ་རྟོགས་མེད་ལ། བོད་ཁམས་མ་གཏོགས་རྒྱལ་ཁབ་གཞན་དང་གླིང་གཞན་ལ་འགྲིམས་མྱོང་མེད་པས། སྔོན་ཐོན་ཚུར་ལེན་དང་རིག་གསར་ནང་འདྲེན་གྱི་བསམ་བློ་བ་མེད། རྟག་ཏུ་ལྷ་ཀླུ་གཞི་བདག་ཀུན་ལ་སྐྱབས་བཅོལ་ནས་འཆི་བ་མགོ་ཐོག་ཏུ་བསླེབས་ཀྱང་ད་དུང་ཅི་མི་སྙམ་པར་གཟུགས་མེད་འཛིན་མེད་ཀྱི་སྐྱབས་མགོན་ཞིག་ལ་སྙིང་ནས་སྒོམ་པའི་གོམས་སྲོལ་ཞིག་ལ། བོད་འདི་ཕྱོགས་གཞན་ཞིག་ནས་ཨུ་ཚུགས་ཆེ་ལ་གླེན་ཞིང་ལྐུགས་པས་དགྲ་བོས་མེ་སྒྱོགས་ཀྱི་མཚོན་ཁ་བསྐོར་ཡང་ད་དུང་ས་རྡོ་ཡི་བཙན་རྫོང་བརྩིགས་ནས་ཨམ་གཙིགས་བསྡམས་ནས་སྡོད་པར་གོམས་ཡོད།
   བོད་མི་རིགས་འདི་རིག་གནས་གསར་པ་ནང་འདྲེན་དང་ཚུར་ལེན་གྱིས་དེ་དག་ལ་ཆེད་སྦྱོང་དང་སློབ་སྦྱོང་བྱེད་པའི་སྔོན་ཐོན་གྱི་བསམ་བློ་བ་མེད་ལ། ཡོད་ཀྱང་སྤྱི་ཚོགས་ཀྱིས་དང་ལེན་མ་བྱས་པ་དང་ངོས་འཛིན་མ་ཐོབ་ནས་སྡུག་སྦྱོང་ཚད་མེད་ཀྱིས་རྐྱེན་ལམ་དུ་བརྫངས་བའི་མཐའ་འབྲས་སུ་བོད་ལ་སྔོན་ཐོན་རྒྱལ་ཁབ་ཀྱི་ཡར་རྒྱས་མིག་གིས་མཐོང་རྒྱུ་ལྟ་ཞོག་ཐ་ན་རྣ་བས་ཐོས་རྒྱུ་མ་བྱུང་བས། མི་རིགས་གཞན་པ་ཟླ་བའི་ཁང་བཟང་དུ་བསྐྱོད་དུས་ཀྱང་རང་རེའི་མི་རིགས་འདི་ད་དུང་བོང་བུར་ཞོན་ནས་སོས་དལ་བག་ཕེབས་ཀྱིས་གོས་སུ་ཤིང་ལོ་གྱོན་པའི་གདོད་མའི་འཚོ་ལུགས་ཤིག་ལ་འཐམས་ནས་ལྷག་ཡོད། མི་རིགས་གཞན་པས་མེ་སྒྱོགས་དང་ཐ་ན་གོ་ལ་ཧྲིལ་པོ་སྐད་ཅིག་ཉིད་ལ་ཐལ་བས་རྡུལ་དུ་བརླགས་པའི་འབར་གོས་བཟོས་ནས་འཐབ་རར་ཞུགས་ཀྱང་རང་རེའི་མི་རིགས་འདུ་ད་དུང་ཡང་འུར་ཆ་དང་འུར་རྡོ་བཟུང་ནས་ཕོ་ཟད་མོ་ལ་ཐུག མི་ཟད་རྡོ་ལ་ཐུག་ཀྱང་རང་སྲོག་བསྡོས་ནས་དམར་འཛིང་བྱེད་རྒྱུ་ཡིན་ཟེར་བའི་ཨུ་ཚུགས་རྐྱང་ལ་འཇུས་པའི་མི་རིགས་ཤིག  གོ་ལ་གཅིག་གྱུར་དང་ཕྱིར་སྐྱེལ་ནང་འདྲེན་གྱི་དུས་ལ་ཡང་བོད་པའི་རིག་གཞུང་ཉར་ཚགས་ཞེས་པར་ཁ་གཡར་ནས་དོན་ལ་དཔོན་ས་འཛིན་པ་ཚོས་ཁོང་ཚོའི་སྒེར་གཅོད་ཀྱི་སྲིད་དབང་འཛིན་སྟངས་དེ་འཇིག་རྟེན་ཀུན་ལ་ཁྱབ་ནས་དམངས་ལ་གཉའ་གནོན་དང་བཤུ་གཞོག་འོག་ནས་རང་ཉིད་ཀྱི་བདེ་བ་དོན་དུ་གཉེར་བའི་ང་ཚ་ཁ་སྐྱེངས་ཀྱི་ཐབས་ཇུས་བར་ནས་བཙལ་བའི་སྐད་ཅིག་གི་བདེ་སྐྱིད་དེ་མཇུག་སྒྲིལ་བར་ཞེད་སྣང་སྐྱེས་ནས་མ་ཁོག་ཀྱང་བོད་གཞུང་གི་བཀའ་ལུང་ཡིན་ཞེས་ས་མཚམས་ནས་བོད་མི་ཕྱིར་ལ་བསྐྱོད་མི་ཆོག་པ་དང་ཕྱི་མི་ནང་ལ་ཡོང་མི་ཆོག་ཅེས་རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་གྱི་ཁེ་དབང་ལ་བསམ་བློ་ཏིལ་འབྲུ་ཙམ་ཡང་གཏོང་གི་མེད། གཞན་གྱི་རིག་གཞུང་ལ་བརྩི་མཐོང་མི་སྤྲོད་པ་དང་ཕ་རོལ་པོའི་རྣམ་དཔྱོད་ལ་རྗེས་སུ་ཡི་རངས་མི་བྱེད་པ་འདི་ཡང་མི་རིགས་འདི་ཁྲོན་པའི་ཞབས་ཀྱི་སྦལ་བ་ལྟར་ལྷག་པའི་རྒྱུ་འབའ་ཞིག་ཏུ་གྱུར།ལྷག་པར་དུ་བོད་མི་རིགས་ཕུང་བྱེད་ཀྱི་རྒྱུ་རྣལ་མ་གཞན་ཞིག་ནི་མི་རིགས་དོགས་སློང་དང་དགག་བཞག་གི་ཁོར་ཡུག་གུ་ཡངས་པོ་ཞིག་མེད་པས་ལན་པ་རེད། ཆོས་ལུགས་པས་སྟོང་བསམ་བཅངས་ནས་ཚེ་འདིའི་ཁྱིམ་སྐྱོང་འཚོ་འཚིས་ཀྱི་བྱ་བཞག་སྤངས། འཇིག་རྟེན་པས་གོ་ས་སྙེག་ནས་མི་རིགས་ཀྱི་ལས་དབང་ཆུ་ལ་བསྐྱུར། དེང་རབས་བར་མའི་སྐབས་སུ་ནུབ་ཕྱོགས་ཡུལ་གྲུ་ཁག་ནས་བསམ་བློ་གསར་བརྗེ་ཡི་སྙིང་སྟོབས་དང་ཕུགས་བསམ་གྱིས་བཟུང་བའི་སྐྱེས་པ་དམ་པ་གསོན་སྲེག་རྒྱབ་ཚུལ་དང་ངན་གསོད་བྱས་ཚུལ་དེབ་ཐེར་དུ་གསལ་ལ། ཡིན་ན་ཡང་དུས་ཀྱི་འགྱུར་འགྲོས་ཁྲོད་ནས་ཁོང་ཚོས་དེ་དག་ནོར་འཁྲུལ་དུ་ཤེས་ནས་ལེགས་བཅོས་བཏང་ཐུབ་པ་བྱུང་ཡོད། ཡིད་སྐྱོ་བ་ཞིག་ལ་འཛམ་གླིང་གི་རྒྱ་ཕིབས་སུ་ཁེར་རྐྱང་དུ་འཚོ་བའི་རང་རེའི་མི་རིགས་འདི་ད་དུང་ཡང་སྟོང་བསམ་རིག་གནས་ལ་འཐམས་ནས་དངོས་ཡོད་རིག་གནས་ལ་གདོང་གཏད་པའི་དུས་ཤིག་ཤར་མེད། འདི་ལྟ་བུའི་གུ་དོག་དང་དང་ལེན་མེད་པའི་བསམ་བློའི་བག་ཆགས་འཐུག་པོ་ཡིས་མི་རིགས་ཀྱི་དར་རྒྱས་ལྕག་ཐག་དགུ་སྒྲིལ་མས་བསྡམས་ནས་ལྷག་ཡོད།
   མདོར་བསྡུས་ནས་བཤད་ན། ལོ་རྒྱུས་ཀྱི་འགོ་ནས་མཇུག ཕྱིར་ལྟོས་ཀྱི་མཐོ་ས་ནས་དམའ་ས། དེབ་ཐེར་གྱི་མངོན་སུམ་དང་ལྐོག་གྱུར། བཤད་རྒྱུན་དུ་གྲགས་པའི་ཕྱི་དང་ནང་། བཙན་པོའི་རྡོ་རིང་གི་མདུན་དང་རྒྱབ་གང་ནས་བལྟས་ཀྱང་རང་མཆོག་གཞན་ཉེས་དང་རང་བདེན་གཞན་རྫུན་གྱི་ལྟ་བ་ཞིག་གིས་མི་རིགས་འདིར་ཐར་ལམ་ཞིག་མ་སྤྲད་པ་དང་གུ་དོག་པོའི་བསམ་བློ་ཞིག་གི་བྲན་གཡོག་རྐྱང་རྒྱུགས་ནས་ཡོང་བ་ལོ་རྒྱུས་ཀྱིས་དམར་རྗེན་དུ་ར་སྤྲོད་བྱས་ཡོད།
གཉིས་པ།  དབྱིན་བོད་དམག་འཁྲུག་ལ་རགས་ལྟ།
༡༩༠༤ལོའི་ཟླ ༣ཚེས་༣༡ཉིན་གྱི་སྔ་དྲོ་བོས་དམག་རྣམས་ནས་རྡོས་བརྩིགས་པའི་འཛིངས་རགས་ཆུང་ཆུང་དེར་བློས་བཀལ་ཏེ་བསྒུགས་བསྡད་ཡོད་པ།ཉི་དྲོད་མཚམས་དབྱིན་དམག་ཚོ་ཁག་གཅིག་ཏུ་བསྒྲིགས་ནས་ལམ་གཞུང་རང་ལ་བལྟས་ནས་ཡོང་གི་ཡོད་པ།་དེ་འཕྲལ་མདའ་དཔོན་ལྷ་སྡིང་སྲས་དང་།རྣམ་གླིང་སྲས་པ། ཨབ་ཕྲུག་ཁ་ཤས་བཅས་འཛིང་རགས་ནས་ཐོན་ཏེ་མིག་རྒྱང་གང་ཙམ་ན་དབྱིན་ཇིའི་དཔོན་དམག་དང་ཐུག་ཉིད། དཔོན་རིགས་རྣམས་རྟ་ལས་བབས་ཏེ་སྔོན་ལ་ཕན་ཚུན་དཀྲོག་རྐྱེན་ཐལ་ཟིང་མི་འབྱུང་ཆེད་དབྱིན་དམག་གི་མེ་མདའི་ནང་ཡོད་མདེལ་རྣམས་འདོན་རྒྱུ་དང་། བོད་དམག་གི་སྦུད་བདེའི་མེ་གསོད་རྒྱུ་བྱས་ཏེ་ཚང་མ་བརྡ་ཁྱབ་བྱས།་དེ་ནས་བཀའ་མོལ་གནང་རྒྱུའི་རྩིས་ཀྱིས་ཅུང་ཟད་ས་ལ་སྡོད་མུས་དབྱིན་དམག་རྣམས་ཁ་ཐོར་ཏེ་ཉེ་འགྲམ་གྱི་རི་ཆུ་རྩེ་ནས་འབག་འབག་བཙུགས་པ་དང་། བོད་དམག་གི་ཕྱོགས་མཐའ་གསུམ་དབྱིན་དམག་གིས་བསྐོར་ཟིན་པ། དེ་གེའི་མུ་ནས་གློ་བུར་དུས་གཅིག་ལ་མེ་མདའ་དུས་གཅིགལ་བརྒྱབ་སྟེ་མདེའི་དྲག་ཆར་བབས་པ་ལྟར་ཡོང་པ་བོད་དམག་གིས་གྲོ་བཏོན་ཡག་གི་དུས་ཚོད་ཀྱང་མ་བྱུང་། དེ་ལྟར་ཇ་ཡུན་ལྔ་ཙམ་གྱི་རིང་ལ་མེ་མདའི་སྒྲ་མ་ཆག་པར་བསྡད་ཡོད། དམག་ས་དེ་ནས་བོད་དམག་ལྔ་བརྒྱ་ཉེར་གསུམ་གྱི་རང་སྲོག་ཤོར་བ་དང་སུམ་བརྒྱ་ལྷག་ལ་རྨས་སྐྱོན་ཚད་མེད་ཐེབས།ཉིས་བརྒྱ་ལྷག་གསོན་བཟུང་བྱས་ཡོད་པ་དང་། གོ་ལག་ཁྱོན་ཆེ་ཤོར་སོང་ཞེས་གསལ་བོར་འཁོད་ཡོད།
ད་དུང་གཞན་དུ་ཡང་དབྱིན་དམག་གི་དམག་དོན་སྤྱི་ཁྱབ་མེ་སེ་ཐང་ན་དང་ཀབ་ཀྲབ་རུང་ཧ་ཧྥིང་གཉིས་གཙོ་བོ་བྱས་པའི་དབྱིན་ཇིའི་ཞི་དྲག་དམག་དཔོན་བརྒྱ་ལྷག་གི་སྣེ་ཁྲིད་འོག་དྲ་ཆས་ཆ་ཚང་སྤྲས་པའི་དབྱིན་ཇིའི་བཙན་འཛུལ་དམག་དཔོན་ཁྱོན་མི་གྲངས་༡༨༦༠༠ལྷག་ཙམ་སྤྱི་ལོ་ ༡༩༠༣ ལིའི་ཟླ ༩ཚེས་༨་ཉིན་ཀྲུང་འབྲས་ས་མཚམས་ཀྱི་རྫ་ལེབ་ལ་བརྒལ་ནས་གྲོ་མོ་རི་ཆེན་སྒང་བར་འཛུལ་ཡོང་བ་དང་།དེ་ནས་རིམ་བཞིན་ཕག་རི་བརྒྱུད་མཐར་སྤྱི་ལོ་༡༩༠༤ ཟླ ༡ཚེས ༡༤ ཉིན་ཆུ་མིག་གཞུང་སྒོར་བཙན་འཛུལ་བས་པར་བོད་ཀྱི་དམག་དམངས་ཚོས་དཔའ་ངར་ཆེན་པོས་དགྲ་འགོག་དམག་འཏབས་བྱས་ཤིང་། དམག་ས་དེ་ནས་བོད་དམག་ལྔ་བརྒྱ་ལྷག་གི་རང་སྲོག་ཤོར་བ་དང་སུམ་བརྒྱ་ལྷག་ལ་རྨས་སྐྱོན་ཚད་མེད་ཐེབས། དེ་རྗེས་བཙན་འཛུལ་བས་རིམ་བཞིན་རྫ་འཕྲང་དང་གནས་རྙིང་བརྒྱུད་རྒྱལ་རྩེ་བར་བཙན་འཛུལ་བྱས་པ་དང་དེ་ནས་ལྷ་ས་བར་བཙན་འཛུལ་བྱས་པར་བོད་ཀྱི་དམག་དམངས་ཚོས་དཔའ་ངར་ཆེན་པོས་དགྲ་འགོག་དམག་འཐབ་བྱས་པ་དེར་ལོ་རྒྱུས་ཐོག་ཤིང་འབྲུག་ལོའི་དབྱིན་འགོག་དམག་འཁྲུག་ཟེར། ཐེངས་འདིའི་བཙན་རྒོལ་རྒྱལ་སྲུང་གི་དམག་འཐབ་ནང་གནས་རྙིང་དམག་སའི་སེར་སྐྱ་དམག་དམངས་རྣམས་ཀྱིས་བོད་ལྗོངས་མི་དམངས་ཡོངས་དང་མཉམ་དུ་དཔའ་ངར་ཆེར་སྐྱེད་ཀྱིས་དབྱིན་ཇིའི་བཙན་འཛུལ་བར་འགོག་རྒོལ་བྱས་པས། བརྗིད་ཉམས་ལྡན་ལ་བསྟོད་འོས་ཀྱི་ཡིད་སྐྱོའི་ལོ་རྒྱུས་ཤིག་བྲིས་ཡོད་པ་དེ་ནི་དབྱིན་ཇིའི་བཙན་འཛུལ་བར་དམག་འཐབ་བྱེད་པའི་བརྒྱུད་རིམ་ཧྲེིལ་པོའི་ནང་བརྗིད་ཉམས་ཆེ་ཤོས་དང་ཛ་དྲག་ཆེ་ཤོས་དམག་འཐབ་ཆེ་ཤོས་ཤིག་ཡིན་ཞེས་སྤོབས་པའི་གཟེངས་མཐོ།
གསུམ་པ། དམག་འཁྲུག་ལས་ཐོབ་པའི་བསླབ་བྱ།
༡༽ དམག་ཐབས་མེད་པའི་ཕམ་ཉེས།
གློ་བུར་དུ་ངས་རྒྱ་ནག་གུང་ཁྲན་གྱིས་འཇར་པན་བཙན་འཛུལ་བར་འགོག་རྒོལ་བྱེད་པའི་ཆུང་དུས་ཀྱི་གློག་བརྙན་ནང་གི་སྣང་བརྙན་དག་གསལ་ལམ་མེར་མིག་ལམ་དུ་ཤར་བྱུང་། སྐབས་དེར་འཇར་པན་ནི་དམག་ཤུགས་ཆེ་ཞིང་མཚོན་ཆ་འཛོམས་ལ།དམག་ཐབས་ལ་མཁས་ཤིང་ཕ་རོལ་པོ་བདག་ཏུ་བཟུང་བའི་ཧམ་སེམས་དང་འདོད་རྔམ་ཡོད་ནའང་། རྒྱ་ནག་གུང་ཁྲན་ཡང་སྤྱང་གྲུང་འཛོམས་ལ་དུས་དང་གོ་སྐབས་ལ་བསྟུན་མཁས་ཀྱིས་དགྲ་ཕྱོགས་ནས་ཚུར་རྒོལ་ག་འདྲ་བྱས་ཀྱང་བློ་རིག་རྣམ་གསུམ་བེད་སྤྱོད་བྱས་ནས་བརྟན་ས་ནས་ལངས་ཏེ་དགྲ་བོར་འགོག་རྒོལ་བྱེད་པའི་ཐབས་ཇུས་ཡོད་ཕྱིར།དམག་མི་སྡེབ་གསོད་དང་དམག་སྒར་སྡེབ་བཟུང་གི་གོ་སྐབད་ཤིག་དགྲ་བོ་ལ་དུས་ནམ་ཡང་སྤྲད་མེད།ཡིན་ན་ཡང་། རང་རེའི་བོད་དམག་ལ་མཚོན་ན་དགྲ་འགོག་གི་མཚོན་ཆ་གོ་ལག་བོད་མདའ་དང་།གྲི་མདུང་།སྟ་རེ།འུར་རྡོ་སོགས་ལས་འཕྲུལ་མདའ་རྒྱག་འཕེན་བྱེད་རྒྱུ་ཕར་བཞག  མིག་གིས་ཀྱང་མཐོང་མྱོང་མེད་པར་ཁར་དམག་སྦྱོང་གང་ཡང་མེད་པས། དམག་རྒྱག་དགོས་དུས་མི་སེར་སྐྱ་བོ་ལོ་བཅོ་བརྒྱད་ནས་དྲུག་ཅུ་བར་ཚང་མ་རྒྱགས་ཕྱེ་འཁུར་ནས་རང་སྲོག་རང་སྲུང་གིས་དམག་ལ་ཞུགས་རྒྱུ་ལས་དམག་གི་ཐབས་ཇུས་དང་ཉམས་མྱོང་གང་ཡང་མེད། གཞན་ལས་ལྷག་པ་ཞིག་ལ། གཞན་གྱིས་རྐང་འཇབས་ལག་འཇབས་ཀྱིས་དགྲ་བོ་མཐའ་ནས་བསྐོར་ཏེ་དགྲ་བོ་ཚར་གཅོད་བྱེད་སྐབས། བོད་དམག་གིས་དགྲ་བོ་ལ་དོགས་འདྲོགས་ཀྱི་ཀི་སྒྲ་ཤུགས་ཆེན་སྒྲོགས་ཤིང་དགྲ་བོ་བརྡ་ལན་སྤྲད་ནས་ང་ཚོ་ཡོང་གི་ཡོད་ཟེར་ལྟར་བྱེད་དུས་དགྲ་ཕྱོགས་ནས་ཀྱང་བོད་དམག་མང་བར་དོགས་ནས་མེ་མདའ་དང་མེ་སྒྱོགས་དུས་གཅིག་ལ་བརྒྱབ་ནས་སྐད་ཅིག་ཙམ་གྱི་རིང་ལ་བོད་དམག་ཐལ་བར་བརླགས་པའི་གནས་ཚུལ་འདིས་ཀྱང་བོད་དམག་ལ་མ་མཐའི་དམག་འཐབ་ཀྱི་ཐབས་ཇུས་ཀྱང་མེད་པ་གསལ་བོར་བསྟན་ཡོད།
༢༽ འཇིག་རྟེན་སྲིད་ལུགས་ཀྱིས་ཕོངས་པའི་བོད།
ལོ་ངོ་སྟོང་ཕྲག་རིང་གི་་བོད་ཆེན་པོའི་ལོ་རྒྱུས་ལ་ཕྱིར་ལྟོས་ཤིག་བྱེད་དུས། བོད་ཀྱི་རིག་ནོར་རྣམ་གསུམ་དམ་པའི་ལྷ་ཆོས་ལ་གཞོལ་བ་མ་གཏོགས་འབངས་ཀྱི་བདེ་སྡུག་སྐྱོང་པའི་འཇིག་རྟེན་སྲིད་ལུགས་ཀྱི་དོན་ཆེན་ལ་རེམ་པ་མཐོང་བ་ཤིན་ཏུ་ནས་དཀོན། དེབ་ཐེར་དང་ངག་རྒྱུན་ཀུན་ཏུ་གྲགས་པའི་བཙན་པོས་བཀའ་ཡི་འཁོར་ལོ་བསྐོར་པའི་སྲོང་བཙན་ལ་མཚོན་ན་ཡང་ཡོངས་གྲགས་སུ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙངམ་བཅུ་དྲུག་གི་ཁྲིམས་ལུགས་བཟོས་ནས་བོད་འབངས་བདེ་ལ་བཀོད་ཚུལ་གསལ་ཡང་། དེ་དག་ལ་ཞིབ་ཏུ་བལྟས་ཚེ་མང་ཆེ་བ་འཇིག་རྟེན་ཡ་རབས་སྐྱོང་སྟངས་དང་སྐྱེ་བ་ཕྱི་མར་རྒྱགས་བྱེ་བསྒྲིགས་པ་ཙམ་ལས་རྒྱལ་སྲུང་དང་རིག་གནས་དར་སྤེལ་གྱི་མཛད་པ་ཤིན་ཏུ་ནས་ཆུངས། སྐབས་བབ་༸གོང་ས་བཅུ་གསུམ་པའི་སྐུ་ཚེ་ལ་བལྟས་ཀྱང་གཅིག་མཚུངས་སུ་སྣང་གི་འདུག་ལྷག་པར་དུ་སྤྱི་ལོ ༡༨༩༥ ལོའི་ཟླ ༩ཚེས ༢༦ ཉིན་ལ་ལུགས་གཉིས་ཐུགས་འགན་བཞེས་ཤིང་། ཕྱོགས་མཚུངས་བོད་ལྗོངས་རྒྱ་ཁྱབ་ཡོངས་ལ་བླང་དོར་བྱེད་སྒོའི་སྦུག་ཐམ་རྩ་ཚིག་དོན་ཙན་བཀོད་ཡོད་པའི་ནང་ནས་མང་ཆེ་ཆོས་ཕྱོགས་ཙམ་དང་ཆོས་ཕྱོགས་གཙིགས་ཆེན་དུ་བཟུང་ཡོད་དེ། དེ་དག་ཞིབ་ཏུ་བཀོད་ན། དོན་ཚན་དང་པོ། ར་སས་གཙོས་མཐའ་འདུལ། ཡང་འདུལ། རུ་གནོན་གྱི་གཙུག་ལག་ཁང་སོགས་ལ་མཆོད་རྒྱུད་རྣམས་མི་ཉམས་གོང་འཕེལ་དང་། གཙུག་ལག་ཁང་ཉམས་གསོ་གཅེས་སྤྲས་བྱེད་དགོས་པའི་སྐོར། དོན་ཚན་གཉིས་པ། རིས་མེད་དགེ་འདུན་གྱི་སྡེ་རྣམས་ཀྱི་འཆད་ཉན་དང་། འདུལ་ཁྲིམས་སྐོར་དང་། མི་སྡེ་རྣམས་ནས་དུས་ཆེན་ཁག་ལ་རྣམ་དཀར་བྱེད་དགོས་པ་དང་། ཕ་མ་བུ་ཚོས་ཕྱིར་འབུད་དང་ཟས་གོས་ཕོངས་སུ་འཇུག་པ་དང་། ནང་མི་དང་། གཡོག་རིགས་ཞ་ལོང་། རྒད་འཁོགས་ཕྱིར་འབུད་བྱས་པ། རྟ་ཁལ་སོགས་ལ་ཁལ་ཚད་ལས་བརྒལ་བའི་དོ་པོ་ལྗིད་འགེལ་བྱེད་པ་སོགས་མི་ཆོག་པའི་སྐོར། དོན་ཚན་གསུམ་པ། ཕྱི་ནང་ཕྱི་དྲག་གི་གཞུང་ཞབས་རྣམས་ཀྱི་སྐོར། དོན་ཚན་བཞི་པ། ལམ་ཐོག་རྟ་རྫོང་གི་རྟ་ཁེལ་མི་གསུམ་གཏོང་ཕྱོགས་བྱམས་ཡང་གལ་ཆེས་རྒྱས་བསྡུས་བསྩལ་བ་དང་། ཟླ་དྲུག་སོང་ཁྲལ་ཞིབ་འཇུག་བྱེད་དགོས་པའི་སྐོར། དོན་ཚན་ལྔ་པ། ས་སྟེང་བེད་མེད་རྣམས་ལ་གསར་སྦོལ་དང་། སྐྱེ་ཤིང་གསར་འཛུགས་སོགས་དཔལ་འབྱོར་གོང་འཕེལ་འབྱུང་ཐབས་ཀྱི་སྐོར་སོགས་ཡོད་པ།བོད་མི་སེར་སྐྱ་ཡོངས་ཀྱི་སྣེ་ཁྲིད་མཁན་དང་ལྷག་པར་དུ་སྐུ་ཚེ་ཧྲིལ་བོར་བོད་ཀྱི་འཛིན་སྐྱོང་སྤེལ་གསུམ་ལ་ཁ་ལོ་བསྒྱུར་མཁན་རྒྱལ་དབང་ཐམས་ཅད་མཁྱེན་པའི་སྲིད་སྐྱོང་གི་རྩ་བའི་དམ་བཅའ་དང་ལངས་ཕྱོགས་འདི་འདྲ་ཞིག་ཡིན་དུས། བོད་ལ་འཇིག་རྟེན་ཆབ་སྲིད་ཀྱི་གོ་རྟོགས་སད་པའི་སྐལ་བ་ཞིག་ཤར་རྒྱུ་ཡོད་དམ། ཆབ་སྲིད་སྐྱོང་མཁན་ཞིག་ལ་མཚོན་ནས་བཤད་ན་སྲིད་སྐྱོང་བའི་ཕུགས་མདུན་དང་མིག་རྒྱང་། དམིགས་ཡུལ་བཅས་འཇིག་རྟེན་སྲིད་ལུགས་དང་འབྲེལ་མེད་དུ་ཆགས་ན་དེ་ནི་སྤྱི་ཚོགས་དེ་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་རེ་བ་ཡོད་དམ། དུས་རབས་ཉེར་གཅིག་གི་བོད་མི་ཡོངས་ཀྱི་སྲིད་སྐྱོང་མཆོག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་གོང་དང་མཚུངས་ན་གང་འདྲ་ཞིག་ལ་ཆགས་འགྲོ། ཡིན་ན་ཡང་། སྟབས་ལེགས་པ་ཞིག་ལ་ཁོང་གི་དུས་རབས་ཀྱི་འགྱུར་འགྲོས་སེམས་ལ་བཅངས་ནས་ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་གསུམ་གྱི་རྩ་བའི་ཚུགས་ཐུབ་ཅིང་དུས་ཀྱི་དགོས་མཁོ་དང་བོད་མིའི་འབྱུང་འགྱུར་གྱི་ལམ་ཁ་བཅས་ལ་དམིགས་ནས་བསྔགས་པར་འོས་པའི་ཆབ་སྲིད་ཀྱི་ལྟ་བ་ཞིག་ཁེར་ཚུགས་ཀྱིས་ལངས་ཡོད།
༣༽ ཕྱི་འབྲེལ་དང་ཚུར་ལེན་མེད་པའི་ཕམ་ཉེས།
དུས་རབས་བཅོ་ལྔ་བར་ཡོ་རོབ་ཕྱོགས་ནས་མཚོ་ལམ་གྱི་འགོ་བརྩམས་ནས་འཛམ་གླིང་ཟླུམ་ཞིང་ཕལ་ཆེ་བ་ཆུ་ཡིས་ཁེངས་ཡོད་པ་རྟོགས་ཡོད་ལ།ནུབ་ཕྱོགས་དང་ཡོ་རོབ་ཁག་ནས་མཚོ་ཐོག་སྐྱེལ་འདྲེན་དང་རྒྱལ་ཁབ་ཁག་དབར་ལ་ཚོང་འབྲེལ་གྱི་ལམ་ཁ་ཕྱེས་ནས་ལྟ་རྒྱ་མཐོང་རྒྱ་དང་བསམ་ཚུལ་བརྗེ་རེས་ཀྱི་ཚ་རླབས་འཕྱུར་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཡོ་རོབ་རྒྱལ་ཁབ་ཁག་ལ་དངོས་གནས་བཤད་ན་རང་ཅག་བོད་ལྟ་བུའི་རིག་གཞུང་གི་རྒྱབ་རྟེན་མེད་ལ་སྣོད་བཅུད་ཀྱི་མཐུན་རྐྱེན་ཡང་མེད་ནའང་། འཛམ་གླིང་ལ་གོ་རྟོགས་སད་ཅིང་དུས་རབས་ཀྱི་རྗེས་སྙེག་ཐུབ་པ་ཅིས་ནས་ཡིན་པ་གདོན་མི་ཟ། མི་རིགས་ཤིག་གི་སྲིད་འབྱོར་རིག་གསུམ་དང་རིག་གཞུང་སོགས་ནི་ཕན་ཚུན་བརྗེ་རེས་དང་ཕར་སྤྲོད་ཚུར་ལེན་གྱི་ཁྲོད་ནས་ཡར་རྒྱས་གོང་འཕེལ་དུ་འགྲོ་ཡོད་པ་ཡང་འདས་པའི་ལོ་རྒྱུས་ཀྱིས་བདེན་ཁ་གསལ་བོར་བསྒྲུབ་ཡོད། དེ་དག་ནི་ལོ་ངོ་ལྔ་བརྒྱ་ལྷག་གོང་གི་འཛམ་གླིང་ཕྱིའི་འགྱུར་ལྡོག་དང་བྱ་འགུལ་རེད། རང་རེའི་བོད་འདི་དུས་རབས་ཉི་ཤུར་སླེབས་ཀྱང་ས་མཚམས་སྲུང་བ་དང་ཕྱི་དགྲ་འགོག་པ། ཕྱི་དངོས་ནང་ལ་འདྲེན་མི་ཆོག་པ་ནང་དངོས་ཕྱི་ལ་འཁྱེར་ན་ལྟས་ངན་པ་ཆག་འཇིག་ལྟ་བུ་ཞིག་ཏུ་བསྒོམས་ནས་སུས་ཀྱང་མཐོང་དུ་མེད་པའི་འཛམ་གླིང་དུ་དབུ་རྩེ་ན་ལུང་པ་ཁ་བྱང་ལྟའི་ནང་གི་རྩྭ་ལྡུམ་བཞིན་ལྷག་ཡོད། བོད་འདི་རྒྱལ་ཁབ་གཞན་དང་མཐུན་ལམ་དང་འབྲེལ་ལམ་མེད་པས་བླུན་རྟགས་བསྟན་པ་སྲིད་དོན་རྒྱལ་རབས་སུ། སྤྱི་ལོ ༡༨༨༨ལོའི་ཟླ ༣ ཚེས ༢༡ཉིན་ལུང་ཐུར་དགྲ་རྫོང་ལ་མེ་མདའ་རྒྱག་རེས་ཐུག་པ་ཤེས་ཚོར་བྱུང་བ་རེད། འདི་ནི་དྲག་པོའི་འཕྲུལ་ཆས་ཀྱི་མཚོན་ཆ་འཁྱེར་བའི་དམག་མི་དང་། འཕྲུལ་ལྡན་མཚོན་ཆ་གང་ཡང་མེད་པའི་བོད་པའི་དམག་མི་གཉིས་དམག་འཁྲུག་ཐུག་པ་དང་པོ་ཡིན། དམག་གི་སྒྲིག་འཛུགས་དང་། གོ་ལག་ཡག་པོ་ཡོད་པའི་དམག་མི་ཚོས་བོད་དམག་རྣམས་དུས་ཡུན་ཐུང་ཐུང་ᫍᨑᨵ་᫞་᪙᪱་ᩡᨓ᫥་ᩚᨓ᪄་᪍ᨕ་᪠ᩧᩏ་སྟེ་བོད་དམག་རྣམས་དགྲ་རྫོང་བསྐྱུར་ཏེ་འཇིགས་རྔངས་དང་བཅས་བྲོས་པ་ཟུར་ཁང་མདའ་དཔོན་དང་། དམག་མི་ཁ་ཤས་ཤིང་ནགས་ནང་འགྲོ་ལམ་མ་ཤེས་པར་འབྲུག་ཡུལ་དུ་སླེབས་པ་ཡང་ཡོད། སྐབས་དེར་ལྷ་སའི་ཕྱོགས་ཀྱི་འབངས་རྣམས་ཀྱིས་བོད་དམག་ལ་འཕྱ་སྨོད་ཀྱི་བསྒྲགས་གཏམ་འདི་འདྲ་ཞིག་སྤེལ་ལ། ཚེ་གང་བརྒྱབ་པའི་དགྲ་རྫོང་།། ཞོ་གང་ཞིག་ལ་སྟོར་སོང་།། ཞེས་དམངས་ཀྱི་ཁ་ན་རླུང་ལྟར་གྲགས་ནས་ཡོད། བོད་ལ་དམག་ཐབས་དང་དམག་ཇུས་མེད་པར་ཕྱོ་ཕྱོགས་སུ་འབྲེལ་བ་མེད་ལ་གོ་རྟོགས་གང་ཡང་མེད་པས། དམག་སྟོབས་ཀྱིས་འཛམ་གླིང་དབང་དུ་བསྒྱུར་བའིི་བཙན་པོའི་དབྱིན་གཞུང་གི་དམག་ཤུགས་ཀྱང་གོ་མེད་ལ། ཁོང་ཚོའི་ཚད་མཐོ་པའི་མཚོན་ཆ་ལ་ཡང་གྲ་སྒིག་གང་ཡང་མེད་པར་ད་དུང་གདོད་མའི་རྡོ་ཡི་དུས་རབས་ཀྱི་བརྟུལ་ཞུགས་བཟུང་ནས་མདའ་གྲི་མདུང་གསུམ་དང་འུར་རྡོ་བཟུང་ནས་དབྱིན་དམག་གི་འཕྲུལ་མདའ་ལ་རང་སྲོག་འབུལ་བར་བྱེད་པའི་སྙིང་སྟོབས་དང་བླུན་རྟགས་བཅས་ནི་ཚིག་གི་མཚོན་ཐབས་བྲལ་ལོ།།
མི་རིགས་གཞན་དང་རྒྱལ་ཁབ་གཞན་དུ་ལོ་ངོ་སུམ་བརྒྱ་ལྷག་གི་དེང་རབས་རིག་གནས་ཀྱི་བླ་སྲོག་གིས་བསྐྲུན་པའི་ཆེས་མཐོའི་སློབ་སྦྱོང་གི་བསྟི་གནས་ཡོད་ལ་གོ་སྐབས་ཡོད་པའི་ཁར། དངོས་ཡོད་འཚོ་བ་དང་སྤྱི་ཚོགས་ཀྱི་དགོས་མཁོ་ལ་དམིགས་པའི་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་བསྐྲུན་ནས་སྤྱི་ཚོགས་ཀྱི་མི་དང་དུས་རབས་ཀྱི་འབངས་མི་བཟོ་བའི་སྐབས། བོད་པ་ད་དུང་ཡང་གླིང་གཞན་ན་འགྲན་ཟླ་མེད་པའི་རིག་གནས་བཅུ་ལ་ཆོ་ལོ་བསྒྲོན་ནས་དེ་ལ་མགོ་འཐོམས་ནས་ལྷག་ཡོད། མཚམས་རེར་ངས་དབང་མེད་དུ་རང་རེའི་ཆེས་བླུན་པོ་ཞིག་ཨུ་ཚུགས་ཅན་ཞིག་ཏུ་མཐོང་གིན་འདུག   ༸གོང་ས་བཅུ་གསུམ་ཆེན་པོ་མཆོག་རྒྱ་གར་དང་རྒྱ་ནག་བཅས་ཕྱི་རྒྱལ་ཡུལ་གྲུ་འགར་ཕེབས་ནས་ཕྱིའི་འགྱུར་ལྡོག་དང་ཡར་རྒྱས་བཅས་མཐོང་ཡོད་ལ། ལྷག་པར་དུ་དབྱིན་གཞུང་གིས་རྒྱ་གར་དུ་དྲག་པོའི་དམག་དང་དམག་ཐབས་ཇུས་ཀྱིས་དབང་བསྒྱུར་བ་ལས་བསླབ་བྱ་ཟབ་མོ་བླངས་ནས་བོད་ཡུལ་དུ་དུས་རབས་ཀྱི་དགོས་མཁོ་སྐོང་བྱེད་དང་བོད་ཀྱི་འབྱུང་འགྱུར་གྱི་རྗེས་རབས་པ་དག་ལ་བློ་སྒོ་ཆེར་ཕྱེས་ཀྱི་དབྱིན་ཇིའི་སློབ་གྲྭ་འཛུགས་པའི་གྲ་སྒྲིག་དང་འཆར་གཞི་ཡོད་ན་ཡང་། བོད་མི་དམངས་དང་ལྷག་པར་དུ་སེ་རའི་དགེ་འདུན་པས་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་རྒྱལ་དབང་མཆོག་གི་དགོངས་གཞི་ལྟར་དུ་ལེགས་འགྲུབ་བྱུང་མེད། འདི་དག་ནི་བོད་མི་རྒན་རབས་པ་དག་གིས་དེང་རབས་རིག་གནས་དང་དུས་རབས་རིག་གནས་ལ་བཟུང་བའི་ཀླད་རྙིང་མཁྲེགས་བཟུང་བའི་ལྟ་ཚུལ་དང་ལག་ལེན་རེད། བོད་མི་རིགས་ལ་ཕྱོགས་ཡོངས་ནས་བཤད་ན་བློ་རིག་རྣམ་གསུམ་གང་གི་ཐད་ནས་ཀྱང་མི་རིགས་གཞན་དང་བསྡུར་ཐབས་མེད་པ་ཞིག་གཏན་ནས་མིན། སྔོན་གྱི་དུས་སུ་བོད་ཀྱི་སྔོན་བྱོན་གྱི་སྐྱེས་ཆེན་དག་གིས་རི་བོའི་གཏོས་དང་མཉམ་པའི་བཀའ་བསྟན་གྱི་གླེགས་བམ་བོད་བསྒྱུར་བྱས་ཡོད་པ་འཇིག་རྟེན་ཀུན་ན་མེད་པའི་ཡིག་བསྒྱུར་སྙིང་སྟོབས་ཟླ་མེད་ཅིག་མཚོན་ཡོད་ལ།བོད་མི་རིགས་ཀྱི་མ་འཇོན་པ་དང་མ་ཐུབ་པ་གཏན་ནས་མ་ཡིན་པས། ཅིའི་ཕྱིར་བོད་པས་དུས་རབས་ཀྱི་རིག་གནས་དང་སྤྱི་ཚོགས་ཀྱི་རིག་གནས། ཁ་ཡོད་ལག་ཡོད་ཀྱི་དངོས་ཡོད་འཚོ་བ་ལ་ཕན་པའི་གླེགས་བམ་དག་བོད་བསྒྱུར་མ་བྱས་པ་ཡིན་ནམ། ཅི་ཞིག་གིས་བོད་པའི་བསམ་བློ་ཡི་གཏིང་རུམ་ལ་རིག་གནས་གསར་པ་ལ་དགག་རྒྱག་དང་བཀག་འགོག་བྱེད་པའི་བག་ཆགས་དེ་བྱིན་པ་ཡིན་ནམ། དུས་རབས་ཉེར་གཅིག་སླེབས་ནས་གོ་ལ་གཅིག་གྱུར་གྱི་དུས་ལ་བབས་ཀྱང་བོད་པ་ད་དུང་བོང་བུ་བཞིན་མགོ་རྨོངས་ཤིང་བླུན་རྟགས་བསྟན་ནས་འགྲོ་དོན་འདི་ཅི་ཡིན། འབྲུག་ཡུལ་དང་བལ་ཡུལ་སོགས་སུའང་མི་རིགས་ཀྱི་ཁྱད་ཆོས་དང་དེང་རབས་ཀྱི་ཁྱད་ཆོས་འཛོམས་པའི་ཆེས་མཐོའི་སློབ་གཉེར་ཁང་ཡོད་ཀྱང་བོད་ཕྱི་ནང་ཀུན་ཏུ་ད་ལྟའི་མེད་པ་ཅི་ཞིག་ལན་པ་རེད། བོད་པ་འཛམ་གླིང་ཁ་ཕྱོགས་སུ་འགྲོ་མ་འདོད་པ་ཡིན་ནམ། མ་འགལ་སོ་བཅངས་ཀྱི་ཨུ་ཚུགས་བརྒྱབ་ནས་བསྡད་པ་ཡིན་ནམ། ཡང་ན་མ་འཇོན་པ་དང་མ་ཕོད་པ་ཡིན་ནམ།བླ་སྤྲུལ་ཚོ་སྲིད་ལ་འཐམས་ཏེ་རང་ཉིད་ཀྱི་ཐོབ་ཐང་བོར་སོང་པ་ཡིན་ནམ།  ལས་བྱེད་ཚོའི་ལྟོ་རྒྱབ་བསམས་ནས་མི་རིགས་ཀྱི་རེ་བ་བརླགས་སོང་པ་ཡིན་ནམ།  གཞུང་ལུགས་པས་སྟོང་བསམ་ཉུལ་ཏེ་སྤྱི་ཚོགས་ཀྱི་དགོས་མཁོ་བསྐྱུར་བཞག་པ་ཡིན་ནམ། གྲྭ་བ་ཚོས་སྲོལ་རྒྱུན་ཟེར་བཞིན་ལྟ་གསར་གྱི་སྒོ་མོ་བསྡམས་སོང་པ་ཡིན་ནམ། སློབ་མ་ཚོས་ཕོར་བ་བསམས་ནས་སྐད་ཡིག་གི་ལ་རྒྱ་གཡུགས་བཞག་པ་ཡིན་ནམ།  མི་དམངས་ལ་འཁྲུག་རྩོད་ལངས་ནས་མཐུན་སྒྲིལ་གྱི་ཨ་ལོང་ཆད་སོང་པ་ཡིན་ནམ། མཐར་གཏུགས་ན། འདི་དག་ནི་སྟོང་གསུམ་གྱི་འདུ་ཤེས་ཡོད་པ་མ་གཏོགས་རྒྱལ་ཁབ་རྒྱལ་ས་ཡི་འདུ་ཤེས་མེད་པས་རེད། མ་གྱུར་སེམས་ཅན་ཐམས་ཅད་ཀྱི་འདུ་ཤེས་ཡོད་པ་མ་གཏོགས་སྤུན་ཟླ་ནང་ཁུལ་དུ་མཛའ་བརྩེ་ཡི་འདུ་ཤེས་མེད་པས་རེད། སྟོང་ཉིད་རྟེན་འབྱུང་འབྱུང་གི་འདུ་ཤེས་ཡོད་པ་མ་གཏོགས་གཅིག་ལ་གཅིག་བརྟེན་དང་གཅིག་ཕན་གཅིག་གྲོགས་ཀྱི་འདུ་ཤེས་མེད་པས་རེད། བཀའ་འགྱུར་བསྟན་འགྱུར་གྱི་འདུ་ཤེས་ཡོད་པ་མ་གཏོགས་སྒྱུ་རྩལ་རྩོམ་རིག་གི་འདུ་ཤེས་མེད་པས་ལན་པ་རེད། མདོར་བསྡུས་ན་ཡོད་ཚད་ཁ་རུབ་སྒོ་བསྡམས་དང་ཁ་བརྒྱབ་སྒོ་བརྒྱབ་རེད།
༤༽ ཐེ་ཚོམ་དང་དོགས་པས་བརླགས་པའི་བོད།
ངག་རྒྱུན་དུ། བོད་རེ་བས་ཕུང་།། རྒྱ་དོགས་པས་ཕུང་།། ཟེར་བ་ཅི་མ་བདེན། བོད་མི་རིགས་འདི་འཆི་བ་མགོ་ཐོག་ཏུ་སླེབས་ཞིང་གཉན་འཕྲང་གི་དུས་ལའང་ད་དུང་ཡ་མཚན་ཞིག་དང་མི་སྲིད་པ་ཞིག་འབྱུང་བར་རེ་བས་ཁེངས་ནས་སྡོད་པའི་གོམས་སྲོལ་ཞིག་གདོད་མ་ནས་ད་ལྟའི་བར་དུ་ལྷག་ཡོད། སྲིད་དོན་རྒྱལ་རབས་སུ་བོད་གཞུང་དང་དབྱིན་ཇིའི་གཞུང་གཉིས་བར་འབྲས་ལྗོངས་ས་སྤྱོད་པས་དཀའ་ངལ་ཆེན་པོར་འགྲིག་ཐབས་ཡོང་བར་བཀའ་མོལ་ཐེངས་མང་པོར་ཞུ་བ་མ་ཟད། ལྷག་པར་དུ་ཁོང་གིས་བོད་གཞུང་ལ་དབྱིན་ཇི་གོང་མའི་མངའ་ཐང་དང་། དམག་ཤུགས་ལ་བོད་པས་གདོང་ལེན་གཏན་ནས་མི་ཐུབ་པའི་གནས་ཚུལ་དང་། འགྲེལ་བཤད་ཅི་ཙམ་གནང་ཡང་། བོད་གཞུང་ནས་དེ་ལ་ཡིད་ཆེས་མེད་པའི་ཁར། ད་དུང་འབྲས་ལྗོངས་དབྱིན་ཇིའི་ཕྱོགས་སུ་འགྲོ་གི་མེད་དམ་སྙམ་པའི་མཐོང་ཕྱོགས་ལ་དོགས་པ་བྱེད་པ་དང་། བོད་ཀྱི་དམག་མིར་སྐབས་དེའི་དུས་ཀྱི་དྲག་པོའི་དམག་སྦྱོང་དང་། འཕྲུལ་ཆས་མཚོན་ཆ་སོགས་བེད་སྤྱོད་ལག་ལེན་བྱེད་རྒྱུ་ཕར་ཞོག་མཐོང་མྱོང་ཡང་མེད་ཅིང་། རང་ཡུལ་ཆུང་ཆུང་ནང་ཆེན་པོར་རློམ་པ་དང་། ལྷག་པར་བོད་མི་སེར་སྐྱ་ཚང་མས་ནང་པའི་ཆོས་ལ་ཡིད་ཆེས་དང་དད་མོས་ཆེ་བས་དབྱིན་ཇི་ཡོང་ན་ཆོས་རྩ་མེད་བཟོ་གི་རེད་བསམ་པའི་དོགས་པ་དང་བཅས་ཉན་ཤེས་གོ་ཤེས་རྩ་བ་ནས་བྱེད་ཀྱི་མེད་པ་མ་ཟད། ལུང་ཐུར་དགྲ་རྫོང་ལ་བལྟ་སྐོར་བ་རྩིས་དཔོན་ལྕང་ཅན་སྲས་འབྱོར་སྐབས་དམག་མིས་དུང་བརྡ་གཏོང་བ་དང་སོགས་ཀྱི་ལྐུགས་རྟགས་རྐྱང་རྐྱང་བསྟན་ནས་བསྡད། ཞོར་དུ་ངས་འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་བོད་མི་གསར་བརྗེ་བ་ཞིག་ཅེས་པའི་ནང་དུ་བཀོད་པའི་ལོ་ངོ་བདུན་ཅུ་ལྷག་གི་གོང་གི་བོད་ཀྱི་ལྷ་སྒྲུང་ལྟ་བུའི་རེ་བ་དེ་ཡིད་ལ་དྲན་བྱུང་། རྒྱ་ནག་གུང་ཁྲན་གྱིས་བོད་ཁུལ་གྱི་ཁམས་དང་ཨ་མདོ་ཕྱོགས་ཀྱི་ས་མཚམས་ནས་ཧམ་བཟུང་བྱས་ཤིང་བཙན་འཛུལ་བྱས་ནས་ཉིན་རེ་ནས་ཉིན་རེར་མི་རིགས་ཆགས་འཇིག་གི་རྐྱེན་ངན་མིག་མདུན་དུ་སླེབས་ཤིང་མགོ་ཐོག་ནས་མནན་ན་ཡང་། བོད་གཞུང་ཕྱོགས་ནས་ད་དུང་དམག་ཆེན་གཉིས་པར་འཇར་པན་ལ་རྒྱལ་ཁ་ཐོབ་ཞིང་རྒྱ་ནག་ལ་ཕམ་ཁ་སྤྲད་ན། འཇར་པན་ནི་ནང་པའི་རྒྱལ་ཁབ་ཅིག་ཡིན་པས་བོད་ལ་བཙན་འཛུལ་དང་གཉའ་གནོན་མི་བྱེད་པར་འཁུམས་ཤིང་། དེ་ལྟར་བྱུང་ན་རྒྱ་ནག་གུང་ཁྲན་གྱི་དམག་མི་བོད་ཁུལ་ནས་རིམ་གྱིས་ཕྱིར་འཐེན་བྱེད་འགྲོ་བར་བསམས་ནས་སྟོང་བསམ་དང་རྨི་ལམ་གྱི་ཁྲོད་ན་རེ་བ་བརྒྱབ་ནས་ལྷག་ཡོད། འཛམ་གླིང་གཉིས་པ་མཇུག་སྒྲིལ་ལ་ཉེ་ཞིང་འཇར་མན་ཡོངས་སུ་ཕམ་ནས་འཇར་མན་དམག་གིས་མགོ་བཏགས་ཞུས་ནས་ཡོ་རོབ་ཁུལ་ནས་མཇུག་སྒྲིལ་ནས་ཡོང་དུས། བོད་པས་ད་དུང་ཡང་འཇར་པན་ལ་རེ་བ་བྱས་ནས་སྒུག་ཡོད། མ་ཟད་ཨ་རིས་འབར་གས་ཆེན་མོ་གཉིས་འཇར་པན་ཕྱོགས་སུ་གཡུགས་ནས་འཇར་པན་རྩ་ནས་ཕམ་ཞིང་དམག་ཆེན་གཉིས་ཡོངས་སུ་མཇུག་རྫོགས་ཀྱང་བོད་གཞུང་ཕྱོགས་སུ་ད་དུང་ཡང་རྒྱ་དམག་འགོག་རྒོལ་གྱི་སྟ་གོན་ཙམ་ཡང་བྱས་མེད་པར་ཁོ་བོ་སེམས་གཏིང་ནས་ཧ་ལས་ཤིང་ཧང་སངས་བྱུང་། བོད་ལ་མུན་པ་མགོ་ཐོག་ཏུ་སླེབས་ཀྱང་ད་དུང་ཅི་མི་སྙམ་པར་སང་ཉིན་གྱི་སྐྱ་རེངས་དང་ཉི་གཞོན་ལ་སྒུག་པའིསྙིང་སྟོབས་དང་གོམས་གཤིས་སུ་ཞིག་གིས་རྒྱུད་དུ་འཇགས་པར་བྱས་པ་ཡིན་ནམ།
མཐའ་མཇུག་གི་སྡོམ་ཚིག
   ལོ་རྒྱུས་ལ་ཕྱིར་ལྟོས་དང་བསྐྱར་ཀློག་ཅིག་བྱེད་དུས་ལོ་རྒྱུས་ནི་དགེ་ཆོས་ཀྱིས་སྡོམ་ཚིག་བཀོད་པའི་ཚིག་འབྲུ་དག་ལས་མ་འདས་པར་བསམས་ཡོད།
དུས་གསུམ་དུས་ཀྱི་འཁོར་ལོ་འཁོར་བ་ན།།
བྱུང་ནས་ཡལ་བའི་སྔོན་གྱི་གཟུགས་བརྙན་རྣམས།།
སྟོང་བའི་མཁའ་ལ་སེམས་ཀྱིས་བྲིས་པ་འདི།།
ཤིན་ཏུ་ངོ་མཚར་སྒྱུ་མའི་རྒྱལ་རབས་ཉིད།།
ལོ་རྒྱུས་ནི་ལོ་ཡི་འཁོར་མོ་དག་གི་བྱུང་བ་བརྒྱུས་ལ་བཏབ་པའི་རྟོག་བཟོ་དང་འུར་བསྟོད། ཚོད་དཔག་དང་དྲན་པ་རབ་རིབ་ཀློང་གི་ཚིག་འབྲུ་ཙམ་ལས་དེ་ལ་གཞི་བཅོལ་ས་དང་བློ་འཁེལ་ས་ཞིང་གཏན་ནས་མིན་ལ། ལྷག་པར་དུ་བོད་ཀྱི་ལོ་རྒྱུས་ནི་རབ་རིབ་དང་མག་མོག་ཙམ་ལས་དངོས་ཡོད་དང་དོན་དངོས་ཀྱི་᫄ᨕ᫙་སྣང་ཞིག་གཏན་ནས་སྟེར་མི་ཐུབ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་གྱི་ལོ་རྒྱུས་ལས་རྗེས་རབས་པ་དག་ལ་བསླབ་བྱ་གནང་བ་ལས་ཡིད་ཆད་ཅིང་སྙིང་རླུང་ལངས་པའི་རྒྱུ་འབའ་ཞིག་ཏུ་འཁུམས། སྐབས་དེའི་བོད་གཞུང་དམངས་རྣམ་གཉིས་ནས་བྱེད་སྟངས་ནི་ཁ་བསྡམས་མིག་བཙུམ། གསར་དོར་རྙིང་ཞེན། ཨུ་ཚུགས་གཤིས་གྱོང་། རང་མཆོག་གཞན་དམན། ཕྱི་བརྒྱབ་ནང་བསྡམས། ལས་དབང་སྙིང་བཅངས། སོགས་ཀྱི་བྱེད་སྟངས་དེས་བོད་ལ་བཙན་འཛུལ་རབ་དང་རིམ་པ་བྱས་ཤིང་བོད་ནི་རྒྱལ་ཁབ་ཕན་ཚུན་དབར་གྱི་རྩེད་ཆས་དང་ལག་ཆ་ལྟ་བུ་ཞིག་ཏུ་བཀོལ་བཞིན་ཡོད། འདི་དག་བསམས་ཚེ་བོད་ད་དུང་ཡང་རྗེས་ལུས་དང་བློན་རྨོངས་སུ་ལྷག་ཡོད་པ་སེམས་ཀྱིས་ཚོར་ཞིང་ཡིད་ཀྱིས་རྟོགས་ཐུབ།
·གསར་འགྱུར་གོང་མ:བོད་ཡིག་འཚོལ་བཤེར་མ་ལག་གི་མཚོན་རྟགས་ཇུས་འགོད་བསྡུ་བའི་བརྡ་ཐོ།
·གསར་འགྱུར་འོག་མ:འཛམ་བུ་གླིང་ཧང་སང་བཅུག་པའི་ཨ་རབ་ཀྱི་སྐྱེས་མ་ཞིག
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS