མང་རྫོང་མི་རིགས་སློབ་འབྲིང་གིས་དྲིན་ལ་དྲིན་བཟོའི་སྙན་ངག་གྱེར་འདོན་འགྲན་བསྡུར་སྤེལ་

མང་རྫོང་མི་རིགས་སློབ་འབྲིང་གིས་དྲིན་ལ་དྲིན་བཟོའི་སྙན་ངག་གྱེར་འདོན་འགྲན་བསྡུར་སྤེལ་བ།
ཟླ11པའི་ཚེས17ཉིན་གྱི་ཕྱི་དྲོར། མང་རྫོང་མི་རིགས་སློབ་འབྲིང་སློབ་ཨུ་དང་སློབ་སྟོན་ཁང་། བཟོ་ཚོགས། བུད་མེད་ལྷན་ཚོགས་གཉིས་ཀྱིས་རྩ་འཛུགས་བྱས་པའི་སློབ་རའི་རིག་གནས་བྱེད་སྒོ་སྟེ། དྲིན་ལ་དྲིན་དུ་གོ་བའི་སྙན་ངག་གྱེར་འདོན་འགྲན་བསྡུར་དེ་མང་རྫོང་མི་རིགས་སློབ་གྲྭའི་ལུས་རྩལ་ཐང་དུ་སྤེལ་བ་རེད།
ཉིན་དེའི་ནམ་ཟླ་བླ་ལྷག་གིས་འཁྱག་ནའང༌། སློབ་གྲྭའི་དགེ་སློབ2000ལྷག་ལུས་རྩལ་ཐང་དུ་ལྷན་ཅིག་ཏུ་འཛོམས་ཤིང༌སློབ་ཕྲུག21ཙམ་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་ཏེ། རང་གི་ཆེས་ཐོག་མའི་ལྟེ་ཕྲག་འཕོས་སའི་ཕ་ཡུལ་དང་ཚེ་སྲོག་སྦྱིན་མཁན་གྱི་ཕ་མ། ཤེས་རིག་གི་འདབ་ལག་རྒྱས་སའི་སློབ་གྲྭ མི་ཚེའི་འདུན་མ་སྟོན་པའི་དགེ་རྒན། ད་དུང་མེས་པོ་གོང་མ་དག་གི་མཛད་འཕྲིན་ལ་སོགས་པ་སེམས་ཀྱིས་ཚོར་ཞིང་སྙིང་གིས་དྲན་ལ། ཡིད་ཀྱིས་བཀུར་བའི་བརྩེ་སེམས་བརྗོད་བྱ་ཡིན་པའི་སྙན་ངག་གྱེར་འདོན་བྱས་པར་མ་ཟད། གྱེར་འདོན་གྱི་འགྲན་བསྡུར་འདིར་ཉན་རྗེས་སློབ་གྲྭའི་དགེ་སློབ་ཡོངས་ལ་སེམས་འགུལ་ཐེབས་ཤིང་དགའ་མགུ་སྐྱེས་བར་མ་ཟད། སློབ་ཕྲུག་ཚོའི་མ་འོངས་པའི་རེ་བ་དང་ཡིད་ཆེས། སྤོབས་པ་བཅས་མཐོང་དུ་བཅུག་སོང༌།

སྤྱིར་སྙན་ངག་གྱེར་འདོན་ལ་མཚོན་ནས་བཤད་ན། རང་བློར་འབབ་ཅིང་གཞན་ཡིད་འཕྲོག་པའི་དམ་པ་སུ་ཞིག་གི་བརྩམས་ཆོས་བཏོན་པ་ཙམ་གྱིས་མི་ཆོག་པར། དེ་ལ་སྐད་ཀྱི་སྙན་ཆ། སྒྲ་ཡི་དག་གསལ། ལུས་ཀྱི་ཉམས་འགྱུར། ཡིད་ཀྱི་བརྩེ་བ་བཅས་འཛོམས་དགོས་པ་ཞིག་ཡིན་པ་ནང་བཞིན། ཐེངས་འདིའི་འགྲན་ཞུགས་ཀྱི་སློབ་ཕྲུག་མང་ཤོས་ལ་ཆ་རྐྱེན་འདི་དག་ཐམས་ཅད་འཛོམས་པ་མ་ཟད། སྤོབས་པ་ཆེན་པོས་གར་སྟེགས་འདིར་བུད་ནས་རང་སེམས་ཀྱི་བཀའ་དྲིན་ཆེ་བའི་མི་བུ་གང་དེར་དྲིན་བཟོའི་སྙན་ངག་ཅིག་ཕུལ་བ་འདིར་ང་ཚོ་ཚང་མས་སློབ་སྦྱོང་བྱེད་འོས་པ་ཞིག་དང་མིག་དཔེར་ལྟ་འོས་པ་ཞིག ཡི་རིང་བྱེད་འོས་པ་ཞིག བཀུར་བསྟི་བྱེད་འོས་པ་ཞིག་ཏུ་གྱུར་བར་མ་ཟད། བྱ་འགུལ་གྱི་བར་གསེང་དུ་སློབ་གྲྭའི་དགེ་རྒན་དག་གིས་ཀྱང་སློབ་ཕྲུག་ཚོར་རྟིང་སྐུལ་གྱི་གླུ་དང་གླུ་དབྱངས་སྣ་ཚོགས་བླངས་ནས་འགྲན་ཞུགས་སློབ་ཕྲུག་ཚོར་སྤོབས་པ་སྦྱིན་པས། དགེ་སློབ་བར་གྱི་མཛའ་བརྩེ་དང་མཉམ་ལས། རོགས་རེས་བཅས་ལ་གཞན་དང་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད་པ་མཐོང་དུ་བཅུག
མཇུག་ཏུ་ཐེངས་འདིའི་འགྲན་བསྡུར་གྱི་དཔྱད་འདེམ་པས་མཇུག་བསྡུའི་གཏམ་བཤད་ནང་དུ། སློབ་གྲྭས་འདི་དང་འདི་ལྟ་བུའི་བྱ་འགུལ་མང་པོ་སྤེལ་འོས་ཤིང་། སྙན་ངག་གྱེར་འདོན་གྱི་བྱེད་སྒོ་ཁོ་ན་ཙམ་གྱིས་མི་ཆོག་པར། ད་དུང་མི་རིགས་འདིར་དམངས་ཁྲོད་རིག་གནས་དང་སྒྱུ་རྩལ་མང་པོ་ཞིག་ཡོད་པ་སྟེ། དཔེར་ན། གླུ་ལྟ་བུ། མགུར་ལྟ་བུ། ཁེད་ལྟ་བུ། གཏམ་དཔེ་ལྟ་བུ། འདི་དང་འདི་ལྟ་བུའི་དམངས་ཁྲོད་རིག་གནས་ཀྱང་བྱ་འགུལ་འདི་དག་གི་ཁྲོད་དུ་ཁྱེར་ཡོང་བའམ། ཡང་ན། དམངས་ཁྲོད་རིག་གནས་འདི་དག་ལའང་ཆེད་སྒྲིག་འགྲན་བསྡུར་བྱ་འགུལ་སྤེལ་དགོས་པ་སྟེ། མི་རིགས་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་འགན་འཁྲི་དེ་ང་ཚོའི་ཕྲག་ལ་བབ་ཡོད་པ་དང༌། སློབ་རའི་རིག་གནས་འཚོ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་འགན་འཁྲི་དེ་ང་ཚོའི་ཕྲག་ལ་བབ་ཡོད་པ་གསལ་བཤད་བྱས་ཏེ། མ་འོངས་པ་ན་འདི་དང་འདི་ལྟ་བུའི་སློབ་རའི་རིག་གནས་བྱ་འགུལ་མང་པོ་སྤེལ་བའི་རེ་བ་ཞུས་པ་རེད།