ཞིང་འབྲོལ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་སྐོར་ལས།
དང་པོ། སྐྱེ་དངོས་སྨན་རིགས་སྲུང་སྐྱོབ་བྱེད་དགོས་པའི་རྒྱུན་ཤེས།
དཀོན་མཆོག་དོན་འགྲུབ།
དང་པོ་ས་ལ་སྐྱེས་པའི་སྔོ་སྨན་རྣམས། །མི་ཡིས་གཏོར་སྐྱོན་གཏོང་བའི་གནོད་འཚེ་དེ། །གོ་ལ་ཁྱོན་དང་སེམས་ཅན་མ་ལུས་ལ། །གནོད་འཚེ་འགྲོ་བས་ཚང་མས་སྲུང་སྐྱོབ་མཛོད། །བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པ་འདི། །ལོ་ངོ་སྟོང་ཕྲག་མང་པོའི་སྔོན་རོལ་དུ། །སྔོན་བྱོན་མེས་པོ་མཁས་དབང་རྣམས་ཀྱིས་མཛད། །བོད་ཡུལ་ས་མཐོར་སྐྱེས་པའི་སྔོ་སྨན་རྣམས། །བོད་ལུགས་སྨན་པས་བེད་སྤྱོད་བཏང་ཡོད་ལ། །སྲུང་སྐྱོབ་ལ་ཡང་ད་བར་བྱས་པའི་དྲིན། །རྩ་སྟོངས་འགྲོ་ཉེའི་དཀའ་ངལ་འཕྲད་མྱོང་མེད། །དེང་དུས་ཁེ་ལས་བཟོ་གྲྭ་མང་བའི་རྐྱེན། །ལོ་ལྟར་སྔོ་སྨན་ཕོན་ཆེན་ཉོ་སྒྲུབ་བྱེད། །དེ་རྣམས་ཡན་ལག་བདུན་དང་མི་ལྡན་པ། །ཤེས་མེད་མི་ཡིས་གང་བྱུང་དུས་མིན་བཏུ། །ཡོང་འབབ་ཆེད་དུ་གང་བྱུང་ཉོ་སྒྲུབ་བྱེད། །དངུལ་ལོར་ཆེད་དུ་རྩ་ལོ་མེ་འབྲས་སྡོང་། །དབྱེ་བ་མེད་པར་གང་བྱུང་རྩ་བཀོག་གཏོང། །ཁེ་ལས་བཟོ་གྲྭ་རྣམས་ཀྱི་སྨན་སྦྱོར་དུས། །རྩ་ལོ་མེ་འབྲས་སྡོང་པོ་དབྱེ་བ་མེད། །བེད་སྤྱོད་གང་བྱུང་བཏང་བའི་གནོད་འཚེ་དེ། །སྔོ་སྨན་རྩ་སྟོངས་འགྲོ་བའི་འབྱུང་རྩ་ཡིན། །གསོ་རིག་ཉམས་གུད་གཏོང་བའི་རྩ་བ་ཡིན། །
དེ་རྣམས་སྔོ་སྨན་རྩ་སྟོངས་འགྲོ་ཚུལ་ནི། །བོད་ཡུལ་སྐྱེས་པའི་སྐྱེ་དངོས་སྨན་རིགས་རྣམས། །ཁེ་བཟང་ཁོ་ན་བསམ་མཁན་ཁག་གཅིག་གིས། །གནས་སྐབས་དཔལ་འབྱོར་ཁེ་ཕན་ཁོ་ནའི་ཆེད། །མང་ཚོགས་ཁྲོད་ནས་སྔོ་སྨན་ཉོ་སྒྲུབ་བྱེད། །གང་ཡང་མི་ཤེས་མང་ཚོགས་ཁག་གཅིག་གིས། །སྔོ་སྨན་རྩ་སྟོངས་འགྲོ་བ་མི་ཤེས་པ། །འབྱུང་ཁམས་ཉམས་ཉེས་འགྲོ་བ་མི་ཤེས་པ། །བདེ་ཐང་འཕྲོད་བསྟེན་གནོད་འཚེ་མི་ཤེས་པར། །གནས་སྐབས་ཡོང་འབབ་ཅུང་ཟད་ཡོང་བའི་ཆེད། །ལོ་མང་སྐྱེ་བའི་ས་མཐོའི་སྔོ་སྨན་རྣམས། །ཉིན་ཤས་ནང་དུ་རྩ་བཀོག་གཏོང་བཞིན་ཡོད། །སྔོ་སྨན་རྩ་སྟོངས་འགྲོ་བའི་གནོད་འཚེ་ཡིས། ། རང་བྱུང་ཁམས་ཀྱི་ནད་འགོག་ནུས་ཤུགས་ཉམས། །ནད་ཡམས་འདྲ་མིན་སྣ་ཚོགས་རྒྱུན་ཆད་མེད། །འབྱུང་ཁམས་དོ་སྙོམས་མེད་པའི་གནོད་སྐྱོན་ཕོག །མཁའ་རླུང་ཁྲོད་དུ་བཙོག་སྐྱོན་ཕོག་པ་མང། །ཁྱད་པར་བོད་ཡུལ་ས་མཐོའི་སྔོ་སྨན་རྣམས། །རྩ་སྟོངས་ཕྱིན་ན་སྨན་རྒྱུ་གང་ནས་འབྱུང། །འགྲོ་བ་ནད་པར་སྨན་བཅོས་གང་འདྲ་བྱེད།། །བོད་ཀྱི་གསོ་རིག་འཕེལ་རྒྱས་གང་འདྲ་གཏོང། །མ་འོངས་བོད་སྨན་སྨན་རྒྱུ་གང་ནས་འཚོལ། །སྔོ་སྨན་མེད་ན་སྨན་བཅོས་གང་འདྲ་བྱེད། །དེ་མིན་གསོ་རིག་གཞུང་ལུགས་ཆ་ཚང་དང་། །སྨན་པ་ལག་ལེན་མཁས་པ་གང་ཡོད་ཀྱང། །སྨན་རྒྱུ་མེད་ན་སྨན་བཅོས་བྱ་ཐབས་བྲལ། །བོད་ཡུལ་ས་མཐོར་སྐྱེས་པའི་སྔོ་སྨན་རྣམས། །ཟད་གྲོན་ཚོད་འཛིན་བདག་གཅེས་མ་བྱས་ན། །རྩ་སྟོངས་སོང་རྗེས་སླར་ཡང་སྐྱེ་དགོས་ན། །མི་ལོ་མང་པོའི་རིང་དུ་སྐྱེ་བར་དཀའ། །རྒྱུ་མཚན་བོད་ཡུལ་ས་འདི་འཛམ་གླིང་རྩེར། །རྩི་ཤིང་སྐྱེ་བའི་དུས་ཡུན་རིང་བ་དང། །རྩི་ཤིང་འཇིག་པའི་དུས་ཡུན་ཐུང་བ་ཡིན། །དེ་ཕྱིར་བོད་ཡུལ་སྐྱེས་པའི་སྔོ་སྨན་རྣམས། །སྔོན་དུས་མི་འདྲ་ད་ལྟ་ཚེ་ཚད་ཐུང་། །སྔོན་དུས་མི་འདྲ་ད་ལྟ་བར་ཆད་མང་། །སྔོན་དུས་མི་འདྲ་ད་ལྟ་སྐྱེས་ཚད་ཞན། །སྔོན་དུས་མི་འདྲ་ད་ལྟ་ཐོན་ཚད་ཉུང་། །དེ་ནི་ཁོར་ཡུག་གཏོར་སྐྱོན་འགྲོ་བའི་རྐྱེན། །དེ་ནི་མཁའ་རླུང་བཙོག་སྐྱོན་སོང་བའི་རྐྱེན། །དེ་ནི་གང་བྱུང་རྩ་བཀོག་གཏོང་བའི་རྐྱེན། །རྒྱུ་རྐྱེན་མང་པོས་སྔོ་སྨན་རྩ་སྟོངས་འགྲོ། །མ་ཟད་སོ་སོར་གནས་པའི་ཡུལ་ལུང་དུ། །སྨན་རིགས་མེད་ན་མཁའ་རླུང་བཙོག་སྐྱོན་འགྲོ། །ཡུལ་ལུང་གཞན་དང་མི་འདྲ་ནད་རིགས་མང་། །ནད་འགོག་ནུས་ཤུགས་ཉམས་པའི་གནོད་འཚེ་ཡིན། །སྔོན་ནས་སྨན་རྩ་སྲུང་སྐྱོབ་མ་ཐོབ་སྐྱོན། །ད་ལྟ་སྨན་རྩ་མང་པོ་སྟོངས་ལ་ཉེ། །ཟློག་ཐབས་འདེབས་གསོའི་ཐབས་ཤེས་སྤེལ་ཡོད་ཀྱང་ །རང་བཞིན་སྐྱེས་དང་ནུས་པ་མཚུངས་མི་སྲིད། །ཚ་གྲང་ནད་གཞི་འཇོམས་པའི་ནུས་སྟོབས་ཞན། །བེད་སྤྱོད་གཏོང་རྒྱུ་འདང་ངེས་སྐྱེ་བར་དཀའ། །
དེ་ནས་སྲུང་སྐྱོབ་བྱ་བའི་ཐབས་ལམ་ནི། །རང་བྱུང་ཉིན་སྲིབ་སྐྱེ་བའི་སྔོ་སྨན་རྣམས། །རྩ་བཀོག་གང་བྱུང་མི་གཏོང་སྲུང་སྐྱོབ་དགོས། །ཡུལ་ལུང་གང་དུ་གནས་པའི་ཡུལ་སྡེ་ཡི །ཉེ་འཁོར་སྲུང་སྐྱོབ་བྱེད་རྒྱུ་ཚང་མའི་འགན། །ཁྱད་པར་ཁོར་ཡུག་སྲུང་སྐྱོབ་མི་སྣ་དང་། །འཚོ་བྱེད་ལྷ་རྗེ་རྣམས་ཀྱིས་འགན་འཁུར་ཏེ། །སྨན་རྩྭ་རྩ་སྟོངས་འགྲོ་བའི་རྒྱུ་རྐྱེན་དང་། །རྩ་སྟོངས་ཕྱིན་རྗེས་གནོད་འཚེ་གང་ཡོད་སོགས། །མང་ཚོགས་རྣམས་ཀྱིས་ཤེས་རྟོགས་ཐུབ་པར་བྱ། །བཏུ་བའི་དུས་ཚོད་ནམ་དུས་གཏན་འཁེལ་དགོས། །བཏུ་ཚུལ་རྩ་ལོ་མེ་འབྲས་ལོ་སྡོང་སོགས། །གང་བྱུང་མཉམ་དུ་མི་བཀོག་སོ་སོར་དབྱེ། །བཏུ་ཐབས་རྩ་བ་གཏིང་ནས་མི་བཀོག་པ། །རྩ་བའི་སྨན་རྣམས་རྩ་བ་ཅུང་ཙམ་འཇོག །གཏིང་ནས་ཆ་ཚང་མི་བཀོག་ཚོད་འཇིན་དགོས། །ལྷག་པར་རྩ་སྟོངས་འགྲོ་ཉན་སྨན་རྩ་རྣམས། །ད་ལྟ་སྲུང་སྐྱོབ་བྱེད་པའི་དུས་ལ་བབས། །སྔོ་སྨན་སྲུང་སྐྱོབ་ཐོབ་པའི་ཕན་འབྲས་ནི། །བོད་ལྗོངས་ས་མཐོར་སྐྱེས་པའི་སྔོ་སྨན་རྣམས། །འཛམ་གླིང་ཀུན་ལ་ཕན་པའི་སྐྱེ་དངོས་ཡིན། །རྒྱུ་མཚན་བོད་འདི་འཛམ་གླིང་རྩེར་མོར་གནས། །སྨན་དྲིས་བོད་ཡུལ་མཁའ་རླུང་འབྱུང་བའི་ཁམས །གཙང་སེལ་ཐུབ་པ་མ་ཟད་གོ་ལ་ཡོངས། །སྨན་གྱི་དྲིས་ཁྱབ་མཁའ་རླུང་དངས་གཙང་བྱེད། །འཛམ་གླིང་མི་དང་སྲོག་ཆགས་ཆེ་ཆུང་ཀུན། །ནད་རིགས་སྔོན་འགོག་ལུས་ཁམས་བདེ་སྲུང་ཐུབ། །རྒྱུན་རིང་འཚོ་གནས་བྱེད་པའི་ནུས་པ་ལྡན། །བོད་ཀྱི་ཡུལ་དུ་སྐྱེས་པའི་སྔོ་སྨན་རྣམས། །ཟད་གྲོན་སྲུང་སྐྱོབ་ཡང་དག་ཐུབ་གྱུར་ན། །བོད་ཀྱི་ཡུལ་དུ་བཞུགས་པའི་ལྷ་རྗེ་ཡིས། །སྐལ་བ་ཇི་སྲིད་བར་དུ་ནད་པའི་ཆེད། །བེད་སྤྱོད་བཏང་ཡང་སྨན་རྒྱུ་འདང་ངེས་རེད། །མ་ཟད་སྔོ་སྨན་ནུས་པས་ནད་ཡམས་རིགས། །མི་འབྱུང་སྔོན་འགོག་ཐུབ་པའི་ནུས་པ་ལྡན། །དེ་ཕྱིར་བོད་ཡུལ་སྐྱེས་པའི་སྔོ་སྨན་རྣམས། །སྲུང་སྐྱོབ་བྱེད་རྒྱུ་མི་རབས་འདི་རྣམས་ཀྱི །ཕྲག་པའི་ཐོག་ཏུ་བབས་པའི་ལས་འགན་ཡིན། །རང་ཅག་མེས་པོ་མཁས་དབང་རིམ་རྒྱུད་ཀྱིས། །ང་ཚོའི་བར་དུ་རྒྱུད་སྤྲོད་སྲུང་སྐྱོབ་མཛད། །ང་ཚོས་མ་འོང་ཕྱི་རབས་རྗེས་འཇུག་ལ། །རྩིས་སྤྲོད་མ་ཐུབ་ད་ལྟ་སྟོངས་གྱུར་ན། །དུད་འགྲོ་ཁྱི་ཕག་ལས་ནི་ཅིས་མི་སྡུག །