《བོད་ཀྱི་དམངས་སྲོལ་རོལ་དབྱངས་མཛོད》ཅེས་པའི་དཔེ་དེབ་འཚོལ་བསྡུ་
ལེགས་བསྒྲིགས་བྱས་ཚར།

བོད་ཀྱི་དམངས་སྲོལ་རོལ་དབྱངས་འཚོལ་སྒྲིག་བྱེད་མཁན་ཀླུ་མོ་རྒྱལ།

བོད་ལྗོངས་མངའ་རིས་ས་ཁུལ་དུ་དམངས་སྲོལ་རོལ་དབྱངས་འཚོལ་བསྡུ་བྱེད་པ།
བོད་ཀྱི་དམངས་སྲོལ་རོལ་དབྱངས་ཕྱོགས་ཡོངས་ནས་ཉམས་དང་ཉམས་བཞིན་དུ་འགྲོ་བའི་དུས་འདིར།བོད་ཀྱི་དམངས་སྲོལ་རོལ་དབྱངས་ཆེད་མཁས་པ་དང་གཞས་མ་ཀླུ་མོ་རྒྱལ་ནས་འཚོལ་བསྡུ་ལེགས་བསྒྲིགས་བྱས་པའི་བོད་ཀྱི་དམངས་སྲོལ་རོལ་དབྱངས་དཔེ་དེབ་ཆེན་མོ《བོད་ཀྱི་དམངས་སྲོལ་རོལ་དབྱངས་མཛོད》ཅེས་པ་ཉེ་ལམ་འཚོལ་བསྡུ་ལེགས་བསྒྲིགས་བྱས་ནས་ཡོངས་སུ་འགྲུབ་སྟེ་པར་སྐྲུན་བྱེད་ལ་ཉེ།

བོད་ཁམས་ཕྱོགས་སྡེ་དགེ་ས་ཁུལ་དུ་འཚོལ་བསྡུ་བྱེད་བཞིན་པ།

ཆབ་མདོ་ས་ཁུལ་དུ་ཇོ་མོའི་འདོན་རྟ་དབྱངས་འཚོལ་བསྡུ་བྱེད་བཞིན་པ།
དཔེ་དེབ་འདིའི་ནང་དུ་ཁོ་མོས་མི་ལོ 25རིང་མཚོ་སྔོན་དང་། ཟི་ཁྲོན། ཡུན་ནན། ཀན་སུའུ། ཞིནཅང་སོགས་ཞིང་ལྗོངས8 དང་། རང་སྐྱོང་ཁུལ།16 རྫོང་མཁར60 སྡེ་ཚོ300ལྷག་ལ་བྱིན་ནས་གཏིང་ཟབ་ཅིང་། ཁྱབ་རྒྱ་ཆེ་བ། ཞིབ་ཚགས་ཐོན་པའི་ངང་འཚོལ་བསྡུ་བྱས་པའི་དམངས་གླུ་སྣ་ཚོགས། གར། ལ་གཞས། ཆང་གཞས། མཛའ་གཞས། འབྲོག་པའི་ལས་གཞས། ཞིང་པའི་ལས་གཞས། ཨར་གཞས། རྫི་གཞས། འབའ་གཞས། གཉེན་གཞས་སྣ་ཚོགས།མདའ་གཞས། སྟོད་གཞས། ཤགས་གླུ གར་གླུ གཞས་མ་གཏམ། བྱིས་གླུ མགུར་གླུ ཁྲམ་གླུ ནང་མ། ཚིག་རྒྱག བརྡ་སྐད་སྣ་ཚོགས། སྒྲ་སྙན་སྣ་ཚོགས། མདོ་དབུས་ཁམས་གསུམ་གྱི་རོལ་ཆས་སྣ་ཚོགས། སྒོར་བྲོ་སྣ་ཚོགས། སྒོར་གཞས་སྣ་ཚོགས། བསླབ་བྱའི་དབྱངས་རྟ། མགུར་རྟ། གྲུབ་མཐའ་སོ་སོའི་ཆོས་རྟ། གྲུབ་མཐའ་སོ་སོའི་མ་ཎིའི་དབྱངས་རྟ། འདས་མཆོད་ཀྱི་དབྱངས་རྟ་སྣ་ཚོགས། རི་དྭགས་སྒོ་ཕྱུག་གཡུང་ལ་ཕབས་པའི་དབྱངས་རྟ། བྲོ་དབྱངས། ཞབས་བྲོ།གཞས་བྲོ། རོགས་འཐེན་སྣ་ཚོགས་ཀྱི་རྟ་དབྱངས། ལྷ་མོའི་རྣམ་ཐར་གྱི་རྟ་དབྱངས། གེ་སར་རྒྱལ་པའི་སྒྲུང་རྟ་སྣ་ཚོགས། དམངས་སྒྲུང་གི་དབྱངས་རྟ་སྣ་ཚོགས། རྩེད་རིགས་སྣ་ཚོགས། འབྲས་དཀར། རས་པའི་བྲོ་དབྱངས་སོགས་རོལ་དབྱངས་སྟོང་ཕྲག་ལ་ཉེ་བ་དཀའ་བ་གང་མང་སྤྱད་ནས་ཉེ་ལམ་འཚོལ་བསྡུ་ལེགས་བསྒྲིགས་བྱས་ཚར།

དབུས་གཙང་དམངས་གཞས་འཚོལ་བསྡུ་བྱེད་བཞིན་པ།

མདོ་སྨད་དམངས་སྲོལ་རོལ་དབྱངས་འཚོལ་བསྡུ་བྱེད་པཞིན་པ།
《བོད་ཀྱི་དམངས་སྲོལ་རོལ་དབྱངས་མཛོད》ཅེས་པའི་དཔེ་དེབ་འདི་ནི། དེང་གི་དུས་འདིར་ཉམས་དང་ཉམས་བཞིན་འགྲོ་བའི་བོད་ཀྱི་དམངས་སྲོལ་རོལ་དབྱངས་མྱུར་སྐྱོབ་དང་རྒྱུན་འཛིན། འཕེལ་རྒྱས་གཏོང་བའི་ཕྱོགས་ཀྱི་ཆེས་གལ་འགངས་ཆེ་བའི་བྱ་བཞག་ཅིག་ཡིན་པར་མ་ཟད། བོད་ཀྱི་དམངས་སྲོལ་རོལ་དབྱངས་ཐད་ཀྱི་ཆེས་འཐུས་ཚང་ཞིང་སྣ་འཛོམས་པ། དཔྱད་གཞིའི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་དཔེ་དེབ་རྩ་ཆེན་ཞིག་ཀྱང་ཡིན་ནོ།།