ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> བྱུང་རབས
  གསར་འགྱུར་ཀློག་པ།

དགའ་ལྡན་ལྔ་མཆོད་དང་རྒྱ་ནག་ཞིང་རྩིས།

[རྩོམ་པ་པོ:བདེན་པའི་ལྕེ  ཡོང་ཁུངས:བདེན་པའི་ལྕེ  དུས་ཚོད:2013/11/28 23:28:51  བཀླགས་ཐེངས:1068][ཡིག་གཟུགས:ཡིག་གཟུགས་མདོག]
དགའ་ལྡན་ལྔ་མཆོད་དང་རྒྱ་ནག་ཞིང་རྩིས།
 བོད་ཁ་བ་ཅན་ལ་གནའ་སྔ་མོའི་དུས་ནས་བཟུང་རྒན་མོ་བལ་མའི་ཟླ་རྩིས་དང་ཞང་ཞུང་རྒན་པོའི་ངག་རྩིས་སོགས་རྩིས་ཀྱི་རིག་པ་འདི་བྱུང་ཡོད་ལ། རྒྱ་གར་ནས་དུས་འཁོར་གྱི་སྐར་རྩིས་འདི་བོད་ལ་མ་དར་བའི་སྔོན་ནས་ཀྱང་གཡུང་དྲུང་བོན་ལའང་ལི་ཐོ་བརྩི་སྲོལ་ཡོད་པ་ཉེ་སྔོན་ཁམས་རྨུ་གླིང་ནས་གསར་རྙེད་བྱུང་བའི་ལི་ཐོ་རྙིང་བ་དེ་ལས་གསལ་བཤད་བྱས་ཡོད། གང་ལྟར་ང་ཚོས་དེང་སང་བརྗོད་བཞིན་པའི་བོད་རྩིས༼藏历༽བྱ་བ་འདི་ནི་གཙོ་བོ་སྟོན་པ་བཅོམ་ལྡན་འདས་སྐབས་ཀྱི་དཔལ་དུས་ཀྱི་འཁོར་ལོའི་གཞུང་ལུགས་འདི་ལ་གཏུགས་ཡོད་པ་དང་།དེའང་སྤྱི་ལོ༡༠༢༧ཙམ་ལ་འབྲོ་ལོ་ཙཱ་བ་ཟླ་བ་མགོན་པོ་དང་རཱ་ལོ་ཙཱ་བ་ཆོས་རབ་སོགས་ཀྱིས་དུས་འཁོར་རྩ་རྒྱུད་ཀྱི་འགྲེལ་བ་དང་བཅས་བ་བོད་ཡིག་ཏུ་བསྒྱུར་བས།དུས་དེ་ནས་བཟུང་བོད་ཡུལ་ལ་དུས་འཁོར་ལུགས་ཀྱི་སྐར་རྩིས་རིག་པའི་གཞུང་ལུགས་འདི་རྒྱ་ཆེར་དར་བ་རེད། དེང་སྐབས་༼བོད་ཀྱི་ནང་ཆོས༽ཟེར་བ་བཞིན་༼བོད་ཀྱི་སྐར་རྩིས་༽ཞེས་བོད་རང་ལུགས་ཀྱི་སྐར་རྩིས་རིག་པའི་གཞུང་ལུགས་ཤིག་ཏུ་གྱུར་ཡོད། དེའི་ལུགས་ལ་ཁྱིམ་བཅུ་གཉིས་དང་། སྒྱུ་སྐར་ཉེར་བདུན། ཉི་ཟླར་སྒྲ་གཅན་འཇུག་ཚུལ། གཟའ་ལྔ། ཞག་གསུམ་སོགས་རྒྱས་པར་ཡོད་ཅིང་། ཟླ་ལྷག་འདོན་སྟངས་ཐད། མདའ་རོའི་ལྷག་མར་ཐིག་ཤར་ན།། མཐའ་རུ་བཤོལ་བྱུང་གཟུགས་ཤར་ན།། དབུས་སུ་ཟླ་བཤོལ་ཐོན་པ་ཡིན།། ཞེས་སོགས་གསུངས་པ་ལྟར། མདའ་ལྷག་སྟེ་ཟླ་བ་རེ་རེའི་མདའ་རོའི་ལྷག་མའི་ཐོག་ནས་ཟླ་ལྷག་འདོན་གྱིན་ཡོད་ལ། འདི་ལྷ་སའི་ཕྱོགས་ནས་ད་ལྟའང་ལག་ལེན་བྱ་བཞིན་ཡོད།
ལྷ་སའི་ཕྱོགས་ནས་ཀྱང་རྒྱ་རྩིས་ལུགས་རྙིང ༼农历༽གི་དབུགས་སྒང་སོགས་ལེགས་ཆ་རྣམས་རང་རེའི་དུས་འཁོར་སྐར་རྩིས་ལ་ཁ་སྣོན་བྱས་མེད་པ་མིན་མོད། གཙོ་བོ་ལག་ལེན་གྱི་ཐོག་ནས་བོད་རང་གི་སྐར་རྩིས་གཙོ་བོར་འཛིན་གྱི་ཡོད་པ་ཟླ་ལྷག་བརྩི་སྟངས་དེ་ལས་མཚོན་ཐུབ་བོ།།
རྒྱ་རྩིས་སམ༼农历༽རྒྱ་ནག་ཞིང་རྩིས་ནི། རྒྱ་ནག་ཡུལ་ནས་བོད་དུ་དར་བའི་སྐར་རྩིས་དང་འབྱུང་རྩིས་ལ་གོ་དགོས།དེའི་ལོ་རྒྱུས་ཀྱི་རྒྱུན་རིང་ལ་ཟླ་བའི་འཕེལ་འགྲིབ་ལ་བསྟུན་ཏེ་ཟླ་ཆེན་ལ་ཉིན༣༠དང་ཟླ་ཆུང་ལ་ཇིན་༢༩ཡོད་ལ། ཉི་མའི་གནས་ལ་ལྟོས་ཏེ་ལོ་གཅིག་ལ་དུས་གཟེར་ཉེར་བཞིར་ཕྱེས་པ་ཞིག་ཡིན། དེ་ཡང་གོང་མ་ཁང་ཤིའི་སྐབས་ཀྱི་རྒྱ་ནག་རྩིས་རིག་པའི་བསྟན་བཅོས་༼རྒྱ་རྩིས་ཆེན་མོ༽བྱ་བ་དེ་མེར་གེན་བཀའ་བཅུ་བ༼རྒྱལ་དབང་ལྔ་བའི་སྐབས༽ཟེར་བ་ཞིག་གིས་བོད་ཡིག་ཏུ་བསྒྱུར་བ་ནས་བཟུང་ད་ལྟའི་རྒྱ་རྩིས་འདི་བོད་ལ་དར་བ་རེད།རྩིས་འདི་ནི་གཙོ་བོ་ས་ཞིང་འདེབས་འཛུགས་ཀྱི་རྩིས་ཡིན་པས་ཞིང་རྩིས་ཟེར།འདི་ལ་ལུགས་གསར་དང་ལུགས་རྙིང་ཟེར་བ་གཉིས་ཡོད།ལུགས་གསར་ལུགས་ལ་ལོ་གཅིག་ལ་ཟླ༡༢ཡོད་ཅིང་།ཟླ་དང་པོར་ཞག༣༠དང་༣༡གང་རུང་ཡོད་ཅིང་། ཟླ་གཉིས་པར་ཞག༢༨དང༢༩ལས་མེད། རྒྱུན་ལྡན་དུ་ལོ་གཅིག་ལ་ཞག༣༦༥ཡོད།ཞག་ལྷག་ཡོད་ན༣༦༦གཏན་འཁེལ་བྱས་ཡོད་པས་སྟབས་བདེ་ཞིག་ཡིན་ཞིང་།རྩིས་འདི་ལ་ཉིན་ལྷག་ལས་ཟླ་ལྷག་མེད།གཙོ་བོ་ཉིན་ཞག་མའི་ལོ་རྩིས་ཤིག་རེད།ལུགས་རྙིང་ཟེར་བ་དེ་གཙོ་བོ་ཚེས་ཞག་མའི་དབང་དུ་བྱས་ཤིང་།ཟླ་གཅིག་ལ་ཞག་ ༣༠དང༢༩ཡོད་ཅིང་།ཟླ་ལྷག་ཡོད་པའི་ལོར་ཟླ༡༣ ཡོད། ལུགས་རྙིང་ལུགས་ཀྱི་ལོ་སར་དེ་བོད་ཟླ་དང་པོའི་ཚེས༡ལ་འཁེལ་ཡོད་པ་ཞིག་ཡིན།དེ་ཡང་སྤྱི་ལོ༡༧༤༤ལོའི་མཱ་ཡང་བཟོད་པ་རྒྱལ་མཚན༼青海马扬寺༽གྱིས་རྒྱ་རྩིས་ཆེན་མོ་གཞིར་བཅོལ་ཏེ་༼རྒྱ་རྩིས་སྙིང་ནོར༽བྱ་བ་ཞིག་བརྩམས་པ་དེས་མདོ་ཁམས་ཕྱོགས་སུ་ཤུགས་རྐྱེན་ཆེན་པོ་ཞིག་བཞག་པར་འདོད།
   དེ་བས་ལུགས་རྙིང་ལུགས་ཀྱི་རྩི་ཚུལ་འདི་གཙོ་བོ་མདོ་ཁམས་ཕྱོགས་ནས་བོད་ཀྱི་སྐར་རྩིས་དང་མཉམ་དུ་བསྲེས་ཏེ་ལི་ཐོ་འདོན་གྱིན་ཡོད་པ་མ་ཟད། རྒྱ་རྩིས་རྙིང་མའི་ལུགས་ལྟར་ཟླ་ལྷག་འདོན་གྱིན་ཡོད་པས་ཁོང་ཚོའི་སེམས་སུ་བརྩི་ལུགས་འདི་ཉིད་ནི་བོད་རྩིས་འཁྲུལ་མེད་དུ་འདོད་ཡོད།
དེ་བཞིན་དེང་སྐབས་བོད་ཁུལ་དུ་དུས་འཁོར་སྐར་རྩིས་ཀྱི་ལུགས་དང་རྒྱ་རྩིས་ལུགས་རྙིང་ལུགས་ཀྱི་གཉིས་ཐོན་པས། དབུས་པ་ཚོ་སྔོན་མའི་དུས་འཁོར་གྱི་བོད་རྩིས་ལུགས་ལྟར་འགྲོ་བཞིན་ཡོད་ལ། མདོ་ཁམས་ཀྱི་ས་ཁུལ་མང་དག་ཅིག་རྒྱ་རྩིས་ཀྱི་ལུགས་ལྟར་འགྲོ་བཞིན་པས་ན། བོད་ཀྱི་ལོ་སར་དང་དགའ་ལྡན་ལྔ་མཆོད་སོགས་བོད་སྤྱི་ཁྱབ་ཀྱི་དུས་ཆེན་ཁག་གི་དུས་ཚོད་ཀྱང་མི་འདྲ་གཉིས་བྱུང་བར་འདོད།
དེའི་ཕྱིར།རྫེ་ཙོང་ཁ་པའི་འདས་ལོ་ནི༼སྤྱི་ལོ1419 ལོའི་བོད་ཟླ་10 བའི་ཚེས་25 ཉིན་དགའ་ལྡན་དུ་ཞི་བར་གཤེགས། ༽ཞེས་ཟླ་ཚེས་འདི་ནི་རང་རེའི་དུས་འཁོར་སྐར་རྩིས་ལུགས་སྟེ་དེང་སང་དབུས་པ་དང་བྱེས་པ་ཚོས་སྤྱོད་བཞིན་པའི་བོད་རྩིས་ལྟར་ཡིན་པ་སྨྲས་མེད་ཡིན། མདོར་ན་དུས་ཆེན་འདི་ལྟ་བུ་བོད་ཆོལ་ཁ་གསུམ་ལ་གཅིག་གྱུར་དང་བོད་རྩིས་ལྟར་གཏན་ཁེལ་བྱ་རྒྱུ་ནི་ཕྱོགས་གང་ཐད་ནས་དོན་སྙིང་ཆེ་བར་འདོད་དོ།།  ༼ཁ་བུའི་ཟིན་བྲིས་ལས་བཤུས་ཏེ་འཕྲི་སྣོན་ཅུང་ཟད་དང་བཅས།༽
ཟུར་ཞུ།   ༼རྒྱ་རྩིས་ཆེན་མོ༽བྱ་བའི་ཡིག་འགྱུར་མ་དེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དཔེ་མཛོད་ཁང་ན་ལག་བྲིས་ཀྱི་ཚར་གཅིག་དང་རྩེ་པོ་ཏ་ལར་དེའི་་ཤིང་དཔར་བཞུགས་ཡོད་པར་བཤད་དོ།། ༼བདེན་པའི་ལྕེ༽ཡི་སྐད་འཕྲིན་ལས་བརྒྱུད་འགོད་བྱས།
·གསར་འགྱུར་གོང་མ:མཚོ་སྔོན་པོའི་དྲ་བ་བཙུག་ནས་ལོ་དྲུག་འཁོར་བ།
·གསར་འགྱུར་འོག་མ:ཕྲེང་བའི་དགོས་ཆེད།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS