ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> འབྱུང་ཁཾས
  གསར་འགྱུར་ཀློག་པ།

སྤང་དང་ནགས་ཚལ་སྲུང་སྐྱོབ་བྱེད་དགོས་པའི་རྒྱུན་ཤེས།

[རྩོམ་པ་པོ:དཀོན་མཆོག་དོན་འགྲུབ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2013/10/23 16:13:24  བཀླགས་ཐེངས:1360][ཡིག་གཟུགས:ཡིག་གཟུགས་མདོག]
        ཞིང་འབྲོལ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་སྐོར་ལས།
      གཉིས་པ། སྤང་དང་ནགས་ཚལ་སྲུང་སྐྱོབ་
          བྱེད་དགོས་པའི་རྒྱུན་ཤེས།
 
       དཀོན་མཆོག་དོན་འགྲུབ།
 
   དབྱར་སྟོན་སྤང་ལྗོངས་གཡུ་ཡི་མེ་ལོང་ངོས། །རྩི་ཤིང་མེ་ཏོག་རི་ཀླུང་རྣམ་པར་བཀྲ །སྦྲང་བུའི་གླུ་ཆུང་བྱ་བྱེའུ་སྐད་སྙན་སྒྲོག །སྤང་དང་ནགས་ཚལ་ཁོར་ཡུག་རྒྱན་ཆ་ཡིན། །བར་སྣང་ཁམས་སུ་གཡུ་འབྲུག་ངར་སྒྲ་སྒྲོག །སྦྲང་ཆར་སིལ་མས་ས་གཞི་བརླན་གྱིས་ཕབ། །ལུང་ཆེན་ལུང་ཆུང་དྭངས་གསལ་ཆུ་མོས་ཁེངས། །སེམས་ཅན་ཀུན་གྱི་སྐོམ་པའི་གདུང་བ་སེལ། །དཔྱིད་དགུན་སྤང་མདོག་གསེར་གྱི་གོས་ཆེན་སྟེང། །ཁ་བའི་མེ་ཏོག་འདབ་མ་བར་སྣང་གཡོ །རི་བོ་ཀུན་གྱིས་དུང་གི་དབུ་ཞྭ་མནབ། །ཆུ་བོ་ཐམས་ཅད་དངུལ་གྱི་རྒྱན་ཆ་འདྲ། །རབ་མཛེས་གངས་ཅན་ལྗོངས་ཀྱི་ས་གཞིའི་སྟེང། །རབ་འབྱམས་རྒྱལ་བའི་ཞིང་ཁམས་བོད་ཡུལ་འདིར། །རབ་མཁས་མེས་པོ་མཁས་དབང་རིམ་རྒྱུད་ཀྱིས། །རབ་ཏུ་གནས་པའི་བོད་ཡུལ་ས་གཞི་ཡིན། །
   ས་གཞི་གོ་ལ་ཧྲིལ་པོ་འདི་ཡི་སྟེང། །དངས་གཙང་ཁོར་ཡུག་ཡིད་འོང་བསྐྲུན་དགོས་ན། །སྤང་དང་ནགས་ཚལ་ཁོར་ཡུག་མཛེས་ཆོས་ཡིན། །དེ་རྣམས་གཏོར་སྐྱོན་སོང་ན་ལོ་མང་ནང། །སླར་ཡང་བསྐྱར་ལོག་ཡོང་བ་ཤིན་ཏུ་དཀའ། །ཡིད་དུ་མི་འོང་ཁོར་ཡུག་ངན་པར་འགྱུར། །སྤང་དང་ནགས་ཚལ་ལས་ཐོན་སྐྱེ་དངོས་ཀུན། །རྩ་སྟོངས་སོང་བའི་གནོད་འཚེ་ཡུལ་ལུང་དེར། །གནས་པའི་སྲོག་ཆགས་ཆེ་ཆུང་མ་ལུས་ཀུན། །སྐྱེ་འཕེལ་འཚོ་གནས་ཡུལ་དེར་བྱ་ཐབས་བྲལ། །སྤང་དང་ནགས་ཚལ་ལས་ཐོན་སྐྱེ་དངོས་ལ། །བརྟེན་པའི་སྲོགས་ཆགས་ཆེ་ཆུང་མ་ལུས་ཀུན། །རང་རང་ཕ་ཁྱིམ་ཡིན་པས་འཚོ་གནས་བྱེད། །ཕ་ཁྱིམ་སྟོངས་ན་འཚོ་གནས་གང་དུ་བྱ། །དེར་གནས་སྲོག་ཆགས་ཆེ་ཆུང་མ་ལུས་པ། །རང་རང་སོ་སོའི་ནུས་སྟོབས་ཕན་ནུས་དེ། །ཆེ་སར་གོ་ལ་ཧྲིལ་པོ་ཡོངས་སུ་ཕན། །ཆུང་སར་ཡུལ་ལུང་གང་གནས་དེ་རུ་ཕན། །མདོར་ན་ཕྱི་ནང་སྣོད་བཅུད་ཞི་མཐུན་དང་། །འབྱུང་ཁམས་དོ་སྙོམས་ནུས་པ་ལྡན་པ་ཡིན། །དེ་ཕྱིར་སྤང་དང་ནགས་ཚལ་སྐྱེ་དངོས་ཀུན། །གང་བྱུང་རྩ་སྟོངས་མི་གཏོང་སྲུང་སྐྱོབ་དགོས། །
   དེ་ནས་སྲུང་སྐྱོབ་བྱེད་པའི་དགོས་པ་ནི། །ནགས་ཚལ་འདི་རྣམས་གོ་ལའི་དབུ་སྐྲ་ཡིན། །སྤང་ལྗོངས་འདི་ནི་གོ་ལའི་པགས་པ་ཡིན། །ནགས་ཚལ་གང་བྱུང་གཅོད་བྲེག་བྱེད་པ་ན། །མ་ཡུམ་གོ་ལའི་དབུ་སྐྲ་བཅད་པ་ཡིན། །སྤང་ལྗོངས་གང་བྱུང་གཏོར་སྐྱོན་གཏོང་བས་ན། །མ་ཡུམ་གོ་ལའི་བླ་གོས་བཤུས་པ་ཡིན། །དེང་དུས་ཁྲེལ་མེད་མི་ངན་འགའ་ཞིག་གིས། །དཔལ་འབྱོར་ཁེ་ཕན་ཅུང་ཟད་ཡོང་བའི་ཆེད། །ནགས་ཚལ་གང་བྱུང་གཅོད་བྲེག་བྱེད་པ་ཡིན། །སྤང་ལྗོངས་གང་བྱུང་ཉམས་དམས་གཏོང་བ་ཡིན། །ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་རོལ་དུ། །སྐྱེས་པའི་སྤང་དང་ནགས་ཚལ་སྐྱེ་དངོས་རྣམས། །ལོ་ཤས་ཟླ་ཤས་ཉིན་ཤས་དུས་ཐུང་ནང་། །ཚང་མ་ཉམས་དམས་གང་བྱུང་གཏོང་བས་ན། །གོ་ལ་ཧྲིལ་པོ་ཁྱོན་ལ་གནོད་པ་ཡོད། །མི་དང་སེམས་ཅན་འཚོ་ཐབས་དཀའ་བ་ཡོད། །གང་བྱུང་གཏོར་སྐྱོན་གཏོང་བའི་གནོད་འཚེ་ནི། །མི་ལོ་རྒྱ་ཕྲག་འགའ་ཤས་ནང་རོལ་ན། །སོས་པ་ལ་ནི་ཤིན་ཏུ་དཀའ་བ་ཡིན། །
   སྤང་ཐང་སྔོན་པོ་གཏོར་སྐྱོན་འགྲོ་ཚུལ་ནི། །སྤང་ལྗོངས་སྟེང་དུ་གང་བྱུང་ལམ་བུ་གཏོད། །སྤང་ལྗོངས་གང་བྱུང་དྲས་ནས་བེད་སྤྱོད་གཏོང་། །དེང་དུས་རླངས་འཁོར་ཁ་ལོ་བ་འགའ་ཡིས། །སྤང་ཐང་སྟེང་དུ་གང་བྱུང་ལམ་བུ་གཏོད། །དབྱར་རྩྭ་དགུན་འབུ་སྨན་རྩ་བཀོག་པའི་དུས། །སྤང་གང་བཀོག་པ་རང་སར་གསོ་དགོས་ལས། །གང་བྱུང་སྤང་སོགས་གཏོར་སྐྱོན་གཏོང་མི་རུང་། །བཀོག་པའི་སྤང་རྣམས་རང་སར་མ་སོས་ན། །རྗེས་སུ་སྤང་ལྗོངས་ཐམས་ཅད་བྱེ་མར་འགྱུར། །དེ་རྐྱེན་སྐྱེ་དངོས་སྐྱེ་བའི་རྨང་གཞི་མེད། །ཁྱད་པར་དབྱར་རྩྭ་དགུན་འབུ་བཀོག་པའི་དུས། །རི་ཀླུང་ཐམས་ཅད་ཕོ་མོ་རྒན་གཞོན་གང་། །གད་སྙིགས་སྣ་ཚོགས་རི་ཀླུང་གང་སར་གཡུག །སྤང་དང་སྐྱེ་དངོས་མི་ཡིས་རྡོག་བརྗིས་གཏོང་། །སྐྱེ་དངོས་ཐམས་ཅད་སྐྱེ་རྒྱུར་འགོག་རྐྱེན་བཟོ། །སྤང་ལྗོངས་ཐམས་ཅད་ལོ་ལྟར་ཉམས་དམས་འགྲོ། །དབྱར་རྩྭ་དགུན་འབུ་མེད་པ་མ་ཟད་པ། །དུད་འགྲོ་སེམས་ཅན་འཁོར་གནས་དཀའ་ངལ་འཕྲད། །དེ་ཕྱིར་དབྱར་རྩྭ་དགུན་འབུ་བཀོག་པའི་དུས། །དུས་ཚོད་གཏན་འཁེལ་དུས་ཡུན་གཏན་འཁེལ་དགོས། །སྤང་དང་སྐྱེ་དངོས་གནོད་སྐྱོན་ཕོག་པ་ཉུང་། །དབྱར་རྩྭ་དགུན་འབུ་སྐྱེ་བའི་ཨ་མ་དེ། །ཡུལ་དེར་སྐྱེ་དངོས་བརྟེན་ནས་འཚོ་གནས་བྱེད། །སྐྱེ་དངོས་བརྟེན་ཡུལ་མེད་ན་འཁོར་གནས་མེད། །དེ་ཕྱིར་དབྱར་རྩྭ་དགུན་འབུ་སྐྱེ་སའི་ཡུལ། །དེ་སྔོན་ཡོད་ལ་ད་ལྟ་མེད་པ་དང་། །དེ་སྔོན་མེད་ས་ད་ལྟ་ཅུང་ཟད་ཡོད། །དབྱར་རྩྭ་དགུན་འབུ་འཇིག་པའི་སྔ་ལྟས་ཡིན། །དེ་ནས་དབྱར་རྩྭ་དགུན་འབུ་སྐྱེ་ཚུལ་ནི། །དབྱར་རྩྭ་དགུན་འབུ་ཟེར་བ་རྩྭ་ད་བྱིད། །ཡུལ་ལུང་དེ་རུ་གནས་པའི་འབུ་ཞིག་ཀི །སྒོ་ང་ཡིན་པ་ནམ་ཞིག་ས་འོག་ཏུ། །དངོས་སུ་འབུ་རུ་གྱུར་ནས་བཟོ་དབྱིབས་དོད། །ནམ་ཞིག་འབུ་དེ་ཤི་ནས་རྩྭ་རུ་འགྱུར། །མགོ་བོ་སྟེང་དུ་འབུ་རྭ་ས་ཁར་དོན། །དེའི་དུས་མི་ཡིས་བཀོག་པའི་དུས་སྐབས་ཡིན། །ཡུལ་ལུང་འགའ་ཤས་ཡོད་ལ་འགའ་ཤས་མེད། །དེ་ནི་ལུང་པ་སོ་སོའི་ཁྱད་པར་ཡོད། །དབྱར་རྩྭ་དགུན་འབུ་སྐྱེ་སའི་ཡུལ་མི་རྣམས། །དུས་ཐུང་ནང་དུ་དབྱར་རྩྭ་དགུན་འབུ་བཀོག །འབྲོག་པས་འབྲོག་ལས་མི་བྱེད་གྲོང་ཁྱེར་འཁྱམ། །ཞིང་པས་ཞིང་ལས་མི་བྱེད་གྲོང་འཁྱེར་འཁྱམ། །བློ་ཕུགས་ཐམས་ཅད་དབྱར་རྩྭ་དགུན་འབུར་གཏད། །དེང་དུས་དབྱར་རྩྭ་དགུན་འབུ་གོང་ཡོད་ཀྱང་། །ཕུགས་སུ་གོང་ཚད་ཡོད་མེད་གཏན་འཁེལ་མེད། །འདི་ལྟར་སྐྱེ་དང་མི་སྐྱེ་གཏན་འཁེལ་མེད། །དེ་ལས་ཞིང་འབྲོག་བློ་ཕུགས་ཞིང་ཕྱུགས་གཏད། །འབྲོག་པས་རྩྭ་ཐང་སྲུང་སྐྱོབ་བྱེད་པ་བཟང་། །ཞིང་པས་ཞིང་ཁ་སྲུང་སྐྱོབ་བྱེད་པ་བཟང་། །དེ་ནི་ཁོར་ཡུག་གནོད་མེད་འཚོ་བ་ཡིན། །ཡིན་ཀྱང་དུད་འགྲོ་ཁྱད་མེད་མི་འགའ་ཡིས །སྤང་ལྗོངས་དྲས་ནས་སེམས་ཅན་ལྷས་ར་རྒྱག ། སྤང་ལྗོངས་དྲས་ནས་སྒོ་རའི་ནང་དུ་འདིང་། །མདོར་ན་ཁོར་ཡུག་གནོད་སྐྱོན་གཏོང་མི་ལས །སྲུང་སྐྱོབ་བྱེད་མི་ཉིན་མོའི་སྐར་མ་ཙམ། །སྤང་ལྗོངས་འདི་ནི་གོ་ལའི་བླ་གོས་ཡིན། །བླ་གོས་མེད་ན་གོ་ལ་གཅེར་བུ་ཡིན། །དེ་ཕྱིར་གཏོར་སྐྱོན་མེད་པར་སྲུང་སྐྱོབ་མཛོད། །སྤང་དང་ནགས་ཚལ་སྲུང་སྐྱོབ་མེད་པ་ན། །རྩི་ཤིང་ལོ་འབྲས་སྐྱེ་སའི་རྨང་གཞི་མེད། །རྩི་ཤིང་ལོ་འབྲས་སྐྱེ་བའི་གཞི་མེད་ན། །དེ་ལ་བརྟེན་པའི་སྲོག་ཆགས་ཆེ་ཆུང་ཀུན། །འཚོ་གནས་མི་ཐུབ་རྩ་སྟོངས་འགྲོ་བར་ངེས། །སྲོག་ཆགས་དེ་རྣམས་རྩ་སྟོངས་ཕྱིན་གྱུར་ན། །འབྱུང་ཁམས་དོ་སྙོམས་བྱེད་པའི་ནུས་པ་མེད། །སྤང་དང་ནགས་ཚལ་གཏོར་སྐྱོན་གཏོང་བ་ན། །རི་ཀླུང་ཐམས་ཅད་སྐྱེ་དངོས་རྩ་བ་སྐམ། །ཁོར་ཡུག་ཐམས་ཅད་བྱེ་མར་འགྱུར་ལ་ཉེན། །གལ་སྲིད་བྱེ་རི་བྱེ་ཀླུང་འགྱུར་བ་ན། །དཔྱིད་དགུན་གཉིས་ལ་ཐལ་རྡུལ་བར་སྣང་ཁེངས། །དབྱར་སྟོན་གཉིས་ལ་འདམ་རྫབ་རི་ཀླུང་ཁེངས། །དེ་འདྲ་ཁོར་ཡུག་མི་སྡུག་པ་རུ་འགྱུར། །གལ་སྲིད་སྤང་དང་ནགས་ཚལ་མེད་གྱུར་ན། །ཆུ་ལོག་འཇིགས་པ་ཡོང་བ་ཉེན་ཁའི་གནས། །བྱེ་མའི་རི་བོ་ཉིལ་རྒྱུ་གཏན་འཁེལ་རེད། །ས་ཡོམ་གནོད་འཚེ་མང་བའི་ཡུལ་ལུང་འགྱུར། །སྤང་དང་རྣགས་ཚལ་གཏོར་སྐྱོན་སོང་བ་ན། །ཉམས་གསོ་བྱ་བའི་ཐབས་བཟང་ཡོད་དམ་མེད། །ཉམས་གསོ་བྱས་ན་གྲུབ་འབྲས་ཐོབ་བམ་ཅི། །ལྟོས་དང་དེང་དུས་ཡུལ་ལུང་འགའ་ཞིག་ནང་། །བྱེ་མའི་རི་ཀླུང་མང་པོ་འགྱུར་བཞིན་ཡོད། །གང་འདྲ་བྱས་ནས་འགྱུར་བ་ཨེ་ཤེས་ལགས། །ཁོར་ཡུག་གཏོར་སྐྱོན་བཏང་ནས་འགྱུར་བ་ཡིན། །སྤང་དང་ནགས་ཚལ་སྐྱེ་དངོས་ནུས་པ་ལས། །འབྱུང་བའི་བརླན་གཤེར་སྨུག་པའི་ཟིལ་པ་ཆགས། །ཟིལ་པ་མེད་ན་ས་གཞི་ཐམས་ཅད་སྐམ། །སྐྱེ་དངོས་ནགས་ཚལ་སྐྱེ་བ་འགོག་རྐྱེན་བཟོ། །འབྱུང་བ་ལྔ་ཚང་རྩི་ཤིང་ལོ་འབྲས་སྐྱེས། །འབྱུང་བ་མ་ཚང་དེ་རྣམས་སྐྱེ་མི་སྲིད། །སྐྱེ་སའི་ས་གཞི་མེད་ན་གཞི་བརྟེན་མེད། །སྨུག་ཟིལ་ཆུ་ཁམས་མེད་ན་བརླན་མི་ཐུབ། །མེ་ཁམས་དྲོད་ཚད་མེད་ན་སྨིན་མི་ཐུབ། །རླུང་ཁམས་གཡོ་བ་མེད་ན་སྐྱེ་འཚར་མེད། །སྟོང་ཆ་མཁའ་མེད་སྐྱེ་བའི་གོ་སྐབས་བྲལ། །འབྱུང་ལྔ་མ་ཚང་སྐྱེ་དངོས་ཇི་ལྟར་སྐྱེ། །དེ་ཕྱིར་སྤང་དང་ནགས་ཚལ་སྲུང་སྐྱོབ་དགོས། །
   ད་ནི་སྲུང་སྐྱོབ་ཐུབ་པའི་ཕན་ཡོན་ནི། །སྤང་དང་ནགས་ཚལ་སྲུང་སྐྱོབ་ཐུབ་གྱུར་ན། །ཆེ་སར་འཛམ་གླིང་གོ་ལ་སྲུང་སྐྱོབ་ཐུབ། །འཛམ་གླིང་གོ་ལ་ཡོངས་ཀྱི་འབྱུང་བའི་ཁམས། །ཚ་གྲང་སྐམ་རློན་དོ་སྙོམས་ནུས་པ་འདོན། །མཁའ་རླུང་འབག་གཙོག་དངོས་པོ་གཙང་སེལ་ཐུབ། །ནད་ཡམས་སྔོན་འགོག་ཐུབ་པའི་ནུས་པ་ལྡན། །གསོ་རླུང་དྭངས་མ་མཁོ་སྤྲོད་ཐུབ་པར་བྱེད། །སྙིགས་རོ་རྣམས་ནི་གཙང་སེལ་ཐུབ་པར་བྱེད། །འབྱུང་བ་ལྔ་ཡི་དོ་སྙོམས་ནུས་པ་ལྡན། །སྤང་དང་ནགས་ཚལ་སྲུང་སྐྱོབ་ཐུབ་གྱུར་ན། །མི་དང་དུད་འགྲོ་སྲོག་ཆགས་ཆེ་ཆུང་ཀུན། །རྒྱུན་རིང་འཚོ་གནས་ཐུབ་པའི་ནུས་པ་ལྡན། །སྤང་དང་ནགས་ཚལ་སྲུང་ སྐྱོབ་ཐུབ་གྱུར་ན། །ཆུ་ལོག་འཇིགས་པ་མི་ཡོང་སྔོན་འགོག་ཐུབ། །ནགས་རི་མི་ཉིལ་ལྗོན་ཤིང་རྩ་བས་ཟིན། །སྤང་རི་མི་ཉིལ་སྤང་གིས་འཚོ་འཛིན་ཐུག །ལྗོན་ཤིང་ནགས་ཚལ་ཡོད་པའི་ས་ཕྱོགས་དེར།།ཚ་བའི་དུས་སུ་བསིལ་བའི་སྦྱིན་པ་གཏོང་། །གྲང་བའི་དུས་སུ་གྲང་རླུང་སྔོན་འགོག་བྱེད། །ཐན་པའི་དུས་སུ་བརླན་གཤེར་སྦྱིན་པར་ནུས། །ཆར་ཞོད་སྐབས་སུ་ཆུ་ལོག་སྔོན་འགོག་ཐུབ། །འབྱུང་བ་འཕེལ་འགྲིབ་མི་འགྲོ་སྙོམས་སྒྲིག་བྱེད། །དྭངས་ཞིང་ གཙང་བའི་ཁོར་ཡུག་ཡོང་མིན་དེ། །སྤང་དང་ནགས་ཚལ་སྐྱེ་དངོས་རྣམས་ལ་ཐུག །སྐྱེ་དངོས་ནགས་ཚལ་སྨན་རིགས་ལས་ནི་གྲུབ། །མཁའ་རླུང་ཐམས་ཅད་སྨན་གྱི་དྲི་བསུང་ཐུལ། །ནད་ཡམས་སྔོན་འགོག་ཐུབ་པའི་ནུས་པ་ལྡན། །མི་དང་སེམས་ཅན་སྲོག་ཆགས་ཀུན་ལ་ནི། །གསོ་རླུང་དྭངས་མ་མཁོ་འདོན་བྱེད་པ་དང། །སྙིགས་རོ་རྣམས་ནི་གཙང་སེལ་ཐུབ་པར་བྱེད། །ལུས་དང་སྲོག་ལ་ཕན་པའི་ལས་མང་བྱེད། །མཁའ་རླུང་ཁྲོད་ཀྱི་སྙིགས་རྡུལ་བཙོག་སྙིགས་དང། །བཟོ་གྲྭའི་རྫས་འགྱུར་ཐབས་ཀྱི་སོལ་རྡོའི་དུད། །རླངས་འཁོར་དུ་རླངས་གཏེར་སྔོག་ཐལ་རྡུལ་སོགས། །སྤང་དང་ནགས་ཚལ་སྐྱེ་དངོས་སྣ་ཚོགས་ཀྱིས། །གནོད་འཚེ་མི་ཡོང་སྔོན་འགོག་ཐུབ་མ་ཚད། །མཁའ་རླུང་གསོས་སུ་གྱུར་པའི་ནུས་པ་ཡོད། །སྤང་དང་སྐྱེ་དངོས་ནགས་ཚལ་མང་བ་ན། །དེ་ལས་འབྱུང་བའི་བརླན་གཤེར་ཟིལ་པ་འཁོར། །དེ་ལས་བརླན་གཤེར་ཆ་རྣམས་ཡར་སྐྱེད་ནས། །རླངས་པ་མང་པོ་ལངས་ནས་ནམ་མཁར་འཕྱོ །རིམ་བཞིན་མང་དུ་ཕྱིན་ནས་སྤྲིན་པར་འགྱུར། །སྤྲིན་པ་དེ་ནི་རིམ་བཞིན་ཇེ་མཐུག་འགྲོ། །མཐར་ཐུག་བརླན་གཤེར་ཆ་རྣམས་མང་འཕེལ་ནས། །ནམ་ཟླ་དྲོ་བའི་དུས་སུ་ཆར་པ་འབབ། །ནམ་ཟླ་གྲང་བའི་དུས་སུ་ཁ་བ་འབབ། །དེ་ཡིས་ས་གཞི་ཐམས་ཅད་བརླན་གཤེར་སྦྱིན། །བརླན་གཤེར་དེས་ནི་སྐྱེ་དངོས་སྐྱེ་བའི་གྲོགས། །བྱེད་དེ་སླར་ཡང་སྐྱེ་དངོས་ནགས་ཚལ་ལས། ། སྨུག་པ་སྤྲིན་པ་བརླན་གཤེར་ཆ་རྣམས་འཁོར། །དེ་ནས་སྤྲིན་པ་ལ་སོགས་ཇེ་ཆེར་ཕྱིན། །རིམ་བཞིན་འཁོར་ལོ་ལྟ་བུ་འཁོར་བ་ཡིན། །སྐྱེ་དངོས་ནགས་ཚལ་སྲུང་སྐྱོབ་ཐུབ་གྱུར་ན། །མ་ཡུམ་གོ་ལ་ཧྲིལ་པོ་སྲུང་སྐྱོབ་ཐུབ། །སྤང་དང་སྨན་རྩྭ་སྲུང་སྐྱོབ་ཐུབ་གྱུར་ན། །སེམས་ཅན་ཐམས་ཅད་དུས་མིན་འཆི་ལས་ཟློག །སྐྱེ་དངོས་ནགས་ཚལ་སྲུང་སྐྱོབ་ཐུབ་པ་ན།།མི་དང་ཁོར་ཡུག་ཞི་མཐུན་འཚོ་བ་ཡིན། །སྤང་དང་སྨན་རྩྭ་སྲུང་སྐྱོབ་ཐུབ་པས་ན། །སེམས་ཅན་ཐམས་ཅད་བདེ་ཐང་ངང་དུ་གནས། །  ༼འཕྲོ་མུ་མཐུད་འགོད་རྒྱུ།
·གསར་འགྱུར་གོང་མ:པཎ་ཆེན་སྐུ་ཕྲེང་བཅུ་བའི་མི་རིགས་སློབ་གསོ་སྐོར་གྱི་གསུངས།
·གསར་འགྱུར་འོག་མ:བདེ་ཐང་ལ་སྨན་པའི་ལས་ཀ་དང་ངལ་གསོའི་དུས་ཚོད་རེའུ་མིག 
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·རྒྱལ་ཁམས་བདེ་བའི་ཐུགས་བསྐྱེད་སྨོན་ལམ་ཞེས་བྱ་བ་བཞུགས།། 2015/6/16 17:55:12
·ནགས་ཚལ་སྐོར་གྱི་རྒྱུན་ཤེས། 2015/5/30 14:58:03
·བོད་ཀྱི་སྲོལ་རྒྱུན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ། 2015/3/25 11:52:21
·སྣོད་བཅུད་ཁོར་ཡུག་སྐོར་གྱི་གདམས་ངག། 2015/3/17 11:24:51
·ཁོར་ཡུག་སྲུང་སྐྱོབ་བྱིས་པའི་རྩེད་མོ་མིན། 2015/1/27 12:14:29
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 14:17:12 [来自: 112.5.236.197]

 评论者:4YmF7xGG
http://www.2345daohang.com/mail.htm
http://www.505dh.com/mail.htm
http://www.3721.cc/youxiang/
http://www.365dhw.com/dianzi-youxiang.html
http://www.726c.com/html/mail.htm
发表时间:2015/12/6 13:19:08 [来自: 111.144.227.221]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/5 0:17:21 [来自: 111.144.227.221]

འབྲེལ་ཡོད་དཔྱད་བརྗོད 40 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།148.44MS